༄༅།། རྒྱ་དཀར་ནག་གཉིས་ཞི་འགྲིག་ཡོང་བར་གྲོས་མོལ་སྔ་རྗེས་བྱས་དང་བྱེད་བཞིན་ཡོད་པའི་མཚམས་འདིར་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐ་སིང་ཉིན་གསུམ་གྱི་རིང་དུ་ལ་དྭགས་ལ་གཟིགས་ཞིབ་ཏུ་ཕེབས་ནས་རྒྱ་གར་གྱི་དམག་ལ་དོན་མེད་དཀའ་ངལ་བཟོ་མཁན་ཚོར་ལན་པ་ཏག་ཏག་སློག་ཐུབ་པའི་ནུས་སྟོབས་ཡོད་ཅེས་ཐེངས་ཁ་ཤས་གསུངས་ཤིང་། ཁོང་གིས་ས་མཚམས་ཀྱི་གཞུང་ལམ་དང་ཟམ་པ་སོགས་ལས་གཞི་མི་འདྲ་བ་༦༣་ལེགས་གྲུབ་བྱུང་བ་རྣམས་སྒོ་འབྱེད། དེ་བཞིན་རྒྱ་གར་གྱི་དམག་མི་ཚོར་ཐུག་འཕྲད་སོགས་ཀྱི་དོན་དུ་ཕྱི་ཚེས་༢༧་ནས་ལ་དྭགས་སུ་ཕེབས་ཏེ་གཟིགས་ཞིབ་གནང་གི་ཡོད་ཅིང་། ཐེངས་འདིར་རྒྱལ་སྲུང་བློན་ཆེན་དང་ལ་དྭགས་ཀྱི་དམག་ཞབས་ཟུར་པ་༣༠༠་ཡས་མས་ཤིག་ཐུག་འཕྲད་བྱུང་བ་དང་རྒྱ་གར་དམག་གི་བློས་གཏོང་ལ་གུས་བཀུར་དང་ཆེ་བསྟོད་ཞུས།།
རྒྱ་གར་གཞུང་གིས་གྷལ་ཝན་ལུང་གཤོང་དུ་ཚེ་སྲོག་ཤོར་བའི་རྒྱ་གར་གྱི་དམག་མི་དེ་དག་གི་བློས་གཏོང་རྣམས་ནམ་ཡང་བརྗེད་མི་སྲིད། ང་ཚོས་སྔོན་གཤེགས་དཔའ་བོ་དེ་དག་གི་བློས་གཏོང་ལ་རྗེས་དྲན་ཞུ་དགོས། རྒྱ་གར་གྱི་དམག་ལ་དོན་མེད་དཀའ་ངལ་བཟོ་མཁན་ཚོར་ལན་པ་ཏག་ཏག་སློག་ཐུབ་པའི་ནུས་སྟོབས་ཡོད། རྒྱ་གར་ནི་ཞི་བདེར་དགའ་བ་དང་ལོ་རྒྱུས་ཐོག་ཏུ་རྒྱལ་ཁབ་གཞན་གྱི་ས་ཆ་བཙན་བཟུང་བྱས་མྱོང་མེད། ང་ཚོས་གྲོས་མོལ་བྱས་ནས་དཀའ་ངལ་སེལ་དགོས་པ་ལས་མེ་མདའ་བརྒྱབ་ནས་དཀའ་ངལ་སེལ་ཐབས་བྱེད་ཀྱི་མེད་། གྲོས་མོལ་ནི་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་ཐབས་ལམ་འབའ་ཞིག་ཡིན་ཞེས་རྒྱ་ནག་ལ་གོ་ནོར་ཐེབས་ས་མེད་པའི་བརྡ་ཞིག་བཏང་འདུག རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་པིན་གྱིས་རྒྱ་གར་གཞུང་གིས་ས་མཚམས་སུ་དམག་མི་འབོར་ཆེན་ཞིག་གཏོང་གི་ཡོད་པ་ནི་འབྲེལ་ཡོད་རྒྱལ་ཁབ་ཕྱོགས་གཉིས་ཀྱིས་གྲོས་སྡུར་ལྟར་དཀའ་ངལ་རྣམས་སེལ་ཐབས་སུ་འབད་དགོས་པའི་གྲོས་མཐུན་བྱུང་བ་དེའི་ལྡོག་ཕྱོགས་ཤིག་ལག་ལེན་བསྟར་གྱི་འདུག དེང་སྐབས་ས་མཚམས་ཀྱི་གནས་སྟངས་དེ་བརྟན་ལྷིང་དང་ཕྱོགས་གཉིས་ཀས་གྲོས་མོལ་བརྒྱུད་ནས་དཀའ་ངལ་སེལ་མུས་ཡིན་ཞེས་བཤད་འདུག
བྷུ་ལུམ་བྷག་གསར་འགྱུར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རྒྱ་གར་གཞུང་གིས་རྩོད་གཞི་ཡོད་སའི་ས་མཚམས་ཁག་ཏུ་དམག་མི་ཁྲི་ཚོ་ལྔ་ཁ་སྣོན་བཏང་སྟེ་སྔ་ལོའི་དམག་དཔུང་གི་གྲངས་འབོར་བརྒྱ་ཆ་༤༠་ཐམ་པ་མང་དུ་བཏང་སྟེ་རྒྱ་གར་གྱི་དམག་འབུམ་གཉིས་ཙམ་བོད་ཀྱི་ས་མཚམས་ཁག་ཏུ་བཏང་ཡོད་པར་མ་ཟད། རྒྱ་ནག་གིས་ཀྱང་འདས་པའི་ཟླ་ཤས་ནང་དུ་བོད་དང་ཞིན་ཅང་གི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་དམག་ལ་མཚོན་ཆ་གསར་པ་བཀྲམ་ཡོད་པའི་གནས་ཚུལ་ཐོན། རྒྱ་དཀར་ནག་གི་དམག་དཔོན་རིམ་པའི་གྲོས་མོལ་ཐེངས་༡༢་པ་བྱ་རྒྱུ་གཏན་ཁེལ་ཡོད་པའི་མཚམས་འདིར་རྒྱལ་སྲུང་བློན་ཆེན་ལ་དྭགས་ལ་གཟིགས་ཞིབ་ཏུ་ཕེབས་པར་རྒྱ་དཀར་ནག་གཉིས་དང་རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།
བོད་དང་རྒྱ་དཀར་ནག་གི་གནད་དོན་དབྱེ་ཞིབ་པ་ཁེ་ལོ་ཌི་ཨར་ཕིས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་༡༠༠་འཁོར་གྱི་ཡོད་པའི་དུས་ཆེན་སྔོན་འདིར་རྒྱ་ནག་གིས་བོད་པ་ཚོར་དམག་སྦྱོང་སྤྲད་ནས་རྒྱ་གར་གྱི་ས་མཚམས་སུ་འགྲེམ་འཇོག་བྱ་རྒྱུའི་དྲིལ་བསྒྲགས་བྱེད་ཀྱི་འདུག རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་དུས་ཚོད་འདི་འདྲ་ཞིག་གི་སྐབས་སུ་ལ་དྭགས་ལ་ཕེབས་ནས་དམག་མི་ཚོར་ཐུག་འཕྲད་དང་ས་གནས་ཀྱི་གནས་སྟངས་ལ་རྒྱུས་ལོན་བྱེད་ཀྱི་ཡོད་པ་ནི་རྒྱ་གར་གཞུང་དམངས་གཉིས་དམག་གི་རྒྱབ་རྩར་ལངས་ཡོད་པའི་མཚོན་དོན་ཞིག་རེད། སྲིད་བློན་མོ་དྷི་དང་རྒྱལ་སྲུང་བློན་ཆེན་གཉིས་སྔ་རྗེས་སུ་ལ་དྭགས་ལ་དངོས་སུ་ཕེབས་ཤིང་། རྒྱལ་སྲུང་བློན་ཆེན་ཉིན་གསུམ་གྱི་རིང་དུ་ལ་དྭགས་སུ་བསྡད་པ་དེས་རྒྱ་གར་གྱིས་ས་ཆ་སོར་གང་བློས་གཏོང་རྒྱུ་མིན་པའི་བརྡ་ལན་གསལ་པོ་ཞིག་བཏང་བ་རེད་ཅེས་བཀྲལ། ན་ནིང་ཕྱི་ཟླ་༥་པ་ནས་རྒྱ་དཀར་གཉིས་ཧིན་བོད་ས་མཚམས་སུ་འཁྲུག་རྩོད་བྱུང་། ད་ལོའི་ཕྱི་ཟླ་༣་བར་དུ་ཕྱོགས་གཉིས་ཀྱི་དམག་དཔོན་རིམ་པས་གྲོལ་མོལ་ཐེངས་༡༡་བྱས་ནས་གྷལ་ཝན་ལུང་གཤོང་དང་སྤང་གོང་མཚོ་འགྲམ་ནས་རྒྱ་དམག་མཐར་སྐྲོད་གཏོང་ཐུབ་ཡོད་ཀྱང་བདེ་སང་ལ་དང་གྷོ་ར། ཆུ་ཚན་ས་ཁུལ་བཅས་ཀྱི་བདག་དབང་ཐོག་ཏུ་སྔར་བཞིན་ཕྱོགས་གཉིས་ཀྱིས་རྩོད་པ་རྒྱག་གི་ཡོད་པའི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།