ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

 བལ་ཡུལ་དུ་ཡུལ་ཐང་འཕར་བ་དང་ལས་ཀ་མེད་པར་ན་གཞོན་ཚོ་ཕྱི་ལ་བསྐྱོད། 


༄༅།། བལ་ཡུལ་དུ་ཡུལ་ཐང་འཕར་བ་དང་ལས་ཀ་མེད་པར་ན་གཞོན་སྟོང་ཕྲག་མང་པོ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ལས་ཀ་འཚོལ་དུ་མི་བསྐྱོད་ཐབས་མེད་དུ་གྱུར། ༢༠༢༡་ནས་༢༠༢༢་བར་དུ་ཆ་མཉམ་ཉི་མ་རེར་རྒྱལ་ས་ཀ་ཐ་མན་རྡུའི་ཏྲི་བྷུ་ཝན་རྒྱལ་སྤྱིའི་གནམ་ཐང་དུ་བལ་པོའི་ན་གཞོན་༡༧༤༥་རེ་ཕྱི་ལ་བསྐྱོད། དེ་རིང་ཕྱི་ཟླ་༡༡་པའི་ཚེས་༢༡་ཉིན་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལོ་འདིའི་ཕྱི་ཟླ་༨་པ་ནས་༩་པའི་བར་དུ་བལ་ཡུལ་གྱི་ལས་མི་ཕྱིར་གཏོང་ལྷན་ཁང་གིས་མི་༧༦༤༠༣་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ལས་ཀར་བསྐྱོད་ཆོག་པའི་ཆོག་མཆན་སྤྲད། ཉི་མ་རེར་བལ་པོའི་ན་གཞོན་༢༥༤༦་ཕྱི་ལ་སྐྱོད་ཀྱི་ཡོད་ཅིང་། ཨུ་མེ་ཤ་རི་ཇཱེལ་ཞེས་པ་ནི་བལ་ཡུལ་གྱི་མོ་རང་རྫོང་གི་ཀོར་སན་གྲོང་རྡལ་གྱི་ཡུལ་མི་ཞིག་ཡིན་པ་དང་བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་རྒྱལ་ས་ཀ་ཐ་མན་རྡུར་ཕྱིར་སྐྱོད་ལག་འཁྱེར་ལེན་དུ་བསླེབས། ཁོ་པའི་གྲོང་རྡལ་དེ་ནས་ཕྱིར་སྐྱོད་ལག་འཁྱེར་ཞུས་ན་དུས་ཡུན་ཟླ་བ་གཉིས་ལྷག་འགོར། ཨུ་མེ་ཤ་རི་ཇཱལ་ལ་འཕྲལ་དུ་ཕྱིར་སྐྱོད་ལག་འཁྱེར་དགོས་ཀྱི་ཡོད་པས་བལ་སྒོར་༢༥༠༠༠་སྒྲུབ་ཡོན་སྤྲོད་དགོས་དང་ཀོར་སན་གྲོང་རྡལ་ནས་ཕྱིར་སྐྱོད་ལག་འཁྱེར་བླངས་ཡོད་ན་སྒྲུབ་ཡོན་བལ་སྒོར་༥༠༠༠་ལས་སྤྲོད་མི་དགོས། ཁོ་པ་རྒྱལ་ས་ཀ་ཐ་མན་རྡུར་ཕྱིར་སྐྱོད་ལག་འཁྱེར་ཞུ་བ་དང་ལེན་དུ་བཅས་ཐེངས་གཉིས་ལ་ཡོང་དགོས་བྱུང་བས་ལམ་གྲོན་དང་མགྲོན་ཁང་། ཟས་སོང་བཅས་པ་བསྡོམས་ན་ཕྱིར་སྐྱོད་ལེག་འཁྱེར་གྱི་སྒྲུབ་ཡོན་ལས་ཀྱང་འགྲོ་གྲོན་ཆེ་བ་སོང་། ཨུ་མེ་ཤ་རི་ཇཱེལ་གྱིས་ང་ལ་སྒུག་ལོང་མེད། ང་ནི་ལོ་བདུན་གྱི་སྔོན་དུ་རང་ཡུལ་ལ་ཕྱིར་ལོག་བྱས་ཏེ་སླར་ཡང་ཕྱི་རྒྱལ་ལ་ལས་ཀ་འཚོལ་དུ་འགྲོ་རྒྱུ་ཡིན་མིན་པའི་སེམས་ཐག་བཅད་པ་ཡིན། ཡིན་ནའང་ང་བལ་ཡུལ་དུ་ཅི་ཙམ་བསྡད་ན་དེ་ཙམ་གྱིས་དཀའ་ངལ་ཇེ་ཆེ་རེད། ང་ཕྱི་རྒྱལ་ལ་ལས་ཀ་འཚོལ་དུ་མ་ཕྱིན་ན་ཕྲུ་གུ་ཚོར་སློབ་སྦྱོང་ཞིག་སྤྲོད་ཐུབ་རྒྱུ་མིན་པ་གསལ་པོ་རེད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཨུ་མེ་ཤ་རི་ཇཱེལ་གྱི་གནས་སྟངས་དེས་བལ་པོ་ཕྱི་རྒྱལ་ལ་ལས་ཀ་འཚོལ་དུ་འགྲོ་མཁན་ཕལ་མོ་ཆེའི་བདེ་སྡུག་མཚོན། ཁོ་ཚོ་མང་ཆེ་བས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཉམས་མྱོང་བསགས་ཏེ་རང་ཡུལ་ལ་ཕྱིར་ལོག་བྱས་ནས་ལག་ཤེས་དེ་རྣམས་བལ་ཡུལ་དུ་བཀོལ་སྤྱོད་བྱ་རྒྱུའི་འདུན་པ་བཅངས། བལ་ཡུལ་དུ་ལས་ཀའི་གོ་སྐབས་མེད་པ་དང་རྒྱལ་ཡོངས་དང་མངའ་སྡེ་རིམ་པའི་འོས་བསྡུ་བྱེད་པའི་སྐབས་འདིར་བལ་པོ་ཚོ་ཕྱི་རྒྱལ་ལ་ལས་ཀ་འཚོལ་དུ་འགྲོ་མཁན་སྔར་ལས་ཇེ་མང་ཡིན་འདུག ཨུ་མེ་ཤ་རི་ཇཱེལ་ནི་ལོ་བདུན་གྱི་སྔོན་དུ་སོ་ཎི་ཨ་རེ་བྷི་ཡ་ནས་རང་ཡུལ་དུ་ཕྱིར་ལོག་བྱས་ཤིང་། ཁོ་པ་བལ་ཡུལ་ལ་ཕྱིར་ལོག་བྱས་པའི་རྗེས་སུ་སྔོ་ཚོད་འདེབས་ལས་དང་དཀའ་ཆུའི་ཚོང་ལས་གཉེར། ཁོ་པའི་ཚོང་ལས་དེར་ལམ་ལྷོངས་མ་བྱུང་བའི་རྗེས་སུ་ཞིང་ལས་གཉེར་ཀྱང་མ་རྩ་བརྡིབས། ཨུ་མེ་ཤ་རི་ཇཱེལ་གྱིས་བལ་ཡུལ་དུ་ཞིང་ལས་གཉེར་རྒྱུ་ལས་སླ་པོ་མ་རེད། བལ་ཡུལ་དུ་རྫས་ལུད་རག་དཀའ་བ་དང་ཞིང་ལས་ཀྱི་ཐོན་སྐྱེད་རྣམས་འཚོང་དཀའ། ཞིང་པ་ཚོར་ཐོན་སྐྱེད་ཀྱི་རིན་འབབ་འོས་འཚམས་ཤིག་རག་གི་མི་འདུག་ཅེས་བཀྲལ། བལ་ཡུལ་གྱི་ཞིང་པ་ཚོར་དཀའ་ངལ་ཡོད་པ་ཁོ་ན་མིན་པར་ལས་རིགས་མཐའ་དག་ལ་ཞུགས་པའི་མི་དམངས་ཚོར་དཀའ་ངལ་གཅིག་མཚུངས་ཤིག་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན། བལ་ཡུལ་གྱི་དབུས་དངུལ་ཁང་གི་གཞི་གྲངས་སུ་ལོ་འདིའི་ཕྱི་ཟླ་༩་པ་གཅིག་པུར་ཟས་སོང་བརྒྱ་ཆ་༨.༦༤་འཕར། སྔ་ལོའི་ཕྱི་ཟླ་༩་པར་ཟས་སོང་བརྒྱ་ཆ་༣.༤༩་ལས་མ་འཕར། ཉམས་ཞིབ་པ་ཚོས་བལ་ཡུལ་གྱི་དངོས་ཟོག་རྣམས་ཕྱི་ནས་ནང་འདྲེན་བྱེད་དགོས་པ་དང་མི་དམངས་ཀྱི་ཉིན་རེའི་འཚོ་བར་ཐད་ཀར་དོ་ཕོག་འབྱུང་གི་འདུག བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་གིས་ཡུལ་ཐང་འཕར་བ་དང་ན་གཞོན་ཚོར་ལས་ཀའི་གོ་སྐབས་མེད་པའི་དཀའ་ངལ་སེལ་རྒྱུའི་གླེང་སློང་བྱེད་ཀྱི་མི་འདུག་ཅེས་བསྟན།།

རྟ་མང་བྷིམ་མ་ཡ་ཞེས་པ་ནི་ནུ་ཝ་ཀོ་ཏ་རྫོང་གི་ཡུལ་མི་ཞིག་ཡིན་ཞིང་། ཁོ་མོར་བུ་མོ་ལོ་༡༩་ཅན་དང་༢༡་ཅན་ཞིག་ཡོད་པ་གཉིས་སློབ་ཆུང་ཐོན་མ་ཐག་ཏུ་ཁ་ཊར་དང་དྷུ་བྷེ་ལ་གླ་གཡོག་རྒྱུག་ཏུ་བཏང་བ་ཡིན། ངས་བུ་མོ་གཉིས་ལ་མུ་མཐུད་དུ་སློབ་ཡོན་སྤྲོད་མི་ཐུབ་པ་དང་ཁོ་ཚོས་ཟ་ཁང་ཞིག་གཉེར་ན་ཁང་གླ་སྤྲོད་ཐུབ་ཀྱི་མི་འདུག ང་ཚོར་གདམ་ཀ་ཅི་ཡང་མི་འདུག ངའི་ཁྱོ་ག་ཕྱི་རྒྱལ་ལ་ལས་ཀ་འཚོ་དུ་ཕྱིན་ཏེ་བརྡབས་སྐྱོན་བྱུང་ནས་ནད་གཅོང་དུ་གྱུར་ཡོད། ང་ཚོའི་ཟ་ཁང་ལའང་རང་ཁ་གསོ་ཐུབ་པའི་ཁེ་སང་མི་འདུག་ཅེས་གསར་འགོད་པར་སྡུག་སྨྲེ་བཏོན། བལ་ཡུལ་གྱི་ཉམས་ཞིབ་པ་བྷི་སི་ཝ་སི་གྷོ་ཆན་ནས་བལ་ཡུལ་གྱིས་དངོས་ཟོག་ནང་འདྲེན་བྱས་ནས་ཡུལ་ཐང་འཕར་གྱི་ཡོད་པ་རེད། བལ་ཡུལ་གྱི་དབང་འཛིན་པ་