ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་དཀར་ནག་གི་དམག་དཔུང་ཧིན་བོད་ས་མཚམས་སུ་གདོང་ཐུག 


India China
India China

༄༅།། རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ཧིན་བོད་ས་མཚམས་སུ་གདོང་ཐུག་བྱུང་སྟེ་རྒྱ་གར་གྱི་དམག་མི་མང་པོར་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༢་པའི་ཚེས་༡༣་ཉིན་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐ་སིང་གིས་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ཚོར་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་མོན་རྟ་དབང་ཕྱོགས་ནས་རྒྱ་ནག་གི་དམག་དཔུང་རྒྱ་གར་གྱི་ས་ཐོག་ཏུ་དཔུང་འཛུལ་བྱུང་སྟེ་ཕྱོགས་གཉིས་ཀྱི་དམག་མི་ཁག་ཅིག་གདོང་ཐུག་བྱུང་ཞིང་། རྒྱ་ནག་གིས་རང་ངོས་ནས་རྩོད་གཞི་ཆེ་བའི་གཡང་རྩེ་མངའ་ཁུལ་གྱི་བདག་དབང་གནས་ཐོབ་ལ་འགྱུར་བ་གཏོང་ཐབས་བྱས་པ་རེད། རྒྱ་གར་གྱི་དམག་གིས་ཞུམ་པ་མེད་པར་རྒྱ་དམག་གི་དཔུང་འཛུལ་ལ་འགོག་རྒོལ་བྱས་ནས་དམག་མི་ཁག་ཅིག་ལ་རྨས་སྐྱོན་ཕོག་པ་དང་རྒྱ་དམག་རྣམས་རང་སར་མཐར་བསྐྲད། རྒྱ་གར་གྱི་དམག་མི་ཚོར་རྨས་སྐྱོན་ཕོག་པ་རྣམས་ཚབས་ཆེན་ཞིག་མ་རེད། གཟའ་ཉི་མའི་ཉིན་ས་གནས་དེའི་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་ཚོས་འཁྲུག་རྩོད་དེར་གྲོས་སྡུར་བྱས་ཡོད། རྒྱ་གར་གཞུང་གིས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ནས་རྒྱ་ནག་ལ་གནད་དོན་དེའི་སྐོར་སྐད་ཆ་བཤད་པ་ཡིན་ཞེས་སྙན་སེང་ཞུས། གཟའ་ཟླ་བའི་ཉིན་རྒྱ་གར་གྱི་དམག་དོན་ལྷན་ཁང་གིས་ཀྱང་གཟའ་འཁོར་སྔོན་མའི་གདོང་ཐུག་སྐབས་སུ་ཕྱོགས་གཉིས་ཀྱི་དམག་མི་ཚོར་རྨས་སྐྱོན་ཕོག་སོང་ཞེས་བསྒྲགས། འདི་ནི་༢༠༢༠་ལོའི་ཕྱི་ཟླ་༦་པའི་ནང་དུ་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་སྟེ་རྒྱ་གར་གྱི་དམག་མི་༢༠་ཐམ་པར་སྲོག་སྐྱོན་དང་མི་རྨས་༧༠་ལྷག་ལ་རྨས་སྐྱོན་ཕོག་ནས་བཟུང་། ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་གདོང་ཐུག་བྱུང་བ་ཐེངས་དང་པོ་ཡིན་འདུག ལ་དྭགས་ནས་མོན་ཡུལ་བར་དུ་རྒྱ་དཀར་ནག་གཉིས་ཀས་སྤྱི་ལེ་༣༣༧༩་ལ་དབང་བསྒྱུར་བྱེད་བཞིན་པའི་ས་མཚམས་ཁག་ཏུ་རྟག་ཏུ་དམག་འཁྲུག་གི་ཉེན་ཁ་ཆེ། ཧིན་བོད་ས་མཚམས་སུ་རྩོད་གཞི་བྱུང་ནས་པེ་ཅིང་དང་ལྡི་ལི་གསར་པའི་འབྲེལ་བ་ཡར་རྒྱས་གཏོང་དཀའ་བ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

དེ་རིང་གཟའ་མིག་དམར་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ནུབ་ཕྱོགས་དམག་དཔུང་བཀོད་འདོམས་ཁང་གི་མདའ་དཔོན་ལོང་ཧྲའོ་ཧྭས་རྒྱ་ནག་གི་མཐའ་སྲུང་དམག་མི་རྣམས་རྒྱུན་ལྡན་གྱི་སྐོར་གཡེང་དུ་བསྐྱོད་པ་རེད། རྒྱ་གར་གྱི་དམག་མི་ཚོ་ཁྲིམས་འགལ་ཐོག་ཏུ་ས་མཚམས་བརྒལ་ནས་རྒྱ་ནག་གི་མཐའ་སྲུང་དམག་གི་སྐོར་གཡེང་བཀག ང་ཚོས་རྒྱ་གར་གྱི་དམག་ལ་ས་ཐིག་མི་བརྒལ་བ་དང་ས་མཚམས་སུ་འཁྲུག་རྩོད་མི་སློང་བ་གཙོ་འདོན་བྱ་དགོས་ཞེས་ནན་བརྗོད་བྱས་པ་ཡིན་ཞེས་སྤྱི་ཚོགས་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། དེ་བཞིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་པིན་གྱིས་ཀྱང་རྒྱ་དཀར་ནག་གི་ས་མཚམས་ནི་ཞི་བདེ་ཡིན་པ་དང་ཕྱོགས་གཉིས་ཀས་ས་མཚམས་ལ་འབྲེལ་བ་ཡོད་པའི་གནད་དོན་ཁག་དམག་དཔུང་བཀོད་འདོམས་པ་དང་ཕྱི་འབྲེལ་མི་སྣ་བརྒྱུད་ནས་གྲོས་མོལ་བྱེད་ཀྱི་ཡོད། མིག་སྔར་རྒྱ་དཀར་ནག་གི་ས་མཚམས་རྣམས་ཞི་བདེ་བརྟན་ལྷིང་ཡིན་པ་དང་རྒྱ་གར་གྱིས་རྒྱ་ནག་ལ་མཉམ་འབྲེལ་བྱས་ནས་ས་མཚམས་ཀྱི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པའི་རེ་བ་ཡོད་ཅེས་གསར་འགོད་ལྷན་ཚོགས་བསྐོངས། རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ནས་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་ཕྱོགས་སུ་དམག་མི་རྣམས་གདོང་ཐུག་བྱུང་། རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་ཚོ་འཕྲལ་དུ་ཐུག་འཕྲད་གྲོས་མོལ་བྱས་ནས་དམག་དཔུང་ཕྱིར་འཐེན་བྱས་ཏེ་ཞི་བདེ་བརྟན་ལྷིང་སླར་གསོ་བྱུང་ཡོད་ཅེས་བཀྲལ། གཟའ་འཁོར་སྔོན་མར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་གྱིས་གྲོས་ཚོགས་འཐུས་མི་ཚོར་ཉེ་བའི་ལོ་ཤས་ཤིག་ནས་རྒྱ་དཀར་ནག་གི་འབྲེལ་བ་རྒྱུན་ལྡན་ཞིག་ཏུ་འགྱུར་ཐུབ་ཀྱི་མི་འདུག དེའི་འགག་རྩ་ནི་ས་མཚམས་ཀྱི་རྩོད་གཞི་ཁག་ལ་ཐུག་ཡོད་པ་དང་རྒྱ་ནག་གིས་རང་ངོས་ནས་ས་མཚམས་ཀྱི་གནས་ཐོབ་ལ་འགྱུར་བ་བཏང་ན་རྒྱ་གར་གྱིས་དེ་ལ་ནམ་ཡང་བཟོད་སྒོམ་བྱ་རྒྱུ་མིན་པའི་བརྡ་ལན་གསལ་པོ་འཕྲོད་ཡོད་ཅེས་གསལ་བསྒྲགས་སྤེལ།།

ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༡༢་པའི་ཚེས་༩་ཉིན་མོན་རྟ་དབང་ཕྱོགས་སུ་རྒྱ་དཀར་ནག་གི་དམག་དཔུང་གདོང་ཐུག་བྱུང་བ་དེར་དམག་མི་བརྒྱ་ཕྲག་འགའ་ཞིག་ཞུགས་འདུག དམག་མི་ཁག་ཅིག་གིས་གདོད་མའི་མཚོན་ཆ་ལྟ་བུ་བཀོལ་སྤྱོད་བྱས་ཡོད་པ་དང་༢༠༢༠་ལོར་རྒྱ་དཀར་ནག་གི་དམག་མི་ཁག་ཅིག་ལག་འཛིང་ཐུག་པ་དང་གཅིག་མཚུངས་སུ་སྣང་། ད་ཐེངས་ཀྱི་འཁྲུགས་རྩོད་དེས་རྒྱ་དཀར་ནག་གི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཚོས་ས་མཚམས་ཀྱི་ཛ་དྲག་ཞི་འཇམ་གཏོང་ཐབས་སུ་གྲོས་མོལ་བྱེད་ཀྱི་ཡོད་པར་འགལ་རྐྱེན་གསར་པ་སློང་རྒྱུ་ཡིན་མིན་བཤད་དཀའ། ༢༠༢༠་ནས་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་ཚོས་ལ་དྭགས་ཕྱོགས་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གྲོས་མོལ་ཐེངས་༡༦་བྱས་ཤིང་། ད་ལོའི་ཕྱི་ཟླ་༩་པའི་ནང་དུ་རྒྱ་དཀར་ནག་གི་དམག་མི་རྣམས་ས་ཚིགས་འགའ་ཞིག་ནས་ཕྱིར་འཐེན་བྱུང་བ་གྲུབ་འབྲས་ཆེན་པོ་ཞིག་ཏུ་བརྩིས། ཡིན་ནའང་སྤྱི་ཡོངས་ཀྱི་ཆ་ནས་རྒྱ་དཀར་ནག་གཉིས་ཀས་ཧིན་བོད་ས་མཚམས་ཁག་ཏུ་དམག་དཔུང་ཁྲི་ཚོ་མང་པོ་འགྲེམ་འཇོག་བྱས་ཡོད་པའི་གནས་སྟངས་ལ་འགྱུར་བ་མ་ཐེབས། ཁ་སྔོན་ཕྱི་ཟླ་༡༡་པའི་ནང་དུ་རྒྱ་གར་གྱི་ཆེས་མཐོའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མ་ནོ་ཇ་པན་ཌེས་ལ་དྭགས་ཀྱི་ས་མཚམས་ཁག་ནས་རྒྱ་དམག་ཕྱིར་འཐེན་བྱས་ནས་དམག་གྲངས་ཉུང་དུ་ཕྱིན་མི་འདུག ད་སྔ་ས་མཚམས་ཀྱི་གནས་སྟངས་བརྟན་ལྷིང་ཡིན་རུང་ཅི་འབྱུང་ལ་ངེས་པ་བྲལ་ཞེས་གསར་འགོད་པ་ཚོར་གླེང་མོལ་བྱུང་། རྒྱ་གར་གྱིས་མོན་ཡུལ་དུ་དམག་དཔུང་ཁ་སྣོན་གཏོང་གི་མེད་ཀྱང་ས་གནས་དེའི་ཛ་དྲག་ཞི་འཇམ་འགྲོ་ཐུབ་ཀྱི་མེད་པས་ཕྱོགས་འགལ་སྲིད་དོན་ཚོགས་པ་ཁག་དང་ས་གནས་ཀྱི་སྲིད་དོན་པ། ཐ་ན་ས་གནས་དེའི་རྒྱ་གར་གྱི་གཞུང་འབྲེལ་བྷ་ར་ཏི་ཡ་ཇན་ཏ་ཚོགས་པའི་འགོ་ཁྲིད་ཚོས་ཀྱང་རྒྱ་ནག་གིས་རིམ་བཞིན་དམག་གྲ་སྒྲིག་གི་འདུག ས་ཆ་བཙན་འཕྲོག་བྱས་ནས་གཞིས་ཆགས་འཛུགས་སྐྲུན་བྱེད་ཀྱི་ཡོད་ཀྱང་རྒྱ་གར་གྱིས་དེ་ལ་རྩོད་པ་རྒྱག་གི་མི་འདུག་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག

ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། འདས་པའི་ལོ་བཅུ་ཕྲག་མང་པོར་ཧི་མ་ལ་ཡའི་ལྗོངས་ཀྱི་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀར་རྩོད་གཞི་ཆེན་པོ་ཡོད་ཅིང་། ༡༩༦༢་ལོར་བོད་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱིས་དམག་འཁྲུག་བརྒྱབ་སྟེ་རྒྱ་དམག་གིས་མོན་ཡུལ་བླངས། ཨ་རུ་ན་ཅལ་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་ཡིན་ཞེས་བདག་དབང་བརྩད་པའི་རྗེས་སུ་སླར་ཡང་རྒྱ་གར་ལ་ཕྱིར་སློག་བྱུང་། ཉེ་དུས་ཤིག་ནས་རྒྱ་དཀར་ནག་གཉིས་ཀས་སླར་ཡང་ཧིན་བོད་ས་མཚམས་སུ་དམག་དཔུང་མང་དུ་བཏང་སྟེ་འཐབ་འཁྲུག་གི་གྲབས་བཤམས། ༡༩༩༦་ལོར་རྒྱ་དཀར་ནག་གཉིས་ཀས་སྤྱི་ལེ་གཉིས་ཀྱི་ནང་ཚུད་དུ་མཐའ་སྲུང་དམག་མིས་མེ་མདའ་འཁྱེར་མི་ཆོག་པའི་གྲོས་མཐུན་བཞག ཧིན་བོད་ས་མཚམས་ཀྱི་ས་ཐིག་རྣམས་གསལ་པོ་མེད་པར་རྩོད་གཞི་ཅན་དུ་གྱུར། དེས་ན་ཕྱོགས་གཉིས་ཀྱི་དམག་མི་ཚོས་ས་ཐིག་བརྒལ་ནས་ས་ཆའི་བདག་དབང་བརྩད། ལོ་གཉིས་ཀྱི་གོང་དུ་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་མི་ཚོས་རྡོ་དང་དབྱུག་པ། ལྕགས་རིང་བཟུང་ནས་རྒོལ་འཛིང་བྱས་པ་དང་གཡང་ཁ་ནས་ཕུད་རྒྱག་བྱས་རེས་བྱས་ལྟར་གཟའ་འཁོར་སྔོན་མར་ཡང་རྒྱ་དཀར་ནག་གི་མཐའ་སྲུང་དམག་མིས་རྡོ་དང་དབྱུག་པ་གཞུས་པ་དང་ལག་པས་རྒོལ་འཛིང་བྱས། ཟླ་བ་སྔོན་མར་ཨིན་རྡུ་ནེ་ཤི་ཡར་ཚོགས་པའི་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ཚོགས་འདུའི་ཞོར་དུ་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་འཁྱུག་ཙམ་རིང་ཐུག་འཕྲད་བྱུང་བར་མ་ཟད། སྲིད་བློན་མོ་དྷི་དང་ཞིས་ཅིན་ཕིང་གཉིས་ཀྱིས་ཕན་ཚུན་ལག་པ་བཏང་སྟེ་རྒྱ་དཀར་ནག་གི་འབྲེལ་བ་བཟང་ཕྱོགས་སུ་འགྱུར་སྲིད་པའི་རྣམ་པ་ཐོན་མོད། ད་ལྟ་སླར་ཡང་མོན་ཡུལ་དུ་རྒྱ་དཀར་ནག་གི་མཐའ་སྲུང་དམག་རྣམས་འཁྲུག་རྩོད་བྱུང་ཡོད་པས་རྒྱ་གར་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་རྒྱུ་ཁག་པོ་ཡིན་པ་རྣམ་པ་ཞིག་ཐོན་འདུག

ཕྱི་ཟླ་༡༢་པའི་ཚེས་༡༣་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་གྱི་གསར་འགོད་པས་རྒྱ་གར་གྱི་གསར་འགྱུར་ལས་ཁུངས་ཁག་གིས་གནས་ཚུལ་སྤེལ་བ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། མོན་རྟ་དབང་ཕྱོགས་སུ་རྒྱ་དཀར་ནག་གི་དམག་མི་རྣམས་ལག་འཛིང་ཐུག་སྟེ་རྒྱ་གར་གྱི་དམག་མི་༢༠་ཐམ་པར་རྨས་སྐྱོན་ཕོག རྒྱ་ནག་གི་དམག་མི་དེ་ལས་མང་བ་ཞིག་རྨས་འདུག་ཟེར། རྒྱ་ནག་གི་ལན་ཀྲུག་སློབ་གྲྭ་ཆེན་མོའི་སློབ་སྤྱི་ཟུར་པ་དབྱང་ཧྲུ་ཡིས་རྒྱ་དཀར་ནག་གཉིས་ཀ་མི་རིགས་རིང་ལུགས་པའི་གནོན་ཤུགས་འོག་ཏུ་ཚུད་ནས་འཁྲུག་རྩོད་སློང་གི་འདུག ༡༩༦༢་ལོའི་དམག་འཁྲུག་དུས་སུ་རྒྱ་གར་ལ་ཕམ་ཉེས་ཆེན་པོ་བྱུང་བར་རྒྱ་གར་གྱི་དམག་གིས་དགྲ་ལན་སློག་རྒྱུའི་ཞེ་འཁོན་དང་སྙིང་ནད་་བཅངས་ཡོད་པ་སངས་མི་འདུག གལ་སྲིད་རྒྱ་དཀར་ནག་གི་འགོ་ཁྲིད་ཚོས་གནས་ལུགས་ལ་མི་མཐུན་པ་དེ་རྣམས་མགོ་བོ་གནོན་མ་ཐུབ་ཚེ། རྒྱ་དཀར་ནག་གི་གདོང་ཐུག་མང་དུ་འགྲོ་རྒྱུ་དང་དམག་འཁྲུག་ཆུང་ཆུང་ཞིག་ཀྱང་སློང་སྲིད་པའི་ཉེན་ཁ་ཆེན་པོ་འདུག་ཅེས་བསྟན། ཡུ་རོབ་རྒྱལ་ཁབ་ཌན་མག་ཏུ་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་པ་ཟུར་པ་ཡོ་གྷེ་ཤ་གུབ་ཏ་ནི་རྒྱ་དཀར་ནག་གི་འབྲེལ་ལམ་ཉམས་ཞིབ་པ་མཁས་པ་ཞིག་ཡིན་ཞིང་། ཁོང་གིས་ལོ་འདིའི་ཕྱི་ཟླ་༡༠་པའི་ནང་དུ་བོད་ཀྱི་ས་མཚམས་ནས་ཕྱི་ལེ་༡༠༠་ལས་མེད་པའི་རྒྱ་གར་གྱི་ཨུ་ཏར་ཁན་མངའ་སྡེའི་གངས་རིའི་ཁྲོད་དུ་ཨ་རི་དང་རྒྱ་གར་གྱི་དམག་གིས་མཉམ་འབྲེལ་དམག་སྦྱོང་བྱས་ནས་འཁྲུག་རྩོད་བསླངས་པ་རེད། རྒྱ་ནག་གི་དམག་མི་རྣམས་རྒྱ་གར་གྱི་ས་ཐོག་ཏུ་དཔུང་འཛུལ་བྱས་པའི་དཔང་རྟགས་མི་འདུག་ཅེས་སྨྲས། ཕྱི་ཟླ་༡༡་པའི་ཚེས་༣༠་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་དངོས་སུ་ཨ་རི་དང་རྒྱ་གར་གྱི་དམག་གིས་ཨུ་ཏར་ཁན་མངའ་སྡེའི་གངས་རིའི་ཁྲོད་དུ་མཉམ་འབྲེལ་དམག་སྦྱོང་བྱས་པར་སྐྱོན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG