ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་གྱི་ཁ་པར་བརྡ་རྟགས་བཅད་ནས་ངོ་རྒོལ་བཀག་སྡོམ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་ཕྱི་ཟླ་༡༢་པའི་ཚེས་༡༡་ཉིན་རྒྱ་གར་གཞུང་གིས་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་ལ་སྒྱུར་བཅོས་བཏང་ནས་བཟུང་། ད་ལྟའི་བར་དུ་རྒྱ་གར་རྒྱལ་ཡོངས་སུ་སློབ་ཕྲུག་དང་མི་དམངས་བཅས་ཀྱིས་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་སྒྱུར་བཅོས་ལ་ངོ་རྒོལ་བྱས་ནས་ཉུང་མཐར་ཡང་མི་༢༥་ལ་སྲོག་སྐྱོན་ཕོག འདས་པའི་གཟའ་འཁོར་གཉིས་ཀྱི་སྔོན་ནས་རྒྱ་གར་གྱི་ས་གནས་ཁག་ཏུ་ངོ་རྒོལ་བསྟུད་མར་བྱེད་ཀྱི་ཡོད་པ་ནི་༢༠༡༤་ལོར་སྲིད་བློན་མོ་དྷིའི་གཞུང་གིས་སྲིད་དབང་བཟུང་བའི་རྗེས་སུ་བྱུང་མྱོང་མེད་པའི་ཚབས་ཆེའི་ངོ་རྒོལ་ཞིག་ཡིན་ཞིང་། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཨུ་དྷར་པར་དྷེ་ཤི་གཙོ་བོར་གྱུར་པའི་རྒྱ་གར་གྱི་མངའ་སྡེ་འགའ་ཞིག་གི་ནང་དུ་ཁ་ཆེ་ཚོས་ཕྱག་འཚལ་དགེ་སྦྱོར་གྱི་ཁ་འདོན་བྱས་པའི་རྗེས་སུ་ངོ་རྒོལ་བྱས་ཏེ་རྒྱ་གར་གྱི་ཉེན་རྟོག་པ་དང་མི་མང་ངོ་རྒོལ་བ་ཚོ་རྒོལ་འཛིངས་ཐུག་ནས་དྲག་ཟིང་ཆེན་པོ་ལངས་འདུག དེར་བརྟེན་དེ་རིང་གཟའ་པ་སངས་ཉིན་རྒྱ་གར་གཞུང་གིས་དྲག་ཟིང་གི་ཉེན་ཀ་འབྱུང་སྲིད་པའི་ས་གནས་ཁག་ཅིག་ལ་ལག་ཐོགས་ཁ་པར་གྱི་བརྡ་རྟགས་བཅད་ནས་མི་མང་ལ་ཕན་ཚུན་འབྲེལ་བ་བྱེད་དུ་བཅུག་མེད་ཅིང་། ཁ་ཆེ་ཚོས་ཁ་འདོན་དགེ་སྦྱོར་རྗེས་སུ་སླར་ཡང་ངོ་རྒོལ་བྱ་སྲིད་པར་དོགས་ཟོན་བྱས་ནས་སྔོན་འགོག་བྱས་འདུག

གཟའ་འཁོར་འདིར་རྒྱ་གར་གྱི་མི་འབོར་མང་ཤོས་ཀྱི་མངའ་སྡེ་ཨུ་དྷར་པར་དྷེ་ཤིའི་ས་གནས་ཁག་ཏུ་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་སྒྱུར་བཅོས་ལ་མུ་མཐུད་དུ་ངོ་རྒོལ་བྱ་སྲིད་པའི་རྟགས་མཚན་ཡོད་པས་ཨུ་དྷར་པར་དྷེ་ཤི་མངའ་སྡེའི་གཞུང་གིས་ལཀ་ན་ཝོ་གྲོང་ཁྱེར་སོགས་མངའ་སྡེ་དེའི་ས་གནས་མང་དག་ཅིག་ལ་ལག་ཐོགས་ཁ་པར་གྱི་བརྡ་རྟགས་གཅོད་དགོས་པའི་ཐག་གཅོད་བྱས་ཡོད་པར་མ་ཟད། རྒྱལ་ས་ལྡི་ལི་ནས་དབྱིན་ལེ་༥༥་ཙམ་གྱི་མཚམས་སུ་ཆགས་པའི་མཱི་རུ་ཐེ་གྲོང་ཁྱེར་དུ་ཨུ་དྷར་པར་དྷེ་ཤི་མངའ་སྡེ་གཞུང་གིས་ཉེན་རྟོག་པ་༣༠༠༠་ལྷག་བཀྲམ། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་གྲོང་ཁྱེར་དེར་ངོ་རྒོལ་གྱི་དྲག་ཟིང་ལངས་ནས་མི་༥་ལ་སྲོག་སྐྱོན་ཕོག རྒྱ་གར་གྱི་ཉེན་རྟོག་པ་ཚོས་གྲོང་ཁྱེར་དེའི་སྲང་ལམ་ཁག་གི་བཞི་མདོ་དང་ཐང་ཆེན་ཁག་ཏུ་མཆི་འབྱིན་དུག་རླངས་དང་ཆུ་མདའ་བཙུགས་པའི་རླངས་འཁོར་རྣམས་འགྲེམ་འཇོག་བྱས་ནས་ངོ་རྒོལ་དང་དྲག་ཟིང་བྱུང་ན་འགོག་སྡོམ་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད་པ་སྟེ། མཱི་རུ་ཐེ་གྲོང་ཁྱེར་གྱི་ཉེན་རྟོག་སྤྱི་ཁྱབ་པ་ཨ་ཇཱེ་ཀུ་མར་སཱ་ཎི་ཞེས་པ་ཞིག་གིས་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་གསར་འགོད་པར་ང་ཚོས་ས་གནས་ཀྱི་སྲིད་དོན་པ་དང་ཆོས་ལུགས་ཀྱི་དབུ་ཁྲིད་ཁག ཡུལ་སྡེ་ཁག་གི་འགོ་ཁྲིད་ཚོར་མཉམ་འབྲེལ་བྱས་ནས་མི་མང་གིས་ངོ་རྒོལ་བྱ་སྲིད་པ་འགོག་ཐབས་བྱེད་བཞིན་ཡོད། ང་ཚོས་ཞི་བདེ་བརྟན་ལྷིང་འདི་རྒྱུན་འཁྱོངས་བྱེད་ཐུབ་པའི་རེ་ལྟོས་འཆང་ཡོད་ཅེས་བཤད།

རྒྱལ་ས་ལྡི་ལི་གསར་པའི་ས་གནས་ཁག་ཅིག་ལ་ཉེན་རྟོག་པས་འགྲིམ་འགྲུལ་བཀག་ནས་མི་ཚོགས་འདུ་འཛོམས་བྱེད་མི་ཆོག་པ་དང་གསར་འགྱུར་སྤེལ་མི་ཆོག་པ་སོགས་ཀྱི་ཛ་དྲག་གི་ཁྲིམས་གཞི་ལག་ལེན་བསྟར་གྱི་ཡོད་རུང་རྒྱ་གར་གྱི་ཨུ་དྷར་པར་དྷེ་ཤི་མངའ་སྡེའི་ས་གནས་ཁག་ལ་ཛ་དྲག་གི་ཁྲིམས་གཞི་བསྡམས་ནས་བདུན་ཕྲག་གཅིག་ལྷག་འགྲོ་བཞིན་ཡོད་ཅིང་། ལྡི་ལི་དང་བྷམ་བྷེ། ཀལ་ཀ་ཏ། ཨ་མཱེ་དྷ་བྷ་ཌི། བྷེང་ལོར་དང་ཆཱེན་ནེ་སོགས་རྒྱ་གར་གྱི་གྲོང་ཁྱེར་ཁག་གི་ས་གནས་ཁག་ཏུ་བཀག་སྡོམ་ཡོད་མེད་ལ་མ་ལྟོས་པར་མི་ཚོགས་འདུས་ནས་ངོ་རྒོལ་བྱས་འདུག ཉེ་ཆར་རྒྱ་གར་གཞུང་གིས་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་ལ་སྒྱུར་བཅོས་བཏང་ནས་༢༠༡༥་ལོའི་སྔོན་ནས་པ་ཀི་སི་ཐན་དང་བྷང་ག་ལ། ཨབ་གྷ་ཎི་སི་ཐན་སོགས་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་བའི་གྲངས་ཉུང་མི་རིགས་ཏེ། ཧིན་རྡུ་ཆོས་དད་པ་དང་ཡེ་ཤུ། པར་སི་ཆོས་ལུགས་ཀྱི་རྗེས་འཇུག་པ་དང་ནང་པ་སོགས་ལ་རྒྱ་གར་གྱི་སྤྱི་དམངས་ཐོབ་ཐང་སྤྲོད་རྒྱུའི་ཐག་གཅོད་བྱས་ཀྱང་རྒྱ་གར་གཞུང་གིས་ཨབ་གྷ་ཎི་སི་ཐན་དང་པ་ཀི་སི་ཐན། བྷང་ག་ལ་ནས་བྲོས་བྱོལ་དུ་ཡོང་བའི་ཁ་ཆེ་སྐྱབས་བཅོལ་བ་ཚོར་སྤྱི་དམངས་ཀྱི་ཐོབ་ཐང་སྟེར་གྱི་མེད་པ་དང་། ཁོ་ཚོར་རང་ཡུལ་དུ་ཆོས་ལུགས་གྲུབ་མཐའི་འཐེན་འཁྱེར་ཐོག་ཏུ་གཉའ་གནོན་ཕོག་གི་མི་འདུག་ཅེས་རྒྱ་གར་གཞུང་གིས་འགྲེལ་བཤད་བརྒྱབ་མོད། རྒྱ་གར་གྱི་ཁ་ཆེ་ཚོས་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་སྒྱུར་བཅོས་བཏང་བ་དེའི་ཁོངས་སུ་ཁ་ཆེ་ཚོ་བཅུག་མེད་པ་ནི་མི་རིགས་དང་ཆོས་ལུགས་ལ་དབྱེ་འབྱེད་བྱས་པ་རེད། རྒྱ་གར་ལ་ཆོས་ལུགས་རྩ་འཛིན་མེད་པའི་རྩ་ཁྲིམས་ཤིག་གཏན་འབེབས་བྱུང་ཡོད་པ་དེའི་དགོངས་དོན་ལ་རྒྱབ་འགལ་སོང་བ་རེད་ཅེས་སྐྱོན་བཙུགས། རྒྱ་གར་ལ་མི་འབོར་དུང་ཕྱུར་༡༣་ཡོད་པ་དེའི་ཁོངས་སུ་ཁ་ཆེ་བརྒྱ་ཆ་༡༤་ཡོད་པ་རེད།

རྒྱ་གར་རྒྱལ་ཡོངས་ཀྱི་སློབ་ཕྲུག་ཚོས་སྲིད་བློན་མོ་དྷིས་འགོ་ཁྲིད་པའི་ཧིན་རྡུ་མི་རིགས་རིང་ལུགས་ཀྱི་སྲིད་གཞུང་དེས་རྒྱ་གར་ལ་མི་རིགས་འདྲ་མཉམ་དང་ཆོས་ལུགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་ཞིག་ཡོད་པ་དེར་གཏོར་བརླག་བྱེད་ཀྱི་འདུག མ་འོངས་པར་རྒྱ་གར་གྱི་ཁ་ཆེ་ཚོའི་སྤྱི་དམངས་ཀྱི་ཐོབ་ཐང་འཕྲོག་ནས་པ་ཀི་སི་ཐན་དང་ཨབ་གྷ་ཎི་སི་ཐན། བྷང་ག་ལ་སོགས་ལ་ཕྱིར་ཕུད་གཏོང་རྒྱུའི་ཉེན་ཀ་འདུག རྒྱ་གར་སྤྱི་མཐུན་རྒྱལ་ཁབ་འདི་ཧིན་རྡུ་ཆོས་ལུགས་རྩ་འཛིན་གྱི་རྒྱལ་ཁབ་ཅིག་ལ་སྒྱུར་འཆར་འདུག་ཅེས་ངོ་རྒོལ་བྱེད་བཞིན་འདུག རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མཱི་ཐེ་ཤཱ་དང་དེ་མིན་གྱི་སྲིད་དོན་པ་ཁག་ཅིག་གིས་རྒྱ་གར་ནི་ཧིན་རྡུ་ཆོས་དད་པའི་རྒྱལ་ཁབ་ཅིག་ཡིན། འཛམ་གླིང་འདིར་ཁ་ཆེའི་རྒྱལ་ཁབ་དང་འཇིའུ་སོགས་ཀྱི་རྒྱལ་ཁབ་ཡོད་ཆོག་ན་ཧིན་རྡུ་ཆོས་དད་པའི་རྒྱལ་ཁབ་ཅིག་ཡོད་མི་ཆོག་པའི་རྒྱུ་མཚན་མེད་ཅེས་སྒྲུབ་བྱེད་བཀོད། རྒྱ་གར་ཤར་ཕྱོགས་ཀྱི་ཨ་སམ་དང་དེ་མིན་གྱི་མངའ་སྡེ་ཁག་ཏུ་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་ལ་སྒྱུར་བཅོས་བཏང་བར་ངོ་རྒོལ་ཡོད། ད་ནས་བྷང་ག་ལ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་ཧིན་རྡུ་ཆོས་དད་པ་ས་ཡ་མང་པོ་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་རྒྱུ་སྟབས་བདེ་རུ་ཕྱིན་འདུག ཨ་སམ་པ་སོགས་རང་ཡུལ་དུ་གྲངས་ཉུང་མི་རིགས་ཤིག་ལ་འགྱུར་སྲིད་རྒྱུའི་ཉེན་ཀ་འདུག་ཅེས་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་སྒྱུར་བཅོས་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། བྷང་ག་ལ་དང་པ་ཀི་སི་ཐན། ཨབ་གྷ་ཎི་སི་ཐན་སོགས་ན་རྒྱ་གར་གྱི་ཧིན་རྡུ་ཆོས་དད་པ་དང་ཡེ་ཤུའི་ཆོས་དད་པ། པར་སིའི་ཆོས་དད་པ་ཉུང་ཤས་རེ་ཡོད་པ་དེ་དག་ལ་རྟག་ཏུ་ཆོས་ལུགས་གྲུབ་མཐའི་འཐེན་འཁྱེར་ཐོག་ཏུ་གཉའ་གནོན་ཕོག་གི་ཡོད་པ་རེད།

རྒྱ་གར་གྱི་སློབ་ཕྲུག་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་ཐུབ་ཀྱི་མེད་པ་དང་ལས་ཀའི་གོ་སྐབས་མེད་པ། སྲིད་བློན་མོ་དྷིས་འོས་འདེམས་ལས་འགུལ་དུས་སུ་ཁས་ལེན་དམ་བཅའ་བཞག་པ་རྣམས་ལག་ལེན་བསྟར་གྱི་མེད་པར་ཐུག རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་ཞིབ་འཇུག་བྱས་པ་ལྟར་ན་ལོ་འདིའི་ཕྱི་ཟླ་༧་ནས་༩་བར་དུ་རྒྱ་གར་གྱི་དཔལ་འབྱོར་ཆ་བརྒྱ་༤་དང་གྲངས་ཆུང་༥་ལས་འཕེལ་རྒྱས་འགྲོ་ཐུབ་མེད། འདི་ནི་འདས་པའི་ལོ་༦་གི་ནང་དུ་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ཆེས་དལ་ཤོས་ཤིག་ཡིན་རུང་རྒྱ་གར་གྱི་མི་མང་ལས་ཤོར་པའི་གྲངས་འབོར་འདས་པའི་ལོ་༤༥་ནང་དུ་བྱུང་མྱོང་མེད་པ་ཞིག་མང་དུ་ཕྱིན་འདུག ཉམས་ཞིབ་པ་ས་ཏི་ཤི་མཱི་སི་ར་ཞེས་པ་ཞིག་གིས་རྒྱ་གར་གྱི་ན་གཞོན་ཚོ་སྲིད་གཞུང་ལ་ཡིད་ཆེས་བརླག་གི་འདུག སྲིད་བློན་མོ་དྷིའི་གཞུང་གིས་རྒྱལ་ཁབ་ཡར་རྒྱས་གཏོང་རྒྱུའི་སྲིད་ཇུས་ཁག་ལག་ལེན་བསྟར་རྒྱུའི་ཚབ་ཏུ་སྤྱི་ཚོགས་ལ་ཟིང་ཆ་སློང་བའི་སྲིད་ཇུས་རྣམས་ལག་ལེན་བསྟར་གྱི་འདུག་ཅེས་བཤད། རྒྱ་གར་གྱི་སློབ་ཆེན་༥༠་ཐམ་པས་སྲིད་བློན་མོ་དྷིའི་གཞུང་གིས་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་ལ་སྒྱུར་བཅོས་བཏང་བར་ངོ་རྒོལ་བྱས་ཤིང་། ཨ་རིའི་ཧར་ཝྭར་ཌི་དང་ཡེལ། དབྱིན་ཇིའི་ཁེམ་བྷི་རེ་ཇཱི་དང་ཨོཀ་སི་ཧྥོར་སོགས་འཛམ་གླིང་གི་སློབ་ཆེན་སྐད་གྲགས་ཅན་དེ་དག་གི་སློབ་ཕྲུག་ཚོས་ཀྱང་རྒྱ་གར་གྱི་སློབ་ཕྲུག་ཚོར་རྒྱབ་སྐྱོར་བྱས་ཏེ་རྒྱ་གར་གཞུང་གིས་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་ལ་སྒྱུར་བཅོས་བཏང་བར་ངོ་རྒོལ་བྱས་འདུག

XS
SM
MD
LG