ཚོས་ཡུལ་ཐང་འཕར་བ་འགོག་ཐབས་སུ་འབད་བརྩོན་ཅི་ཡང་བྱེད་ཀྱི་མི་འདུག་ཅེས་སྐྱོན་བཙུགས། བལ་ཡུལ་གྱི་ལོངས་སྤྱོད་པའི་ཐོབ་ཐང་སྲུང་སྐྱོབ་གླེང་སྟེགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཝི་ཤ་ནུ་ཏི་མལ་སི་ནས་སྲིད་གཞུང་ཡོད་ཀྱང་མི་དམངས་ཀྱི་དཀའ་སྡུག་སེལ་ཐབས་བྱེད་ཀྱི་མེད་པས་མི་དམངས་ལ་དཀའ་ངལ་འཕྲད་ངེས་རེད། སྲིད་དོན་ཚོགས་པ་གཅིག་གིས་ཀྱང་ཡུལ་ཐང་འཕར་བ་སྟངས་འཛིན་དང་ན་གཞོན་ཚོར་ལས་ཀ་མེད་པའི་དཀའ་ངལ་འཕྲད་བཞིན་པ་སེལ་ཐབས་བྱ་རྒྱུའི་ཁས་ལེན་བྱེད་ཀྱ་མི་འདུག འདི་ནི་བལ་ཡུལ་རྒྱལ་ཁབ་དང་མི་དམངས་གཉིས་ལ་ཧ་ཅང་གི་ཐབས་རྡུགས་ཤིག་རེད་ཅེས་སྨྲས། ཡུལ་ཐང་འཕར་བའི་སྟབས་ཀྱིས་བལ་པོ་མང་པོས་བཀྲས་ལྟོགས་མྱོང་གི་ཡོད་པ་དང་མི་དམངས་ལ་གྲོད་ཁོག་རྒྱགས་པའི་བཟའ་བཏུང་མེད་པར་རྒྱལ་ཁབ་ཡར་རྒྱས་གཏོང་རྒྱུ་ཁག་པོ་རེད་ཅེས་ཉམས་ཞིབ་པ་ཚོས་ཉེན་བརྡ་བཏང་འདུག

ཕྱི་ཟླ་༡༡་པའི་ཚེས་༡༧་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཁ་ཊར་གཞུང་གིས་འཛམ་གླིང་རྐང་རྩེད་ལྒང་ལིའི་རྩེད་ཐང་འཛུགས་སྐྲུན་བྱེད་པར་༢༠༡༥་གཅིག་པུར་ཕྱི་རྒྱལ་བ་༢༠༤༠༠༠་ལ་ལས་ཀའི་ཆོག་མཆན་སྤྲད། ལོ་དེར་རྒྱ་གར་བའི་ལས་མི་མང་ཤོས་བྱུང་ཡོད་པ་དེའི་འཕྲོ་རྣམས་བལ་པོ་ཡིན་པར་མ་ཟད། ༡༩༩༤་ནས་བལ་ཡུལ་གཞུང་གིས་ཐོ་འགོད་བྱས་པའི་རྗེས་སུ་རྒྱལ་ཁབ་དེའི་མི་འབོར་གྱི་བརྒྱ་ཆ་༢༥་ཕྱི་རྒྱལ་ལ་ལས་ཀ་འཚོལ་དུ་ཕྱིན་འདུག་ཅེས་གསལ། ཕྱི་ཟླ་༡༡་པའི་ཚེས་༢༠་ཉིན་ཁ་ཊར་རྒྱལ་ཁབ་ཏུ་འཛམ་གླིང་གི་རྐང་རྩེད་ལྒང་ལིའི་འགྲན་སྡུར་དངོས་སུ་འགོ་ཚུགས། བལ་པོ་ཤཱམ་བྷུ་ཅོ་དྷ་རི་ཞེས་པ་ནི་རྐང་རྩེ་ལྒང་ལིའི་འགྲན་སྡུར་འཚོགས་ཡུལ་རྩེད་ཐང་དེ་འཛུགས་སྐྲུན་བྱེད་མཁན་གྲས་ཤིག་ཡིན་པ་དང་ཁོ་པས་ཨ་སྒོར་དུང་ཕྱུར་བཅུའི་རྩེད་ཐང་རེད་ཅེས་ངག་ནས་ཐལ། ད་ལྟ་ཁོ་པ་ལོ་༤༤་ཡིན་པ་དང་ཅོ་དྷ་རི་ལྟ་བུའི་ཕྱི་རྒྱལ་གྱི་ངལ་རྩོལ་བ་མེད་པར་ཁ་ཊར་གཞུང་གིས་འཛམ་གླིང་ཡོངས་སུ་ངོམ་སོ་བྱེད་ཆོག་པའི་རྩེད་ཐང་དེ་རྣམས་གྲུབ་ཐབས་བྲལ། རྒྱ་གར་དང་བལ་ཡུལ་སོགས་ཀྱི་ཕྱི་མི་ངལ་རྩལ་བ་རྣམས་ཏ་ཟིག་མཚོ་ཁུག་གི་འབྱོར་ལྡན་རྒྱལ་ཁབ་ཁག་གི་ཚོང་ལས་དང་སྙིང་རྗེ་མེད་པའི་མ་རྩ་རིང་ལུགས་པ་རྣམས་ཀྱི་ཟུངས་ཤུགས་སུ་གྱུར། ཕྱི་རྒྱལ་གྱི་ངལ་རྩོལ་བ་མེད་པར་ཁ་ཊར་གཞུང་གིས་ཨ་སྒོར་ཐེར་འབུམ་༢༢༠་ཐམ་པའི་འཛམ་གླིང་གི་རྐང་རྩེད་ལྒང་ལིའི་རྩེད་ཐང་དེ་རྣམས་ནམ་ཡང་འཛུགས་སྐྲུན་བྱེད་མི་ཐུབ། འདས་པའི་ལོ་བཅུ་ཕྲག་གཅིག་གི་རིང་ཁ་ཊར་གཞུང་གིས་ཕྱི་རྒྱལ་གྱི་ངལ་རྩོལ་བ་ཚོར་བཤུ་གཞོག་དང་སྡུག་ལས་བཀོལ། ངལ་རྩོལ་བ་སྟོང་ཕྲག་མང་པོས་ཚེ་སྲོག་གིས་འགྲོ་གྲོན་བཏང་ནས་རྩེད་ཐང་དེ་རྣམས་ལེགས་གྲུབ་བྱུང་བ་རེད་ཅེས་གནས་ཚུལ་སྤེལ་འདུག

ནེའུ་ཡོཀ་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཁ་ཊར་རྒྱལ་ཁབ་ཀྱིས་འཛམ་གླིང་གི་རྐང་རྩེད་ལྒང་ལིའི་རྩེད་ཐང་འཛུགས་སྐྲུན་བྱེད་མཁན་ངལ་རྩོལ་བ་བསྡུ་རྒྱུ་མང་དྲགས་པ་དང་རྒྱལ་ཁབ་ཇི་སྙེད་ཅིག་ནས་བསྡུས། ད་ལྟའི་བར་དུ་འཛུགས་སྐྲུན་གྱི་རྒྱུད་རིམ་ཁྲོད་དུ་ངལ་རྩོལ་བ་ཅི་ཙམ་ཤི་ཡོད་མེད་ཀྱི་གྲངས་ཐོ་གསལ་པོ་ཞིག་བསྡུ་མ་ཐུབ། ད་ལོའི་ཕྱི་ཟླ་༦་པར་ཁ་ཊར་གྱི་དྷོ་ཧ་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་ལས་མི་ཚོར་ཟླ་བ་རེར་ཨ་སྒོར་༣༠༠་ཐམ་པའི་གླ་ཕོགས་ཀྱང་སྤྲོད་ཀྱི་མེད་པ་རྩད་གཅོད་བྱུང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཁ་ཊར་གྱི་རྐང་རྩེད་ལྒང་ལིའི་རྩེད་ཐང་ཁག་འཛུགས་སྐྲུན་བྱས་པའི་རིང་དེར་ལས་མི་སྟོང་ཕྲག་མང་པོ་ཤི་ཡོད་པའི་ཚོད་དཔག་བྱས་འདུག ཁ་ཊར་གཞུང་གིས་མི་༣༧་མ་གཏོགས་ཤི་མེད་ཅེས་གྲངས་ཐོ་བཏོན། ༢༠༡༠་བཟུང་སྟེ་ཉུང་མཐའ་ཡང་བལ་པོ་༢༡༠༠་ལྷག་ཁ་ཊར་གྱི་འཛམ་གླིང་རྐང་རྩེད་ལྒང་ལིའི་རྩེད་ཐང་ཁག་འཛུགས་སྐྲུན་བྱས་ནས་ཤི་འདུག་ཅེས་བལ་ཡུལ་གྱི་ལས་རྩོལ་ལྷན་ཁང་གི་ཐོ་གཞུང་དུ་འཁོད། ༢༠༢༢་ལོའི་ཕྱི་ཟླ་༥་ནང་འཛམ་གླིང་རྐང་རྩེད་ལྒང་ལིའི་རྩེད་འགྲན་ཚོགས་ཆུང་གི་འགན་འཛིན་ཨིན་ཧྥན་ཊི་ནོས་རྩེད་ཐང་འཛུགས་སྐྲུན་བྱེད་མཁན་ཚོས་རང་གི་ལག་རྗེས་ལ་སྤོབས་ངོམ་བྱེད་ཆོག་ཅེས་བསྒྲགས། བལ་པོ་ཅོ་དྷ་རིས་ང་ལ་མཚོན་ན་རྩེད་ཐང་དེ་འཛུགས་སྐྲུན་གྱི་ལས་ཀ་ཞིག་རེད། ང་ཚོར་གླ་ཕོགས་ཀྱི་དངུལ་སྒོར་དེ་གལ་འགངས་ཆེན་པོ་ཡིན་པ་ལས་རྐང་རྩེད་ལྒང་ལི་ཅི་ཡང་མིན་ཞེས་གསར་འགོད་པའི་དྲི་བར་ལན་བཏབ། བལ་ཡུལ་ལ་བཟོ་ལས་དར་མེད་པ་དང་ལས་མི་མང་བ། འཛམ་གླིང་རྐང་རྩེད་ལྒང་ལིའི་རྩེད་ཐང་འཛུགས་སྐྲུན་བྱ་རྒྱུ་ནི་བལ་པོ་ཚོར་ལས་ཀའི་གོ་སྐབས་མཆོག་ཏུ་གྱུར་པ་ཞིག་ཡིན་ཞིང་། བལ་ཡུལ་གྱི་ལས་མི་ཕྱིར་གཏོང་ལྷན་ཁང་གི་མགྲིན་ཚབ་པ་བྷུ་སལ་གྱིས་༢༠༢༡་ལོར་བལ་པོ་རྣམས་ཕྱི་རྒྱལ་ལ་ལས་ཀར་བསྐྱོད་ཡུལ་གཙོ་བོ་ཞིག་ཁ་ཊར་རེད་ཅེས་བཤད། སྔ་ལོ་གཅིག་པུར་བལ་པོ་༦༥༠༠༠༠་ལྷག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ལས་ཀར་བསྐྱོད་རྒྱུའི་གན་རྒྱ་བཞག བལ་ཡུལ་གཞུང་གིས་ལས་མི་ཕྱི་ལ་བཏང་ནས་རྒྱལ་ཁབ་དེའི་དཔལ་འབྱོར་ལ་ཕན་ཐོགས་ཆེན་པོ་འབྱུང་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG