ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་བ་གཞིས་ཆགས་ཁག་ཏུ་ཕེབས་འབྱོར།


༄༅།། བྷེང་ལོར་ལྷོ་སྤྱི་ལས་ཁུངས་ནས་གོ་སྒྲིག་ཞུས་པ་ལྟར་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སུ་ཇཱི་ཏ་ཀུ་མར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་དང་དགོན་སྡེ་ཁག་ཏུ་འཚམས་གཟིགས་སུ་ཕེབས་ཡོད་ཅིང་། དེ་རིང་ཕྱི་ཟླ་༥་པའི་ཚེས་༡༧་ཉིན་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་མང་ཚོགས་ལ་གསུང་བཤད་གནང་ཞིང་། ཁོང་གིས་རྒྱ་གར་གྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྔོན་མ་ཚོས་བོད་དོན་ཐད་མཛད་འགན་ཆེན་པོ་བཞེས་ཡོད་པ་རེད། ངས་ཀྱང་བོད་དོན་ནི་ལས་འགན་ཆེན་པོ་ཞིག་ལ་རྩི་བཞིན་ཡོད། ང་ལ་རང་ཉི་རྒྱ་གར་གྲོས་ཚོགས་ཀྱི་བོད་པོའི་གྲོགས་པོ་ཞིག་ཡིན་སྙམ་པའི་འདུ་ཤེས་ཡོད་པ་ཇི་བཞིན་ཁྱེད་རང་ཚོས་ཀྱང་ཡིད་ཆེས་བྱེད་ཆོག ངས་བོད་དོན་ལ་ཆབ་སྲིད་ཐོག་ཏུ་རྒྱབ་སྐྱོར་གང་ཐུབ་ཞུ་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད་ཅེས་བཤད་འདུག

སྐུ་ཞབས་སུ་ཇཱི་ཏ་ཀུ་མར་གྱིས་མུ་མཐུད་དུ་བརྗོད་དོན་ལྟར་ན། རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་གྱི་ཆེ་མཐོའི་གཟེངས་རྟགས་བྷ་ར་ཏ་རཏྣ་འབུལ་དགོས་ཞེས་གྲོས་ཚོགས་འཐུས་མི་གཞན་ཚོར་མཉམ་འབྲེལ་གྱིས་རྒྱལ་ཡོངས་གྲོས་ཚོགས་སུ་ལས་འགུལ་སྤེལ་དང་སྤེལ་མུས་ཡིན། རྒྱ་གར་ལ་ཆ་མཚོན་ན་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་པར་ལོ་༢༠༠་ལྷག་འགོར་ཡོད་པ་རེད། ང་ཚོའི་མི་རབས་འདིར་བོད་དོན་བདེན་མཐའ་མ་གསལ་ཡང་མི་རབས་རྗེས་མའི་སྐབས་བོད་དོན་བདེན་མཐའ་གསལ་ངེས་ཀྱི་རེ་བ་དང་ཡིད་ཆེས་མ་བརླགས་པར་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་ཅེས་ནན་བརྗོད་གནང་བར་མ་ཟད། མང་ཚོགས་ཀྱི་དྲི་བའི་སྐབས་སུ་རྒྱ་གར་གཞུང་གིས་བོད་དོན་ཐད་རྒྱ་ནག་གཅིག་གི་སྲིད་ཇུས་རྩ་འཛིན་བྱེད་ཀྱི་ཡོད་ཀྱང་སྲིད་བློན་མོ་དྷིའི་གཞུང་གིས་སྲིད་ཇུས་དེར་རིམ་གྱིས་འགྱུར་བ་གཏོང་རྒྱུའི་རྟགས་མཚན་ཞིག་མཐོང་གི་འདུག ང་དེ་ལ་ཡིད་ཆེས་ཡོད་པ་དང་ས་མཚམས་ཐད་ང་ཚོས་རྒྱ་དཀར་ནག་གི་ས་མཚམས་མ་ཡིན་པར་ཧིན་བོད་ས་མཚམས་ཞེས་འབོད་ཀྱི་ཡོད་ཅེས་གསུངས་འདུག

རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སུ་ཇཱི་ཏ་ཀུ་མར་ནི་ཕྱི་ལོ་༢༠༠༩་ལོར་བོད་ལ་ཕེབས་མྱོང་ཡོད་པ་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐེངས་གསུམ་མཇལ་མོལ་ཞུས་མྱོང་ཡོད་འདུག ༢༠༢༡་ལོར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་རྗེས་༢༠༢༡་ལོའི་ཕྱི་ཟླ་༡༢་ཚེས་༢༢་ཉིན་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་སྤྱི་མོས་ཀྱིས་བདམས། ཁོང་ཟླ་བ་འདིའི་ཕྱི་ཚེས་༡༥་ནས་ཚེས་༡༩་བར་དུ་ཉིན་ལྔའི་རིང་ཀོ་ལི་གྷལ་དོན་ལྡན་གླིང་ནས་དབུ་འཛུགས་ཀྱིས་ལྷོ་གཞིས་ཁག་ལྔར་འཚམས་གཟིགས་གནང་གི་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གིས་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG