ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཨི་རན་གྱི་ཀུན་སྤྱོད་ཉེན་རྟོག་པ་མེད་པར་གཏང་རྒྱུའི་གསལ་བསྒྲགས། 


༄༅།། འདས་པའི་ཟླ་བ་གསུམ་མ་ཟིན་ཙམ་ལ་ཨི་རན་རྒྱལ་ཡོངས་སུ་ཀུན་སྤྱོད་ཉེན་རྟོག་པ་དང་བུད་མེད་ཚོས་མགོ་རས་གྱོན་དགོས་པའི་ཁྲིམས་ལ་ངོ་རྒོལ་བྱུང་། གཟའ་མཇུག་དེར་ཨི་རན་གཞུང་གིས་ཀུན་སྤྱོད་ཉེན་རྟོག་པ་མེད་པར་བཏང་སྟེ་བུད་མེད་ཚོས་མགོ་རས་གྱོན་ནས་སྐྲ་དགབ་དགོས་པའི་ཁྲིམས་ལ་བསྐྱར་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༢་པའི་ཚེས་༤་ཉིན་ཝོལ་སི་ཊི་རི་ཊི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨི་རན་གྱི་སྤྱི་ཁྱབ་ཁྲིམས་འཛིན་པ་མོན་ཏ་ཛེ་རི་ཡིས་རྒྱལ་ཁབ་དེའི་ཀུན་སྤྱོད་ཉེན་རྟོག་པ་ཟེར་བའི་སྒྲིག་འཛུགས་དེ་མེད་པར་བཏང་བ་ཡིན། ཨི་རན་གྱི་གྲོས་ཚོགས་དང་ཁྲིམས་འཛིན་ལྷན་གཉིས་ཀས་བུད་མེད་ཚོས་སྤྱི་དམངས་ཁྲོད་དུ་མགོ་རས་གྱོན་ནས་སྐྲ་དགབ་དགོས་པའི་ཁྲིམས་ལ་བསྐྱར་ཞིབ་བྱ་རྒྱུའི་བསམ་ཞིབ་བྱེད་བཞིན་ཡོད་ཅེས་བསྒྲགས། ཉམས་ཞིབ་པ་ཚོས་ཨི་རན་མི་དམངས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པ་དང་རྙིང་ཞེན་མཁྲེགས་འཛིན་གྱི་ཆོས་ལུགས་འགོ་ཁྲིད་ཚོ་ཅི་བྱ་གཏོལ་མེད་དུ་གྱུར་ནས་མང་ཚོགས་ཀྱི་ཁོང་ཁྲོ་ཞི་རུ་འཇུག་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་སྨྲས། སྲིད་འཛིན་ཨིབ་ར་ཧིམ་ར་ཡེ་སིས་ཀྱང་ཨི་རན་གྱི་ཁ་ཆེའི་ལམ་སྲོལ་རྣམས་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་བཀོད་མོད། འོན་ཀྱང་རྩ་ཁྲིམས་ཀྱི་འབྲུ་དོན་ཁག་ལག་ལེན་བསྟར་ཕྱོགས་ནི་སྤྱི་ཚོགས་ཀྱི་དགོས་མཁོར་གཞིགས་ནས་འགྱུར་བ་གཏོང་ཆོག་པ་ཞིག་རེད་ཅེས་སྤྱི་ཁྱབ་ཁྲིམས་འཛིན་པའི་གཏམ་བཤད་ལ་རྒྱབ་སྐྱོར་གྱི་ཚུལ་དུ་ཚིག་འགའ་བསྣན། ཨི་རན་གྱི་ཀུན་སྤྱོད་ཉེན་རྟོག་པས་མགོ་རས་མ་གྱོན་པ་དང་སྐྲ་བཀབ་མེད་པའི་བུད་མེད་རྣམས་འཛིན་བཟུང་བྱས་ནས་རྡུང་རྡེག་དང་བཀག་ཉར། ཐ་ན་བཙོན་འཇུག་བྱས་ནས་ཁ་ཆེའི་ཆོས་ཁྲིམས་ཧ་ཅང་དམ་པོ་ཞིག་ལག་ལེན་བསྟར། ཡུ་རོབ་རྒྱལ་ཁབ་ནོར་ཝེ་རུ་གནས་འཁོད་ཀུར་དཱི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་རན་གྱི་མངའ་ཁོངས་སུ་བསྡུས་པའི་ཀུར་དཱི་མི་རིགས་ཀྱི་གྲོང་ཁྱེར་མ་ཧ་བྷ་དཱ་དང་བྷུ་ཀན་གཉིས་སུ་མི་མང་གིས་མེ་བརྒྱབ་སྟེ་རྒྱ་ལམ་བཀག་ནས་ངོ་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཨི་རན་གྱི་སྤྱི་ཁྱབ་ཁྲིམས་འཛིན་པ་མོན་ཏ་ཛེ་རིའི་གཏམ་བཤད་ཀྱིས་རྒྱལ་ཁབ་དེའི་ཆོས་སྲིད་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་ཨ་ཡ་ཏོ་ལ་ཨ་རི་ཧོ་མེ་ནིའི་དགོངས་པ་མཚོན་ཐུབ་མིན་དང་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ནིའི་དགོངས་གཞི་ལྟར་ཨི་རན་གྱི་མགོ་རས་བཅའ་ཁྲིམས་ལ་འགྱུར་བཅོས་གཏོང་གི་ཡོད་པ་ཡིན་ནམ། ཡང་ན་ཨི་རན་གྱི་ངོ་རྒོལ་ལས་འགུལ་ཁག་ཞི་འཇམ་གཏོང་ཐབས་སུ་གནས་སྐབས་རིང་མགོ་རས་ཀྱི་བཅའ་ཁྲིམས་ཕྱི་བསྡུ་བྱེད་ཀྱི་ཡོད་པ་ཡིན་མིན་གསལ་པོ་མེད་ཅིང་། རྒྱལ་ས་ཐེ་རན་གྱི་སྤྱི་དམངས་ཐོབ་ཐང་རྩོད་ལེན་ལས་འགུལ་བ་ཨ་ཊི་ན་ཌི་ཡ་མཱི་ཞེས་པ་ཞིག་གིས་ངོ་རྒོལ་ལས་འགུལ་ལངས་པའི་རྗེས་སུ་ཀུན་སྤྱོད་ཉེན་རྟོག་པ་རྣམས་མཐོང་ཐོས་འབྱུང་རྒྱུ་ཉུང་དུ་ཕྱིན་སོང་། གལ་སྲིད་ངོ་རྒོལ་ལས་འགུལ་རྣམས་ཞི་འཇམ་ཕྱིན་ན་ཨི་རན་གཞུང་གིས་ཀུན་སྤྱོད་ཉེན་རྟོག་སྒྲིག་འཛུགས་སླར་གསོ་བྱེད་པའམ། ཡང་ན་བྱ་ཐབས་གཞན་ཞིག་བརྒྱུད་ནས་བུད་མེད་ཚོར་མང་ཚོགས་ཁྲོད་དུ་མགོ་རས་གྱོན་ནས་སྐྲ་དགབ་དགོས་ཞེས་བཙན་ཁྲིམས་བཅའ་ངེས་རེད། ཁ་ཆེའི་ཆོས་ཁྲིམས་ལྟར་མགོ་རས་མི་གྱོན་པའི་བུད་མེད་ཚོ་སྔར་བཞིན་ཁྲིམས་ལ་སྦྱོར་རྒྱུ་ཡིན་པ་དང་ང་ནི་ཀུན་སྤྱོད་ཉེན་རྟོག་སྒྲིག་འཛུགས་མེད་པར་བཏང་བ་རེད་ཟེར་བའི་སྐད་ཆ་དེར་ཡིད་ཆེས་མེད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག ཨི་རན་གྱི་ཆེས་མཐོའི་འགོ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ནིས་བུད་མེད་ཚོས་སྤྱི་དམངས་ཁྲོད་དུ་མགོ་རས་གྱོན་ནས་སྐྲ་དགབ་དགོས་ཟེར། དེས་ན་ཨི་རན་གྱི་ཀུན་སྤྱོད་ཉེན་རྟོག་པའི་སྒྲིག་འཛུགས་མེད་པར་གཏོང་དགོས་མིན་ནི་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ནི་དང་ཨི་རན་གྱི་ཆེས་མཐོའི་རིག་གནས་གསར་བརྗེའི་ལྷན་ཚོགས་ཀྱི་འཐུས་མི་ཚོས་ཐག་གཅོད་དགོས་པ་ཞིག་ཡིན་འདུག

དེང་སྐབས་བྱང་ཨ་རིའི་རྒྱལ་ཁབ་ཁེ་ན་ཌར་གནས་འཁོད་ཨི་རན་བ་ཨ་ཛམ་ཇཱང་ར་ཝི་ཞེས་པ་ཞིག་གིས་ཨི་རན་མི་དམངས་ལ་དགའ་མོས་མེད་པ་དེ་མགོ་རས་ཁོ་ན་མ་རེད། ཨི་རན་གྱི་ཁ་ཆེའི་སྤྱི་མཐུན་ལམ་ལུགས་དེ་རེད། གལ་ཏེ་ཨི་རན་གཞུང་གིས་བུད་མེད་ཚོས་མགོ་རས་གྱོན་དགོས་པའི་ཁྲིམས་དེ་མེད་པར་བཏང་ཡང་སྲིད་གཞུང་འཕོ་འགྱུར་གཏོང་དགོས་པའི་འདུན་པ་ཉམས་མི་སྲིདཅེས་རྒྱལ་ཁབ་དེའི་མི་དམངས་ཀྱི་མངོན་འདོད་ཅི་ཡིན་གསལ་པོར་བཤད། སྔོན་ཆད་ཨ་ཛམ་ཇཱང་ར་ཝི་མགོ་རས་ཀྱི་ཁྲིམས་ལ་ངོ་རྒོལ་བྱས་པའི་ལས་འགུལ་ཁག་ཏུ་ཞུགས་ཏེ་བཙོན་དུ་ཚུད། ཨི་རན་གྱི་སྤྱི་ཁྱབ་ཁྲིམས་འཛིན་པ་མོན་ཏ་ཛེ་རི་ཡིས་ཟླ་མཇུག་འདིར་མགོ་རས་ཀྱི་ཁྲིམས་ལ་འགྱུར་བ་གཏོང་རྒྱུ་ལག་ལེན་བསྟར་འཆར་ཡོད། ང་ཚོས་མགོ་རས་ཀྱི་གནད་དོན་མྱུར་དུ་ཐག་བཅད་དེ་ཐབས་ལམ་མཁས་པོ་ཞིག་འཚོལ་གྱི་ཡོད། ཨི་རན་གཞུང་གི་འབྲེལ་ཡོད་ལྷན་ཁང་ཁག་གིས་༢༠༠༥་ལོར་གསར་དུ་བཙུགས་པའི་ཀུན་སྤྱོད་ཉེན་རྟོག་པའི་སྒྲིག་འཛུགས་མེད་པར་གཏོང་དགོས་པའི་གྲོས་གཞི་བཏོན་པ་རེད། ཨི་རན་གྱི་ཁ་ཆེའི་ཁྲིམས་ལུགས་དང་མཐུན་པའི་ཁྲིམས་ཁང་ཁག་གིས་མུ་མཐུད་དུ་སྤྱི་དམངས་ཀྱི་ཀུན་སྤྱོད་ལ་རྟོག་ཞིབ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག ཉེ་ཆར་ལོ་ན་༢༢་ལ་སོན་པའི་ཨི་རན་གྱི་ན་གཞོན་མ་མཱ་ས་ཨ་མཱི་ནེ་ཞེས་པ་ཞིག་གིས་མགོ་རས་ཚུལ་བཞིན་གྱོན་མི་འདུག་ཅེས་ཀུན་སྤྱོད་ཉེན་རྟོག་པས་བཟུང་། ཁོ་མོ་ཀུན་སྤྱོད་ཉེན་རྟོག་པའི་བཀག་ཉར་འོག་ཏུ་ཤི་སྟེ་ཨི་རན་གྱི་བུད་མེད་དང་སློབ་ཕྲུག་བུ་མོ་ཚོས་འགོ་ཁྲིད་ནས་ངོ་རྒོལ་ལས་འགུལ་ལངས། ཨི་རན་གྱི་སྐྱེས་པ་རྣམས་དང་ཕོ་གསར་ཚོས་ཀྱང་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱས་ནས་བུད་མེད་ཚོར་གཉའ་གནོན་བྱེད་པའི་ཁྲིམས་དེར་ངོ་རྒོལ་བྱས་པར་མ་ཟད། བུད་མེད་མང་ཆེ་བས་མགོ་རས་མེར་བསྲེགས་པ་དང་སྤྱི་དམངས་ཁྲོད་དུ་མགོ་རས་མ་གྱོན། ཨི་རན་གྱི་ན་གཞོན་ཚོས་མགོ་རས་གཅིག་པུར་ངོ་རྒོལ་བྱེད་ཀྱི་ཡོད་པ་ཞིག་མིན། ང་ཚོས་ཨི་རན་གྱི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་སྒེར་གཅོད་གཞུང་དེ་མགོ་རྟིང་སློག་དགོས་པའི་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་འདུན་པ་བཏོན།།

དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་གནས་འཁོད་ཨི་རན་གྱི་ཉམས་ཞིབ་པ་མཱ་ས་ཨ་ལི་མར་དྷ་ཎི་ཞེས་པ་ཞིག་གིས་བཤད་པ་ལྟར་ན། ཨི་རན་གྱི་འགོ་ཁྲིད་ཚོས་ངོ་རྒོལ་བ་ཚོར་གུ་བཤངས་བྱས་ན་སྲིད་གཞུང་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་མེད་པར་འགྱུར་རྒྱུ་ཡིན་མིན་ཉམས་ཚོད་ཀྱི་ཡོད་པ་རེད། ཁོ་ཚོ་ཡི་ཐང་ཆད་ནས་ཚུལ་འཆོས་ཀྱི་གུ་བཤངས་ཤིག་བྱས་ཏེ་ངོ་རྒོལ་ལས་འགུལ་རྣམས་ཞི་འཇམ་འགྲོ་རུ་འཇུག་ཐབས་ཤིག་བསྟེན་གྱི་ཡོད་པར་སྣང་། ཨི་རན་གཞུང་གི་ཐབས་ཇུས་འདིས་མི་མང་གི་ངོ་རྒོལ་ཞོད་འཇགས་གཏོང་མི་ཐུབ། སྲིད་གཞུང་རྦད་དེ་འཕོ་འགྱུར་གཏོང་དགོས་པའི་སྐད་འབོད་བྱེད་ཀྱི་ཡོད་པའང་འགོག་མི་ཐུབ་ཅེས་བཀྲལ། ༢༠༠༥་ནས་༢༠༡༣་བར་དུ་སྲིད་དབང་བཟུང་བའི་ཨི་རན་གྱི་སྲིད་འཛིན་རྙིང་ཞེན་མཁྲེགས་འཛིན་པ་ཨ་མ་ཌི་ཎི་ཇཱའི་དུས་སུ་ཨི་རན་གྱི་ཀུན་སྤྱོད་ཉེན་རྟོག་པ་བཙུགས། ཁོ་པས་ཨི་རན་གྱི་བུད་མེད་ཚོས་མགོ་རས་གྱོན་ནས་སྐྲ་དགབ་གོས་པའི་བཅའ་ཁྲིམས་དེ་ལག་ལེན་ནན་པོ་བསྟར། དེའི་རྗེས་སུ་ཨི་རན་གྱི་སྤྱི་ཚོགས་སུ་བུད་མེད་ཀྱིས་མགོ་རས་གྱོན་རྒྱུ་ཉུང་དུ་ཕྱིན་པའི་རྣམ་པ་ཞིག་ཐོན། ད་ཐེངས་ཀྱི་ངོ་རྒོལ་ལས་འགུལ་མ་ལངས་གོང་གི་འདུན་ཕྲག་འགའ་ཞིག་གི་སྔོན་དེར་སྲིད་འཛིན་ལས་ཐོག་ཨིབ་ར་ཧིམ་ར་ཡེ་སི་ཡིས་བུད་མེད་ཀྱིས་མགོ་རས་གྱོན་དགོས་པའི་ཁྲིམས་དེ་ལག་ལེན་ནན་པོ་བསྟར་དགོས་ཞེས་བཀའ་ཕབ། བདུན་ཕྲག་སྔོན་མར་ཨི་རན་གྱི་རྙིང་ཞེན་མཁྲེགས་འཛིན་ཅན་གྱི་གྲོས་ཚོགས་འཐུས་མི་ཨ་ན་བྷེ་ས་ཏ་ཎི་ཞེས་པ་ཞིག་གིས་མགོ་རས་མ་གྱོན་པ་དང་མགོ་རས་གྱོན་འདོད་མེད་པའི་བུད་མེད་རྣམས་གཞུང་གིས་འཛིན་བཟུང་བྱས་མྱོང་ཡོད་པ་མ་རེད་ཅེས་ཨི་རན་གྱི་གསར་འགྱུར་ལས་ཁང་ཁག་གིས་གསར་འགྱུར་སྤེལ་དགོས་པའི་ནན་སྐུལ་བྱས་འདུག

ཁ་སང་གཟའ་ཉི་མའི་ཉིན་ཨ་རིའི་སི་བྷི་ཨེ་སི་གསར་འགྱུར་ལས་ཁང་གིས་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷ་ལིན་ཁེན་ལ་ཨི་རན་གཞུང་གི་ཁྱབ་བསྒྲགས་དེས་ཟླ་བ་གསུམ་མ་ཟིན་ཙམ་གྱི་ངོ་རྒོལ་ལས་འགུལ་ཁག་མཚམས་ཆོད་རྒྱུ་རེད་དམ་ཞེས་འདྲིས། ཁོང་གིས་ཨི་རན་གཞུང་གི་གསལ་བསྒྲགས་དེ་ངོ་རྒོལ་ལ་བསམ་ཞིབ་དང་བཟང་ཕྱོགས་ཀྱི་གོམ་སྟབས་ཤིག་ཡིན་སྲིད། ང་ཚོས་ཨི་རན་གཞུང་གིས་ཁྱབ་བསྒྲགས་དེ་དངོས་སུ་ལག་ལེན་གང་འདྲ་ཞིག་བསྟར་རྒྱུ་ཡིན་མིན་དང་ཨི་རན་མི་དམངས་ཀྱིས་དེ་ལ་ཅི་ཞིག་བསམ་གྱི་ཡོད་པ་རྣམས་བལྟ་དགོས་ཀྱི་འདུག འདི་ནི་ཨི་རན་མི་དམངས་ལ་ཐུག་ཡོད་པ་དང་ཨི་རན་མི་དམངས་ཀྱིས་ཅི་ཞིག་བྱ་དགོས་པ་ཐག་གཅོད་དགོས་ཞེས་ལན་བཏབ། ཨི་རན་གཞུང་གིས་ངོ་རྒོལ་ལས་འགུལ་ཁག་ལ་དྲག་གནོན་བྱས་ནས་བྱིས་པ་དང་བུད་མེད་ཚོར་སྲོག་སྐྱོན་འཕོག་རྒྱུ་ཇེ་མང་ཕྱིན་ནས་བཟུང་། ཕྱི་ཟླ་༩་པ་དང་༡༠་གཉིས་སུ་ཨ་མི་རི་ཀས་ཨི་རན་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་ཤུགས་ཆེ་རུ་བཏང་ཞིང་། ཨ་མི་རི་ཀས་ཉེས་ཆད་གཅོད་ཡུལ་དེ་དག་གི་གྲས་སུ་ཨི་རན་གྱི་ཀུན་སྤྱོད་ཉེན་རྟོག་པ་དང་མཐོ་རིམ་འགོ་ཁྲིད་ཁག ཨི་རན་གྱི་བཙོན་ཁང་ཁག་གི་མཐོ་རིམ་ལས་སྣེ་ཚོ་དང་བདེ་འཇགས་མི་སྣ། དམག་མི་སོགས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་མཁན་རྣམས་འདུས། ཨི་རན་གཞུང་གིས་ཨི་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིའི་ཚ་མོ་ཚུད་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་ཁྲི་ཚོ་འགའ་ཞིག་འཛིན་བཟུང་བྱས་པ་དང་མི་༥་ལ་སྲོག་ཁྲིམས་བཅད། བུད་མེད་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་གཉིས་དང་ཨི་རན་གྱི་རྐང་རྩེད་ལྒང་ལི་རྩེད་འགྲན་པ་གྲགས་ཅན་ཝོ་རི་ཡ་གྷ་ཧྥི་རི་སོགས་འཛིན་བཟུང་བྱས་ཤིང་། ཝོ་རི་ཡ་གྷ་ཧྥི་རིས་སྤྱི་ཚོགས་དྲྭ་ལམ་དུ་ཨི་རན་གཞུང་གིས་ཀུར་དཱི་མི་དམངས་རྣམས་དམར་གསོད་བྱེད་ཀྱི་འདུག་ཅེས་འཕྲིན་ཐུང་ཞིག་སྤེལ། དེ་བཞིན་ཉེ་ཆར་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཁ་ཊར་ལ་འཛམ་གླིང་རྐང་རྩེད་ལྒང་ལིའི་འགྲན་སྡུར་ཚོགས་པའི་དུས་སུ་ཨི་རན་གྱི་རུ་ཁག་གི་རྩེད་འགྲན་པ་ཚོས་རང་གི་རྒྱལ་ཁབ་ཀྱི་རྒྱལ་གླུ་མ་བཏང་བར་མི་དམངས་ཀྱི་ངོ་རྒོལ་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་བསྟན། ཨ་མི་རི་ཀ་དང་ཨི་རན་གྱི་རུ་ཁག་གིས་འགྲན་སྡུར་བྱས་པའི་སྐབས་སུ་ཨ་རིར་ཐོབ་སྟེ་དགའ་བསུ་ཞུ་མཁན་ཨི་རན་བ་ཞིག་ལ་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་བསད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG