ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༣/༠༩/༢༧

རྒྱ་གར་གྱི་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་སྒྱུར་བཅོས།


Indian Prime Minister Narendra Modi (L) sits with Bharatiya Janata Party president Amit Shah
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་གར་ནི་མི་རིགས་འདྲ་མིན་དང་ཆོས་ལུགས་སྣ་ཚོགས། རིག་གཞུང་མ་འདྲ་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། འདས་པའི་ལོ་ངོ་བརྒྱ་ཕྲག་མང་པོར་རྒྱ་གར་གྱི་སྤྱི་ཚོགས་སུ་མི་རིགས་དང་ཆོས་ལུགས། རིག་གཞུང་མ་འདྲ་བ་རྣམས་ཞི་བདེ་མཉམ་གནས་བྱས་ནས་འཛམ་གླིང་ཡོངས་ལ་མིག་དཔེ་བཟང་པོ་ཞིག་བསྟན། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་རྒྱ་གར་གྱི་གྲོས་ཚོགས་འོག་མས་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་ལ་སྒྱུར་བཅོས་བཏང་ནས་རྒྱ་གར་གྱི་མི་འབོར་ཁོངས་སུ་ཁ་ཆེ་དུང་ཕྱུར་༢་ལྷག་ཡོད་པ་དེ་དག་གི་ཁག་ཅིག་རྒྱལ་ཁབ་དེའི་སྤྱི་དམངས་སུ་འགྱུར་ཐུབ་རྒྱུ་དཀའ་ངལ་ཆེ་རུ་ཕྱིན་ཡོད་པ་སྟེ། སྔོན་ཆད་རྒྱ་གར་གྱི་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་ནང་དུ་ཨབ་གྷ་ཎི་སི་ཐན་དང་པ་ཀི་སི་ཐན། བྷང་ག་ལ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་སྐྱབས་བཅོལ་བ་ཚོས་རྒྱ་གར་གྱི་སྤྱི་དམངས་ཐོབ་ཐང་ཞུ་ཆོག་གི་ཡོད་པ་མེད་པར་བཏང་འདུག རྒྱ་གར་གྱི་གྲོས་ཚོགས་འོག་མས་མང་མོས་ཀྱིས་གྲོས་ཆོད་བཞག་པའི་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་ཟིན་བྲིས་དེར་སྐྱེ་བོ་གང་ཞིག་རྒྱ་གར་གྱི་སྤྱི་དམངས་སུ་འགྱུར་དགོས་ཚེ། མི་དེ་ཧིན་རྡུ་དང་ཡེ་ཤུ། སིག་ཆོས་ལུགས་དང་གཅེར་བུ་བ། པར་སིའི་ཆོས་ལུགས་དང་ནང་པ་བཅས་ཆོས་ལུགས་གང་རུང་ཞིག་གི་རྗེས་འཇུག་པ་ཡིན་དགོས་ཞེས་བཀོད་ཡོད་པ་ལས་ཟིན་བྲིས་དེར་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ཞེས་གསལ་མེད་ཅིང་། རྒྱ་གར་གྱི་བྷི་ཇེ་པི་གཞུང་འཛིན་ཚོགས་པའི་ལས་སྣེ་ཚོས་རྒྱལ་ཁབ་ཀྱི་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་ལ་སྒྱུར་བཅོས་གཏོང་གི་ཡོད་པར་དགོས་མཁོ་ངེས་ཅན་ཞིག་ཡོད། དེ་ནི་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཏུ་ཆོས་ལུགས་མ་འདྲ་བའི་རྗེས་འཇུག་པ་ཚོར་གཉའ་གནོན་ཕོག་གི་ཡོད་པ་རྣམས་སྐྱོབ་ཐབས་དང་སྐྱེ་བོ་དེ་དག་རྒྱ་གར་གྱི་སྤྱི་དམངས་སུ་འགྱུར་རྒྱུ་སྟབས་བདེ་རུ་བཏང་བ་ཡིན་ཞེས་བཀྲལ། འོན་ཀྱང་འབར་མའི་གཞུང་གིས་ཕྱིར་ཕུད་བཏང་བའི་རོ་ཧིན་རྒྱ་ཁ་ཆེ་དང་ཨབ་གྷ་ཎི་སི་ཐན། པ་ཀི་སི་ཐན་དང་བྷང་ག་ལ་སོགས་ནས་བྲོས་བྱོལ་དུ་ཡོང་བའི་ཁ་ཆེ་ཚོར་རྒྱ་གར་གྱི་སྤྱི་དམངས་ཐོབ་ཐང་ཞུ་ཆོག་པའི་གོ་སྐབས་སྤྲོད་ཀྱི་མེད་པ་རེད།

རྒྱ་གར་གྱི་ངོ་རྒོལ་ལས་འགུལ་བ་ཚོས་རྒྱལ་ཁབ་དེར་ཆོས་ལུགས་རྩ་འཛིན་མེད་པའི་རྩ་ཁྲིམས་ཤིག་གཏན་འབེབས་བྱུང་ཡོད་པ་སྲིད་བློན་མོ་དྷིའི་གཞུང་གིས་ནག་སུབ་གཏོང་གི་འདུག རྒྱ་གར་གྱི་རྩ་ཁྲིམས་ལ་སྒྱུར་བཅོས་བཏང་ནས་ཁ་ཆེ་ཚོ་རང་སྣང་གང་དྲན་གྱིས་འཛིན་བཟུང་དང་བཙོན་འཇུག ཐ་ན་ཁོ་ཚོས་རྒྱ་གར་གྱི་སྤྱི་དམངས་ཡིན་པ་ཁུངས་སྐྱེལ་བྱེད་མ་ཐུབ་ན་རྒྱ་གར་ནས་ཕྱིར་ཕུད་གཏོང་སྲིད། སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་སྒྱུར་བཅོས་འདི་བྷི་ཇེ་པི་སྲིད་གཞུང་གིས་ཁ་ཆེ་ཚོར་སྡང་ཟུག་བྱེད་ཀྱི་ཡོད་པའི་དཔང་རྟགས་སུ་འགོད་ཆོག ཁ་ཆེ་ཚོ་རྒྱ་གར་གྱི་སྤྱི་དམངས་རིམ་པ་གཉིས་པ་ཞིག་ལ་འགྱུར་གྱི་འདུག་ཅེས་སྐྱོན་བཙུགས། ད་ལྟ་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་སྒྱུར་བཅོས་ཀྱི་ཁྲིམས་གཞི་དེ་རྒྱ་གར་གྱི་གྲོས་ཚོགས་གོང་མར་ཕུལ་འདུག ཉམས་ཞིབ་པ་ཚོས་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ནང་དུ་ཁྲིམས་གཞི་དེར་ངོ་རྒོལ་བྱས་ནས་རྒྱལ་ཁབ་ཀྱི་ཁྲིམས་ལ་འགྱུར་རྒྱུ་ནར་འགྱངས་གཏོང་ཐུབ། ཡིན་ནའང་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ནང་དུའང་ཁྲིམས་གཞི་དེ་འགོག་མི་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། རྒྱ་གར་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་འགའ་ཤས་ཀྱིས་རྒྱ་གར་ནི་བྲམ་ཟེའི་ཡུལ་ལུང་ཞིག་ལ་བསྒྱུར་དགོས་ཞེས་མི་རིགས་དང་ཆོས་ལུགས་དབྱེ་འབྱེད་ཀྱི་གཏམ་བཤད་བྱས་ཡོད་པ་རེད།

རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཤཱ་ཤཱི་ཐ་རུར་གྱིས་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་སྒྱུར་བཅོས་ནི་སྤྱི་མཐུན་རྒྱལ་ཁབ་འདིའི་གཞི་རྩའི་ལྟ་གྲུབ་ལ་རྒྱབ་འགལ་ཕྱིན་འདུག་ཅེས་ངོ་རྒོལ་བྱས་པ་དང་། ཁ་ཆེའི་གྲོས་ཚོགས་འཐུས་མི་ཞིག་གིས་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་ཟིན་བྲིས་རལ་ནས་ངོ་རྒོལ་བྱས་ཀྱང་༢༠༡༩་ལོའི་རྒྱ་གར་གྱི་སྤྱི་ཡོངས་འོས་འདེམས་སྐབས་སུ་སྲིད་བློན་མོ་དྷིའི་གཞུང་ལ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་ཁ་ཐོབ་ཡོད་པས་རྒྱ་གར་གྱི་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་སྒྱུར་བཅོས་འདི་འགོག་ཐུབ་རྒྱུ་ཁག་པོ་ཆགས་འདུག ཐོག་མར་༢༠༡༥་ལོར་རྒྱ་གར་གཞུང་གིས་ཨ་སམ་མངའ་སྡེའི་མི་གྲངས་ས་ཡ་༣༣་ལ་༡༩༧༡་གི་སྔོན་ནས་རྒྱ་གར་གྱི་སྤྱི་དམངས་ཡིན་པ་ཁུངས་སྐྱེལ་བྱ་དགོས་ཞེས་སྲིད་ཇུས་ཤིག་ལག་ལེན་བསྟར། སྐྱེ་བོ་མང་པོ་ཞིག་གིས་རང་ཉིད་རྒྱ་གར་གྱི་སྤྱི་དམངས་ཡིན་པ་ཁུངས་སྐྱེལ་བྱེད་མ་ཐུབ་པའམ། ཡང་ན་མི་ཁག་ཅིག་མི་ཚེ་ཧྲིལ་པོར་དབུལ་ཕོངས་སུ་གནས་སུ་ལྷུང་ནས་ཆགས་ཡུལ་ངེས་གཏན་མེད་པར་འཚོ་གནས་བྱ་དགོས་བྱུང་ཞིང་། དེར་བརྟེན་རྒྱ་གར་གཞུང་གིས་མི་ས་ཡ་༡་དང་འབུམ་༩་ལྷག་ཨ་སམ་མངའ་སྡེའི་མི་འབོར་ཁོངས་སུ་མ་བཅུག ཨ་སམ་མངའ་སྡེའི་མི་འབོར་ཁོངས་སུ་མ་ཚུད་པ་མང་ཆེ་བ་བྷང་ག་ལ་ནས་བྲོས་བྱོལ་དུ་ཡོང་བའི་ཁ་ཆེ་ཡིན་པས་ཨ་སམ་མངའ་སྡེ་གཞུང་གིས་བཙོན་ཁང་འཛུགས་སྐྲུན་བྱས་ནས་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་རྣམས་བཀག་ཉར་བྱ་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད་པ་རེད།།

རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨཱ་མིཏ་ཤཱ་ཡིས་སྔ་མོ་ནས་ཨ་སམ་མངའ་སྡེར་བྷང་ག་ལ་ནས་ཁ་ཆེ་ཚོ་སིམ་འཛུལ་བྱེད་ཀྱི་ཡོད་པ་རྩ་མེད་གཏོང་དགོས་ཞེས་ལངས་ཕྱོགས་གསལ་སྟོན་བྱས་པར་མ་ཟད། ཁོང་གིས་རྒྱ་གར་རྒྱལ་ཡོངས་སུའང་སྲིད་ཇུས་གཅིག་མཚུངས་ཤིག་ལག་ལེན་བསྟར་དགོས་ཞེས་ནན་བརྗོད་བྱས་པ་དང་། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་གྲོས་ཚོགས་འོག་མར་རྒྱ་གར་གྱི་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་ལ་སྒྱུར་བཅོས་བྱ་དགོས་པའི་གྲོས་ཆོད་བཞག ནང་སྲིད་བློན་ཆེན་ཨཱ་མིཏ་ཤཱ་ཡིས་རྒྱ་གར་རྒྱལ་ཡོངས་སུ་སྤྱི་དམངས་ཡིན་པ་ཁུངས་སྐྱེལ་གྱི་ཡིག་ཆ་སྟོན་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་རྒྱུ་ཡིན་ཞེས་དམ་བཅའ་བཞག་སྟེ། ཁོང་གིས་ཨབ་གྷ་ཎི་སི་ཐན་དང་པ་ཀི་སི་ཐན། བྷང་ག་ལ་སོགས་ཀྱི་སྤྱི་ཚོགས་སུ་ཧིན་རྡུ་དང་སིག་ཆོས་ལུགས་ཀྱི་རྗེས་འཇུག་པ། ནང་པ་དང་ཡེ་ཤུའི་ཆོས་དད་པ་སོགས་ལ་གཉའ་གནོན་ཕོག་གི་འདུག ང་ཚོས་གཉའ་གནོན་ཕོག་པའི་ཆོས་ལུགས་ཁག་གི་རྗེས་འཇུག་པ་ཚོ་རྒྱ་གར་གྱི་སྤྱི་དམངས་སུ་འགྱུར་ཐུབ་པའི་གོ་སྐབས་སྤྲོད་ཀྱི་ཡོད། གལ་སྲིད་ཨབ་གྷ་ཎི་སི་ཐན་དང་པ་ཀི་སི་ཐན། བྷང་ག་ལ་སོགས་ཀྱི་ཁ་ཆེ་ཚོས་ཀྱང་རྒྱ་གར་གྱི་སྤྱི་དམངས་ཐོབ་ཐང་ཞུས་ན་ང་ཚོས་དེ་ལ་ལྷག་བསམ་ཟོལ་མེད་ཀྱིས་བསམ་གཞིག་བྱེད་ཆོག་ཅེས་བཤད། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་འཛམ་གླིང་འདིར་ཁ་ཆེའི་རྒྱལ་ཁབ་དང་ཡ་ཧུ་དཱའི་རྒྱལ་ཁབ་སོགས་ཡོད་ཆོག་པས་རྒྱ་གར་ཧིན་རྡུའི་རྒྱལ་ཁབ་ཅིག་ལ་བསྒྱུར་མི་ཆོག་པའི་རྒྱུ་མཚན་མེད་ཅེས་སྒྲུབ་བྱེད་བཀོད། ད་སྟེ་སྲིད་བློན་མོ་དྷིའི་གཞུང་གིས་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་འདི་ཧིན་རྡུའི་རྒྱལ་ཁབ་ཅིག་ལ་བསྒྱུར་རྒྱུའི་ཕུགས་བསམ་མངོན་དུ་འགྱུར་རྒྱུ་བར་ཐག་རུ་ཕྱིན་འདུག

ཉེ་ཆར་ཕྱི་ཟླ་༨་པར་སྲིད་བློན་མོ་དྷིའི་གཞུང་གིས་འཇའ་མུ་དང་ཀ་ཤི་མིར་མངའ་སྡེར་རྒྱ་གར་གྱི་རྩ་ཁྲིམས་སུ་དམིགས་བསལ་གྱི་རང་སྐྱོང་ཐོབ་ཐང་ཡོད་པ་རྣམས་ཕྱིར་བསྡུ་བྱས་པ་དང་། འཇའ་མུ་ཀ་ཤ་མིར་དང་ལ་དྭགས་རྣམས་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་དུ་བསྒྱུར་པར་གྲུབ་འབྲས་ཐོན་ནས་བཟུང་། སྲིད་བློན་མོ་དྷིའི་གཞུང་ལ་རྒྱ་གར་གྱི་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་ལ་སྒྱུར་བཅོས་གཏོང་རྒྱུའི་བློ་ཁོག་གསར་པ་ཞིག་རྙེད། རྒྱ་གར་གྱི་གྲངས་ཉུང་མི་རིགས་ཀྱི་གྲོས་ཚོགས་འཐུས་མི་ཚོས་ཨ་སམ་མངའ་སྡེར་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་དེ་རྒྱ་གར་རྒྱལ་ཡོངས་སུ་ལག་ལེན་བསྟར་དགོས་དོན་མེད་ཅེས་རྩོད་པ་བརྒྱབ། འདི་ཙམ་ན་ཨ་སམ་མངའ་སྡེའི་ཡུལ་མི་ཚོས་རྒྱ་གར་གཞུང་གིས་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་ལ་སྒྱུར་བཅོས་གཏོང་གི་ཡོད་པར་ངོ་རྒོལ་ཡོད། དེང་སྐབས་བྷང་ག་ལའི་རྒྱལ་ཁོངས་སུ་ཧིན་རྡུ་ཆོས་དད་པ་ས་ཡ་མང་པོ་ཡོད་པ་རྣམས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་སྟེ་ཨ་སམ་པ་ཚོ་རང་ཡུལ་དུ་གྲངས་ཉུང་མི་རིགས་ཤིག་ལ་འགྱུར་ས་རེད། ཕྱི་རྒྱལ་བ་ཚོ་རྒྱ་གར་གྱི་སྤྱི་དམངས་སུ་འགྱུར་རྒྱུ་སྟབས་བདེ་རུ་བཏང་ནས་ཨ་སམ་མངའ་སྡེར་བྷང་ག་ལ་ནས་ཧིན་རྡུ་ཆོས་དད་པ་རྣམས་ཡོང་མི་ཆོག་ཅེས་མོ་ཊའི་འཁོར་ལོ་མེར་སྲེག་བཏང་ནས་ངོ་རྒོལ་བྱས་འདུག རྒྱ་གར་ཤར་ཕྱོགས་ཀྱི་ཨ་རུ་ན་ཅལ་དང་ཨ་སམ། ན་གྷ་ལན་ཌི་དང་མཱི་ཛོ་རམ། མ་ཎི་པུར་དང་ཊི་རི་པུ་ར་སོགས་རྒྱ་གར་གྱི་མངའ་ཁོངས་ཡིན་རུང་མངའ་སྡེ་དེ་དག་གི་ཡུལ་མི་རྣམས་རྒྱ་གར་བ་དང་ཧིན་རྡུ་ཆོས་ལུགས་ཀྱི་རྗེས་འཇུག་པ་མིན་ཞིང་། དེས་ན་ཁོ་ཚོས་རང་གི་མངའ་སྡེ་ཁག་ལ་བྷང་ག་ལ་ནས་ཧིན་རྡུ་སྐྱབས་བཅོལ་བ་འབུམ་ཕྲག་མང་པོ་ཡོང་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG