ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་གར་དང་བལ་པོའི་སྲིད་བློན་གྱིས་དོས་སྐྱེལ་མེ་འཁོར་སྒོ་འབྱེད། 


༄༅།། རྒྱ་གར་གྱི་སྲིད་བློན་མོ་དྷི་དང་བལ་པོའི་སྲིད་བློན་པུ་ཤ་པ་ཀ་མལ་དཱ་ཧལ་གཉིས་རྒྱ་གར་གྱི་བྷ་ཐ་ན་ཧ་ནས་བལ་ཡུལ་གྱི་བུ་དྷ་ན་གྷར་བར་དུ་དོས་སྐྱེལ་མེ་འཁོར་སྒོ་འབྱེད་ཀྱི་མཛད་སྒོར་ཚོགས་ཞུགས། ཕྱི་ཟླ་༦་པའི་ཚེས་༡་ཉིན་བལ་ཡུལ་གྱི་ཉི་མ་ལ་ཡ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དེང་སྐབས་བལ་ཡུལ་གྱི་སྲིད་བློན་རྒྱ་གར་ལ་འཚམས་འདྲིར་ཕེབས་ཏེ་སྲིད་བློན་མོ་དྷི་སོགས་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ལ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་ཅིང་། གཟའ་ཕུར་བུའི་ཉིན་རྒྱ་བལ་གྱི་སྲིད་བློན་རྣམ་གཉིས་ཧེ་དྷར་བྷ་ད་སྲིད་བློན་ལས་ཁུངས་སུ་འཛོམས། ཁོང་ཚོས་རྒྱ་གར་གྱི་བྷ་ཐ་ན་ཧ་ནས་དོས་སྐྱེལ་མེ་འཁོར་སྐྱེལ་རྫོང་། བལ་ཡུལ་གཞུང་གིས་བུ་དྷ་ན་གྷར་དུ་དོས་སྐྱེལ་མེ་འཁོར་ལ་བསུ་བ་ཞུས། དེ་རིང་གི་སྐྱེལ་འདྲེན་དོ་པོ་རྣམས་བལ་ཡུལ་གྱི་བཟོ་ལས་ལ་མཁོ་བའི་དངོས་ཟོག་གི་རྒྱུ་ཆ་རྣམས་ཡིན་ཞིང་། རྒྱང་ཐག་སྤྱི་ལེ་༨་ཀྱི་མེ་འཁོར་ལྕགས་ལམ་དེ་༢༠༡༨་ལོར་གྲུབ་ཀྱང་ཚོད་ལྟ་དང་ནད་ཡམས་སོགས་ཀྱིས་ཡུན་རིང་ལུས། ཁ་སང་གཟའ་ལྷག་པའི་ཉིན་སླར་ཡང་ཚོད་ལྟ་བྱས་ཤིང་། ད་ལྟ་རྒྱ་གར་ནས་བལ་ཡུལ་བར་དུ་འགྲུལ་སྐྱེལ་མེ་འཁོར་སྒོ་འབྱེད་ཐུབ་རྒྱུར་ཕྱོགས་གཉིས་ཀས་འབད་བརྩོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༦་པའི་ཚེས་༡་ཉིན་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་དང་རྒྱ་གར་གྱི་སྲིད་བློན་རྣམ་པས་ཚོང་ལས་དང་རང་བྱུང་ནུས་རྫས། ཉོ་ཚོང་གི་རིན་པ་དྲྭ་ལམ་དུ་སྤྲོད་ལེན། རྒྱ་གར་གྱི་ཤི་རི་གུ་རི་ནས་བལ་ཡུལ་གྱི་ཇཱ་པ་བར་དུ་རླངས་སྣུམ་གྱི་ལྕགས་སྦུག་འཐེན་རྒྱུ། དེ་བཞིན་མཁའ་ལམ་སྒོ་འབྱེད་སོགས་ཕྱོགས་གཉིས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་སྣ་མང་ཞིག་ལ་གྲོས་སྡུར་བྱུང་། བལ་ཡུལ་གཞུང་ནས་རྒྱ་གར་ལ་མཁའ་ལམ་གསར་པ་སྒོ་འབྱེད་བྱ་དགོས་པའི་འབོད་སྐུལ་ཞུས་པར་ལྡི་ལི་གསར་པས་བཟང་ཕྱོགས་ཀྱི་རྣམ་འགྱུར་བསྟན། སྲིད་བློན་དཱ་ཧལ་གྱིས་ཕྱོགས་གཉིས་བར་དུ་མཁའ་ལམ་གསར་པ་སྒོ་འབྱེད་བྱ་དགོས་པར་རྒྱ་གར་གྱིས་རྣམ་འགྱུར་བཟང་པོ་བསྟན་པར་དགའ་བསུ་ཡོད། ང་ཚོས་རྒྱ་གར་ནས་བལ་ཡུལ་དུ་མཁའ་ལམ་འཐོལ་པ་སྒོ་འབྱེད་བྱ་དགོས་པའི་འབོད་སྐུལ་ཞུས་པ་ཡིན་ཞེས་བསྒྲགས། སྲིད་བློན་མོ་དྷི་དང་དཱ་ཧལ་གཉིས་བལ་ཡུལ་གྱི་གློག་རྒྱ་གར་ལ་བཙོང་རྒྱུའི་ཡུན་རིང་གི་ཚོང་ལས་ཤིག་ལ་གྲོས་མཐུན་བྱུང་བའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༦་པའི་ཚེས་༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་དཀར་ནག་གཉིས་ཀས་བལ་ཡུལ་ལ་ཤུགས་རྐྱེན་ཐེབས་རྒྱུར་འགྲན་སྡུར་ཆེན་པོ་བྱེད་བཞིན་པའི་སྐབས་འདིར་སྲིད་བློན་དཱ་ཧལ་དང་མོ་དྷི་གཉིས་ལྡི་ལི་གསར་པ་གྲོས་མོལ་ལྷུག་པོ་བྱུང་འདུག ན་ནིང་ཕྱི་ཟླ་༡༢་པའི་ནང་དུ་པུ་ཤ་པ་ཀ་མལ་དཱ་ཧལ་གྱིས་བལ་པོའི་སྲིད་བློན་གྱི་ཐུགས་འགན་བཞེས། གཟའ་འཁོར་འདིར་ཁོང་རྒྱ་གར་ལ་ཉིན་བཞིའི་འཚམས་འདྲིར་ཕེབས་ཏེ་སྲིད་བློན་མོ་དྷིས་སྣེ་ལེན་གཟབ་རྒྱས་ཞུས་པ་ནི་བལ་ཡུལ་ལ་རྒྱ་ནག་གི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་འགོག་ཐབས་ཤིག་རེད། ད་ཐེངས་ཀྱི་འཚམས་འདྲིའི་དུས་སུ་རྒྱ་གར་ནས་བལ་ཡུལ་ལ་དོས་སྐྱེལ་མེ་འཁོར་སྒོ་འབྱེད་དང་ས་མཚམས་ཀྱི་འགག་སྒོ་གསར་པ་གཉིས་འཛུགས་སྐྲུན་བྱ་རྒྱུ་སོགས་ཀྱི་གྲོས་མཐུན་བྱུང་འདུག སྲིད་བློན་མོ་དྷིས་རྒྱ་གར་དང་བལ་ཡུལ་གཉིས་ལ་ལོ་རྒྱུས་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་ཧི་མ་ལ་ཡའི་སྤོ་དང་མཉམ་པའི་མཐོ་རུ་གཏོང་འཆར་ཡོད། ང་ཚོ་ས་མཚམས་ཀྱི་རྩོད་གཞི་ཚུད་པའི་ཕྱོགས་གཉིས་མི་མཐུན་པའི་འགལ་ཟླ་ཡོད་པ་ཐམས་ཅད་སེལ་ཐབས་བྱ་རྒྱུའི་གྲོས་མཐུན་བྱུང་སོང་ཞེས་གསལ་བསྒྲགས་སྤེལ།།

སྲིད་བློན་མོ་དྷི་དང་ལྷན་དུ་བསྐོངས་པའི་གསར་འགོད་ལྷན་ཚོགས་ཐོག་ཏུ་བལ་པོའི་སྲིད་བློན་དཱ་ཧལ་གྱིས་རྒྱ་བལ་གཉིས་ཀས་མཉམ་འབྲེལ་ལས་གཞི་ཁག་ཅིག་གཉེར་གྱི་ཡོད་པ་དང་འབྲེལ་མཐུད་ཀྱི་མཉམ་འབྲེལ་ཤུགས་ཆེ་རུ་གཏོང་རྒྱུ། རང་བྱུང་ནུས་རྫས་དང་རྒྱ་བལ་མི་དམངས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་ལས་དོན་ཁག་ལ་བསྐྱར་ཞིབ་བྱས་པ་ཡིན་ཞེས་བཤད། དུས་ནམ་ཞིག་བལ་ཡུལ་ལ་སྲིད་བློན་གསར་པ་ཞིག་འདེམས་ཐོན་བྱུང་ན་མྱུར་དུ་རྒྱ་གར་ལ་འཚམས་འདྲིར་ཕེབས་དགོས་པའི་ལམ་སྲོལ་ཞིག་དར། བལ་ཡུལ་ནི་ཕྱོགས་གསུམ་ནས་རྒྱ་གར་ལ་འདྲེས་ཡོད་པ་དང་ས་མཚམས་སུ་བལ་པོའི་སྤྱི་དམངས་ཚོར་ཕྱིར་སྐྱོད་ལག་འཁྱེར་དང་ཐོངས་མཆན་མེད་པར་རྒྱ་གར་དུ་ཡོང་ཆོག སྔ་མོ་ནས་བལ་ཡུལ་ལ་རྒྱ་གར་གྱི་སྐད་ཡིག་དང་ཆོས་ལུགས། ཚོང་ལས། དཔལ་འབྱོར་སོགས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་འགྲན་ཟླ་བྲལ། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གིས་བལ་ཡུལ་ལ་གནམ་ཐང་དང་རྒྱ་ལམ། གློག་ཁང་སོགས་འཛུགས་སྐྲུན་བྱས་ནས་བལ་ཡུལ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཁོངས་སུ་ཚུད།།

བལ་ཡུལ་གྱི་ཉེར་མཁོའི་དངོས་ཟོག་ཕལ་མོ་ཆེ་དང་རྡོ་སྣུམ་ཚང་མ་རྒྱ་གར་ནས་སྐྱེལ་འདྲེན་བྱ་དགོས། ཉེ་ཆར་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ལ་མཉམ་འབྲེལ་གསར་ཁང་གིས་བཅར་འདྲི་ཞུས་པའི་སྐབས་སུ་བལ་ཡུལ་གྱིས་ཕྱོགས་སྒྲིག་སྤངས་པའི་སྲིད་ཇུས་ཤིག་བཟུང་སྟེ་རྒྱ་དཀར་ནག་གཉིས་ཀར་འབྲེལ་བ་ཡར་རྒྱས་གཏོང་འཆར་ཡོད་ཅེས་ལན་བཏབ། ༢༠༡༧་ནས་༢༠༢༢་བར་དུ་བལ་ཡུལ་ལ་དམར་ཤོག་ཚོགས་པ་ཞིག་གིས་འགོ་ཁྲིད་པའི་མཉམ་སྐྱོང་སྲིད་གཞུང་ཚུགས་ཏེ་རྒྱ་གར་ལ་འབྲེལ་བ་སྡུག་ཏུ་སོང་། ༢༠༡༥་ལོར་བལ་ཡུལ་གཞུང་གིས་རྩ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ཏེ་རྒྱལ་ཁབ་དེའི་ལྷོ་ཕྱོགས་པ་ཚོས་ངོ་རྒོལ་གྱི་ལས་འགུལ་བསླངས། རྒྱ་གར་གྱིས་ལྐོག་ཏུ་ལྷོ་ཕྱོགས་པ་ཚོར་རྒྱབ་སྐྱོར་བྱས་ནས་བལ་ཡུལ་ལ་ཉེར་མཁོའི་དངོས་ཟོག་དང་རྡོ་སྣུམ་བཀག་སྟེ་ཚོང་ལས་ཀྱི་ཉེས་ཆད་བཅད་པས་ཕྱོགས་གཉིས་ཀྱི་འབྲེལ་བར་འགལ་ཟླ་བྱུང་། སྲིད་བློན་ཟུར་པ་ཤར་མ་ཨོ་ལིའི་དུས་སུ་རྒྱ་བལ་གྱི་རྩོད་གཞིར་གྱུར་པའི་ས་ཆ་གསུམ་བལ་པོའི་ས་ཁྲའི་ནང་དུ་བཀོད་དེ་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་ཕྱིན་པའི་གནས་ཚུལ་ཐོན་འདུག

པུ་ཤ་པ་ཀ་མལ་དཱ་ཧལ་ནི་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་གི་ལྟ་བའི་རྗེས་འབྲང་བ་ཞིག་ཡིན་པར་མ་ཟད། ཁོང་གིས་ལོ་མང་རིང་དམར་ཤོག་གྱེན་ལོག་པའི་འགོ་ཁྲིད་ནས་བལ་ཡུལ་གྱི་རྒྱལ་ལྡན་སྲིད་གཞུང་མགོ་རྟིང་སློག་རྒྱུའི་འཐབ་འཁྲུག་བརྒྱབ། ཕྱིས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བར་འདུམ་དང་ཞི་བདེའི་རྒྱུད་རིམ་ནང་དུ་ཞུགས་ཏེ་༢༠༠༦་ལོར་སྤྱི་མཚུངས་ལྟར་བལ་ཡུལ་གྱི་ཆབ་སྲིད་ལ་ཞུགས། བལ་ཡུལ་ལ་དམར་ཤོག་གི་གྱེན་ལངས་བྱུང་ནས་མི་༡༧༠༠༠་ལྷག་འཐབ་འཁྲུག་ནང་དུ་བསད། སྲིད་བློན་དཱ་ཧལ་རྒྱ་གར་ལ་འཚམས་འདྲིར་མ་ཕེབས་གོང་དུ་བལ་ཡུལ་གྱི་སྲིད་བློན་ཟུར་པ་དང་ཕྱི་སྲིད་བློན་ཆེན་ཟུར་པ་ཚོར་གྲོས་ཁ་བསྡུར། ཁོ་ཚོས་རྒྱ་བལ་གྱི་མཁས་པའི་ཚོགས་ཆུང་ཞིག་གིས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་བའི་ཡིག་ཆ་ཕྱོགས་སྒྲིག་བྱས་ནས་རྒྱ་གར་ལ་སྤྲད་ཡོད་པ་རེད། སྲིད་བློན་དཱ་ཧལ་རྒྱ་གར་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་སྲིད་བློན་མོ་དྷིར་རྒྱ་བལ་གྱི་མཁས་པའི་ཚོགས་ཆུང་གིས་བཏོན་པའི་ཡིག་ཆ་དེ་རྒྱ་གར་གྱིས་ལག་ལེན་བསྟར་དགོས་པའི་སྐུལ་ལྕག་གཏོང་དགོས་ཞེས་ནན་བརྗོད་བྱས་པའི་གནས་ཚུལ་ཐོན།།

བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ༢༠༡༨་ལོར་རྒྱ་གར་གྱི་མཁས་པ་མི་བཞི་དང་བལ་ཡུལ་གྱི་མཁས་པ་མི་བཞིའི་ཚོགས་ཆུང་ཞིག་བཙུགས། ཁོ་ཚོས་བསྐལ་པ་ཆགས་ནས་བཟུང་སྟེ་རྒྱ་གར་དང་བལ་ཡུལ་ལ་འབྲེལ་བ་དམ་ཟབ་ཡོད་པ་སྲ་བརྟན་དང་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་ཐད་བསམ་འཆར་བཏོན། སྲིད་བློན་དཱ་ཧལ་གྱི་སྲིད་བློན་ཟུར་པ་དྷོ་ཡེ་བྷ་དང་ཤར་མ་ཨ་ལི། ཇཱ་ལ་ན་ཐ་ཀཱ་ནལ། བྷ་ཏ་ར་ཡེ། ཕྱི་སྲིད་བློན་ཆེན་ཟུར་པ་ཁག་གི་བསམ་འཆར་རྣམས་མཉན། སྔོན་ཆད་རྒྱ་གར་དུ་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་པ་ཟུར་པ་དུར་གེ་ཤ་མན་སིང་གིས་སྲིད་བློན་རྣམ་པས་རྒྱ་གར་ལ་དགོས་འདུན་མང་པོ་བཏོན་ན་ཕན་ཐོགས་མེད། བལ་ཡུལ་གྱིས་རྒྱལ་ཁབ་གཞན་ལ་རོགས་སྐྱོར་འབའ་ཞིག་ཞུ་ཡི་ཡོད་པའི་བག་ཆགས་འཇོག་རྒྱུའང་གཡོལ་ཐབས་བྱ་དགོས་ཞེས་བཀྲལ། བསམ་འཆར་མང་ཆེ་བ་ནི་གཅིག་པ་ཡིན་རུང་ཤར་མ་ཨོ་ལིས་ས་མཚམས་ཀྱི་རྩོད་གཞི་དང་གློག་ཁང་གི་རྩོད་གཞི་རྣམས་སེལ་དགོས་ཞེས་བཤད་ཡོད་པའི་གནས་ཚུལ་ཐོན་འདུག

ཤར་མ་ཨོ་ལིས་འགོ་ཁྲིད་པའི་བལ་ཡུལ་གྱི་མར་ཁེ་སི་དང་ལེ་ཉིང་རིང་ལུགས་མཉམ་འབྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་པྲ་དིབ་གྱ་ཝ་ལིས་ང་ཚོས་སྲིད་བློན་དཱ་ཧལ་ལ་ལིམ་པི་ཡ་དྷུ་ར་དང་ལི་ཕུ་ལེཀཱ ཀ་ལ་པ་ནི་བཅས་ཀྱི་བདག་དབང་། པན་ཆེ་ས་ཝར་ལས་གཞི་དང་བལ་ཡུལ་ལ་མཁའ་ལམ་གསར་པ་སྒོ་འབྱེད་ཐུབ་དགོས་པའི་བསམ་འཆར་བཤད་ཡོད། ང་ཚོས་སྲིད་བློན་ལ་རྒྱལ་ཁབ་ཀྱི་རྩ་དོན་དེར་མངོན་ལྐོག་མེད་པར་ཕྱི་གསལ་ནང་གསལ་གྱི་སྒོ་ནས་གྲོས་སྡུར་བྱས་ཏེ་ཡིད་ཆིས་བསྐྲུན་དགོས་པའི་སྐུལ་ལྕག་བཏང་ཡོད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག ཕྱི་ཟླ་༥་པའི་ཚེས་༣༡་ནས་ཕྱི་ཟླ་༦་པའི་ཚེས་༣་བར་དུ་སྲིད་བློན་དཱ་ཧལ་རྒྱ་གར་ལ་འཚམས་འདྲིར་འབྱོར། ཁོང་གི་ལྷན་དུ་བལ་ཡུལ་གྱི་བློན་ཆེན་ཁག་དང་གཞུང་འབྲེལ་མི་སྣ་ཁག་བཅས་ཚོགས་མི་༥༠་མ་ཟིན་ཙམ་གྱི་སྐུ་ཚབ་ཚོགས་པ་ཞིག་བཅར། བལ་ཡུལ་གྱི་འགོ་ཁྲིད་དང་སྲིད་དོན་པ། གཞུང་འབྲེལ་མི་སྣ་ཟུར་པ་ཚང་མས་སྲིད་བློན་དཱ་ཧལ་ལ་རང་གི་ཆེ་མཐོང་མ་བརླགས་པར་བལ་ཡུལ་གྱི་དགོས་འདུན་ཁག་རྒྱ་གར་ལ་གསལ་བཀྲོལ་ཐུབ་དགོས་ཞེས་ནན་སྐུལ་བྱས་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་གྱི་སྲིད་བློན་ཟུར་པ་དང་ད་ལྟའི་མཉམ་སྐྱོང་སྲིད་གཞུང་ཁོངས་ཀྱི་མཉམ་འབྲེལ་སྤྱི་ཚོགས་རིང་ལུགས་ཚོགས་པའི་འགོ་ཁྲིད་ཇཱ་ལ་ན་ཐ་ཀཱ་ནལ་གྱིས་བསམ་འཆར་དོན་ཚན་༡༩་བཏོན། ཁོང་གིས་༡༩༥༠་ཐམ་པའི་ལོར་བལ་ཡུལ་དང་རྒྱ་གར་གྱིས་མིང་རྟགས་བཀོད་པའི་ཆིངས་ཡིག་ལྟར་ས་མཚམས་ཀྱི་རྩོད་གཞི་ཐག་གཅོད་བྱ་དགོས། ཕྱོགས་གཉིས་ཀྱི་མཁས་པའི་ཚོགས་ཆུང་གིས་བཏོན་པའི་ཡིག་ཆ་དེར་རྒྱ་གར་གྱིས་མོས་མཐུན་བྱ་རྒྱུ། རྒྱ་གར་དང་བལ་ཡུལ་གྱི་ཚོང་ལས་ཆ་མཉམ་མེད་པ་གསབ་ཐབས་བྱ་དགོས། རྒྱ་གར་ནས་བལ་ཡུལ་གྱི་བྷ་ཡེ་ར་ཧ་ཝ་དང་སྤོག་ར་གཉིས་ལ་ཐད་ཀར་མཁའ་ལམ་སྒོ་འབྱེད་བྱ་རྒྱུ། བལ་ཡུལ་གྱི་བཟོ་ལས་དང་རང་བྱུང་ནུས་རྫས། ཡུལ་སྐོར་སྤྲོ་འཆམ་དང་འཛུགས་སྐྲུན། ཞིང་ལས་འཕྲུལ་རབས་ཅན་དུ་བསྒྱུར་རྒྱུ་བཅས་ལ་རྒྱ་གར་གྱིས་མ་རྩ་འཛུགས་དགོས། རྒྱ་བལ་གྱི་ས་མཚམས་སྒོ་འབྱེད་བྱ་དགོས་ཞེས་འཁོད། ཡིན་ནའང་བསམ་འཆར་དེ་རྣམས་སྲིད་བློན་དཱ་ཧལ་གྱིས་རྒྱ་གར་ལ་གླེང་སློང་བྱེད་ཐུབ་རྒྱུ་ཡིན་མིན་དང་རྒྱ་གར་གྱིས་དེ་ལ་མོས་མཐུན་བྱ་རྒྱུ་ཡིན་མིན་ནི་ངེས་གཏན་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG