ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

༧གོང་ས་མཆོག་ལ་བྷ་ར་ཏ་རཏྣ་འབུལ་དགོས་པའི་རྒྱབ་གཉེར།


༄༅།། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་བྷ་ར་ཏ་རཏྣ་འབུལ་དགོས་པའི་རྒྱབ་གཉེར་བྱེད་བཞིན་ཡོད་ཅིང་། དཔེར་ན་ཀོང་རེ་སི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཤ་ཤི་ཐ་རུར་གྱིས་སྤྱི་ཚོགས་དྲྭ་ལམ་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་སྤྱི་དམངས་གཟེངས་རྟགས་བྷ་ར་ཏ་རཏྣ་འབུལ་དགོས་པའི་ལས་འགུལ་ཞིག་སྤེལ་གྱི་ཡོད་པར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ༧གོང་ས་ཏཱ་ལའི་བླ་མཆོག་གི་ཁྱད་དུ་འཕགས་པའི་ཤེས་རབ་དང་སྙིང་རྗེ། ཁོང་གི་བག་ཕེབས་ཀྱི་བཞད་གད་བཅས་ཀྱིས་ང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་། ཁོང་གི་མཛད་རྗེས་ལ་སེམས་གཏིང་ནས་ཡིད་སྨོན་ཞུ་ཡི་ཡོད། དེ་རིང་ངས་རྒྱ་གར་གྱི་ཆེས་མཐོའི་སྤྱི་དམངས་གཟེངས་རྟགས་བྷ་ར་ཏ་རཏྣ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་འབུལ་དགོས་པའི་རྒྱབ་སྐྱོར་ཆ་ཚང་ཞུ་རྒྱུ་ཡིན་ཞེས་འཕྲིན་ཐུང་ཞིག་སྤེལ་འདུག

རྒྱ་གར་བྱང་ཕྱོགས་ཀྱི་ཧི་མ་ཅལ་མངའ་སྡེའི་རྡ་རམ་ས་ལའི་བྷི་ཇེ་པི་གཞུང་འཛིན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མིའི་འཐུས་མི་ཀི་ཤན་ཀ་པུར་གྱིས་ཀྱང་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་གཞུང་ནས་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏ་རཏྣ་ན་འབུལ་འོས་པ་ཞིག་རེད། ༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེའི་ཆེད་དུ་མཛད་འཕྲིན་རྒྱ་ཆེན་པོ་སྐྱོང་གི་ཡོད་པ་ཀུན་གྱིས་ཤེས་གསལ་རེད། ང་ཚོས་འདིར་འབད་བརྩོན་བྱེད་མུས་ཡིན། ཉིན་གཅིག་ཏན་ཏན་འབུལ་ཐུབ་ཀྱི་རེད་བསམ་གྱི་འདུག་ཅེས་གསུངས་འདུག དེ་བཞིན་ཧི་མ་ཅལ་མངའ་སྡེའི་འགྲིམ་འགྲུལ་བློན་ཆེན་ཟུར་པ་ཝི་ཇ་ཡ་སིང་མོན་ཀོ་ཊི་ཡས་ཀྱང་འཛམ་གླིང་འདིར་ཐམས་ཅད་ཀྱིས་བརྩི་བཀུར་ཞུ་སའི་ཞི་བདེའི་དེད་དཔོན་༧གོང་ས་ཏཱ་ལའི་བླ་མ་མཆོག་ལས་ལྷག་པ་ཞིག་རྙེད་དཀའ། དེར་བརྟེན་ཁོང་ལ་བྷ་ར་ཏ་རཏྣ་གཟེངས་རྟགས་འབུལ་ཚེ། ༧གོང་ས་མཆོག་ལ་ཆེ་བསྟོད་ལས་ལྷག་པར་རྒྱ་གར་གཞུང་དང་མི་དམངས་། ཁྱད་པར་དུ་བྷ་ར་ཏ་རཏྣ་གཟེངས་རྟགས་ཀྱི་རིན་ཐང་ཆེ་རུ་འགྲོ་ངེས་རེད། རྒྱ་ནག་གཞུང་ལའང་བརྡ་ལན་ནན་པོ་ཞིག་ཐེབས་ཤས་ཆེ། ད་ལྟའི་རྒྱ་གར་གྱི་སྲིད་བློན་མོ་དྷི་ནི་བློ་སྟོབས་ལྡན་པའི་དབུ་ཁྲིད་ཅིག་ཡིན་པས་ཏན་ཏན་འབུལ་གྱི་རེད་བསམ་གྱི་འདུག ༧གོང་ས་མཆོག་ལ་གཟེངས་རྟགས་དེ་འབུལ་རྒྱུ་འཕྱི་དྲགས་མེད་ཀྱང་སྔ་དྲགས་ཡོད་པ་མ་རེད་བསམ་གྱི་མི་འདུག་བརྗོད་འདུག

བྷ་ར་ཏ་རཏྣ་གཟེངས་རྟགས་ནི་རྒྱ་གར་གཞུང་གིས་སྤྱི་དམངས་མཛད་རྗེས་གཟེངས་སུ་ཐོན་པ་རྣམས་ལ་སྤྲོད་ཀྱི་ཡོད་པ་སྟེ། ༡༩༥༤་ལོའི་ཕྱི་ ཟླ་༡་ཚེས་༢་ཉིན་བྷ་ར་ཏ་རཏྣ་གཟེངས་རྟགས་གསར་གཏོད་བྱས་ཤིང་། གཟེངས་རྟགས་འབུལ་ཡུལ་དེར་རྒྱལ་མཚམས་དང་རིགས་རུས། ཕོ་མོ་དང་ཐོབ་གོ་ས་སོགས་ཀྱི་དབྱེ་བ་མེད་པར་འགྲོ་བ་མིའི་རིགས་ལ་སྒྱུ་རྩལ་དང་རྩོམ་རིག ཚན་རིག་དང་སྤྱི་ཚོགས་བྱ་གཞག་སོགས་ལ་ལེགས་སྐྱེས་འབུལ་མཁན་ཚོར་སྤྲོད་སྲོལ་ཡོད་པར་མ་ཟད། གཟེངས་རྟགས་དེར་རྒྱ་གར་གྱི་སྲིད་བློན་ནས་རྒྱབ་གཉེར་གནང་བ་དང་སྲིད་འཛིན་གྱིས་གནང་སྲོལ་ཡོད་པའི་ལམ་ལུགས་ཤིག་ཏུ་གྱུར། གཟེངས་རྟགས་དེ་རྒྱ་གར་གྱི་ཡུལ་མི་དང་ཕྱི་རྒྱལ་བ་ཚང་མར་འབུལ་སྲོལ་ཡོད་པ་ཞིག་ཡིན་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེར་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG