ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

གཟའ་ཟླ་བའི་ཉིན་རྒྱ་གར་བ་འབུམ་༣་དང་ཕྱེད་ཀ་ལྷག་ལ་ནད་དུག་འགོས་པ། 


༄༅།། ཕྱི་ཟླ་༤་པའི་ཚེས་༢༦་ཉིན་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་འདས་པའི་ཉིན་ཞག་གཅིག་་གི་རིང་དེར་མི་༣༥༢༩༩༡་ལ་ཏོག་དབྱིབས་ནད་དུག་གསར་དུ་འགོས་པ་དང་མི་༢༨༡༢་འདས་གྲོངས་སུ་གྱུར་སོང་ཞེས་བསྒྲགས། འདི་ནི་རྒྱ་གར་ལ་ཉི་མ་རེར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་འབུམ་༢་ལྷག་ནས་འབུམ་༣་དང་ཕྱེད་ཀ་ལྷག་བསྟུད་མར་ཐོན་པའི་ཉིན་ལྔ་པ་དེ་ཡིན་ཞིང་། དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ། འཇར་མན་ཎི་དང་ཨ་མི་རི་ཀ ཐ་ན་པ་ཀི་སི་ཐན་གྱིས་ཀྱང་རྒྱ་གར་ལ་ཕྱོགས་གང་ཐད་དུ་རོགས་སྐྱོར་བྱ་རྒྱུའི་ཁས་ལེན། རྒྱ་གར་གྱི་དམག་གི་སྐྱེལ་འདྲེན་གནམ་གྲུ་དེ་ཚོས་འཛམ་གླིང་རྒྱལ་ཁབ་གང་ས་ནས་འཚོ་རླུང་དང་དབུགས་གཏོང་འཕྲུལ་ཆས། ཁ་རས་དང་སྨན། ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བཟོ་སྤྱད་རྒྱུ་ཆ་སོགས་རྒྱ་གར་ལ་རོགས་སྐྱོར་སྤྲོད་རྒྱུ་འགོ་ཚུགས། ཡིན་ནའང་འདས་པའི་ཉི་མ་གསུམ་གྱི་རིང་དུ་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་ས་ཡ་གཅིག་ལྷག་བྱུང་སྟེ་རྒྱལ་ས་ལྡི་ལི་དང་མུམ་བྷེ། ཀ་ལི་ཀ་ཏ་སོགས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་གི་སྨན་ཁང་ཁག་ཏུ་ནད་པ་བསྙལ་ས་མེད་པ་དང་འཚོ་རླུང་འདང་ངེས་མེད་པ། རྒྱལ་ས་ལྡི་ལིའི་མངའ་སྡེ་གཞུང་གིས་ཕྱི་ཟླ་༥་པའི་ཚེས་༣་བར་དུ་འགྲོ་འོང་བཀག་སྡོམ། ལྡི་ལི་གྲོང་ཁྱེར་གཞུང་གིས་འཚོ་རླུང་བཟོ་སྐྲུན་བྱེད་ཀྱི་མེད་པས་དབུས་གཞུང་གི་བགྲོ་འགྲེམ་གཅིག་པུར་རེ་ལྟོས་འཆང་དགོས། དེས་ན་རྒྱལ་སའི་སྨན་ཁང་ཁག་ལ་ནད་པ་ཚོར་འཚོ་རླུང་རྒྱག་རྒྱུ་མེད་པར་དམིགས་བསལ་གྱི་དཀའ་ངལ་ཞིག་འཕྲད། ནད་པ་བརྒྱ་ཕྲག་མང་པོ་སྨན་ཁང་ཁག་ཏུ་ཉལ་ས་དང་འཚོ་རླུང་མེད་པར་འཆི་སྐྱོན། རྒྱ་གར་གྱི་ས་གནས་མང་པོར་མི་མང་ལ་དུར་ཁང་དུ་འདས་པོ་རྣམས་ཕུར་པོ་སྲེག་ས་མ་ཐོབ་པར་རྒྱ་ལམ་ཟུར་དུ་བེམ་པོ་མེར་སྲེག་གཏོང་དགོས་ཐུག་འདུག

རྒྱ་གར་གྱི་ཏོག་ནད་ཕོག་པའི་ནད་པ་ཞིག་ལ་འཚོ་རླུང་གཏོང་བཞིན་པ།
རྒྱ་གར་གྱི་ཏོག་ནད་ཕོག་པའི་ནད་པ་ཞིག་ལ་འཚོ་རླུང་གཏོང་བཞིན་པ།

ཨ་རིའི་མཉམ་འབྲེལ་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་པ་ལྟར་ན། གཟའ་སྤེན་པའི་ཉིན་ཡང་རྒྱལ་ས་ལྡི་ལིའི་གཞུང་གིས་འཚོ་རླུང་རོགས་སྐྱོབ་གནང་རོགས་ཞེས་དབུས་གཞུང་དང་མངའ་སྡེ་གཞན་ཁག་གི་སྤྱི་ཁྱབ་བློན་ཆེན་རྣམས་ལ་ཛ་དྲག་གི་འབོད་སྐུལ་ཞུས། ཁ་སང་གཟའ་ཉི་མའི་ཉིན་སྲིད་བློན་མོ་དྷིས་རྒྱ་གར་གཞུང་གིས་རྫོང་ཁག་རེར་འཚོ་རླུང་བཟོ་གྲྭ་རེ་འཛུགས་རྒྱུ་དང་ཁྱོན་བསྡོམས་འཚོ་རླུང་བཟོ་གྲྭ་༥༥༡་གསར་འཛུགས་བྱ་རྒྱུ་ཡིན་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ནད་པ་མང་དག་ཅིག་གིས་སྲིད་བློན་མོ་དྷིའི་ཁས་ལེན་དེ་མངོན་དུ་འགྱུར་རྒྱུ་དེར་སྒུག་མ་ཐུབ་པར་ཕྱི་མའི་ལྔ་ལམ་དུ་བཞུད། དེང་སྐབས་རྒྱ་གར་མི་དམངས་ཀྱིས་ངོ་དེབ་དང་ཊོས་ཊར་སོགས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་བརྒྱུད་ནས་སྨན་ཁང་ཁག་ཏུ་ནད་པ་བསྙལ་ས་ཡོད་མེད་པ་དང་འཚོ་རླུང་གཏོང་རྒྱུ་ཡོད་མེད་སོགས་རྩད་གཅོད་བྱས་ནས་རང་མགོ་འཐོན་ཐབས་བྱ་རྒྱུ། རྒྱ་གར་གཞུང་དང་སྲིད་བློན་མོ་དྷི་སོགས་ལ་རེ་བ་འཆང་རྒྱུ་མེད་པའི་ཡི་ཐང་ཆད། མི་དམངས་ཀྱིས་རང་གི་བཟའ་ཟླ་བུ་ཕྲུག་དང་ཕ་མ། སྤུན་ཉེ་རྣམས་སྐྱོབ་ཐབས་སུ་ནག་ཚོང་ཁྲོམ་རའི་ནང་དུ་འཚོ་རླུང་ཉོ་ཐབས་དང་གཞུང་གི་སྨན་ཁང་ཁག་སྦོ་ལུག སྒེར་གྱི་སྨན་ཁང་ཁག་གིས་ཧིན་སྒོར་འབུམ་ཕྲག་མང་པོ་སྨན་ཡོན་ལེན་གྱི་ཡོད་པས་རྒྱ་གར་བ་དབུལ་ཕོངས་ཚོར་སྨན་ཡོན་དང་ནག་ཚོང་ཁྲོམ་ར་ནས་འཚོ་རླུང་ཉོ་སྤྱད་དངུལ་སྒོར་མེད་པར་ནད་པ་ཚོ་མིག་གིས་མཐོང་སར་འཆི་རུ་མི་འཇུག་ཀ་མེད་དུ་གྱུར། རྒྱ་གར་དབུས་གཞུང་གིས་ནད་ཡམས་སྔོན་འགོག་གི་འགན་འཁྲི་ཕལ་ཆེ་བ་མངའ་སྡེ་ཁག་གི་སྟེང་དུ་གཡུག་གི་ཡོད་པ་དང་ཊོས་ཊར་དྲྭ་ལམ་དུ་རྒྱ་གར་དབུས་གཞུང་ལ་སྐྱོན་བརྗོད་ཀྱི་འཕྲིན་ཐུང་སྤེལ་བ་མང་ཆེ་བ་ཊོས་ཊར་དྲྭ་རྒྱ་བཟོ་ཚོང་ཁང་ལ་ནག་སུབ་བྱེད་དུ་བཅུག་འདུག

ཁ་སང་ཉི་མའི་ཉིན་སྲིད་བློན་མོ་དྷིའི་ཟླ་རེའི་རྒྱལ་ཡོངས་རླུང་འཕྲིན་གཏམ་བཤད་ནང་དུ་སྨན་སྦྱོར་བཟོ་ཚོང་ལས་ཁང་ཁག་དང་སྨན་ཁབ་བཟོ་སྦྱོར་བཟོ་ཚོང་ལས་ཁང་ཁག འཚོ་རླུང་བཟོ་གྲྭ་ཁག་གི་འགོ་ཁྲིད་ཚོར་གྲོས་སྡུར་བྱས་ནས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཐེངས་གཉིས་པ་ཁྱབ་ཀྱི་ཡོད་པ་ཇི་ལྟར་འགོག་དགོས་པའི་གྲོས་སྡུར་བྱས་པ་ཡིན། རྒྱ་གར་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཐེངས་དང་པོའི་སྐབས་སུ་ནད་ཡམས་སྔོན་འགོག་ལ་གྲུབ་འབྲས་ཆེན་པོ་ཐོན་ཡོད། ཏོག་དབྱིབས་ནད་དུག་ཁྱབ་གདལ་ཐེངས་གཉིས་པ་འདིས་རྒྱ་གར་ལ་གཡོ་སྐྱོམ་ཆེན་པོ་ཞིག་བརྒྱབ་སོང་ཞེས་བཤད། རྒྱ་གར་གྱི་ཉམས་ཞིབ་པ་ཕལ་ཆེ་བས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཐེངས་གཉིས་པ་བྱུང་སྟེ་ཉིན་ལྟར་མི་གྲངས་འབུམ་ཕྲག་མང་པོར་ནད་མནར་དང་མི་སྟོང་ཕྲག་མང་པོར་འཆི་སྐྱོན་འབྱུང་དགོས་པའི་ལན་ཁག་གཙོ་བོ་སྲིད་བློན་མོ་དྷི་དང་བྷེ་ཇེ་པེ་སྲིད་གཞུང་ཚོགས་པར་ཡོད། རྒྱ་གར་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་པར་ལོ་གཅིག་ཡས་མས་ཤིག་ལ་གྲ་སྒྲིག་གི་དུས་ཚོད་བྱུང་ཡོད། སྲིད་བློན་མོ་དྷིའི་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཐེངས་དང་པོ་མགོ་འཇོམས་པའི་རྗེས་སུ་རྦད་དེ་སྣང་ཆུང་དང་ལྷོད་ཡངས་བཏང་སོང་། རྒྱ་གར་གྱི་སྨན་སྦྱོར་བཟོ་ཚོང་ལས་ཁང་ཁག་གིས་བཟོས་པའི་འགོག་ཁབ་ས་ཡ་༦༥་ལྷག་རྒྱལ་ཁབ་༩༠་ལྷག་ལ་ཕྱིར་ཚོང་བྱས་ནས་འཇོན་མདོག་བསྟན། མཐར་རྒྱ་གར་ལ་ནད་དུག་ཁྱབ་གདལ་ཐེངས་གཉིས་པ་བསླེབས་དུས་རྒྱ་གར་མི་དམངས་ལ་འགོག་ཁབ་མེད་པར་རྒྱལ་ཁབ་གཞན་ལ་རོགས་སྐྱོབ་སློང་དགོས་པའི་ཚད་དུ་ལྷུང་། རྒྱ་གར་མི་དམངས་ཀྱིས་ཀྱང་ཁ་རས་མ་གྱོན་པ་དང་སྤྱི་ཚོགས་རྒྱང་བཀྱེད་མེད་པར་མི་ཚོགས་འདུ་འཛོམ། ཆོས་ལུགས་དང་ཆབ་སྲིད་ཀྱི་འདུ་འཛོམ་ཁག་ཏུ་མི་གྲངས་ས་ཡ་མང་པོ་གནས་གཅིག་ཏུ་འདུས་ནས་རྒྱ་གར་ལ་སླར་ཡང་ཏོག་དབྱིབས་ནད་དུག་ཁྱབ་གདལ་བྱུང་བ་རེད་ཅེས་སྐྱོན་བཙུགས།།

རྒྱ་གར་གྱི་སྨན་པ་མཁས་པ་དང་ཉམས་ཞིབ་མཁས་པ། ཨ་རིའི་ནད་རིགས་སྔོན་འགོག་མཁས་པ་དང་ཉམས་ཞིབ་པ་ཐམས་ཅད་ཀྱིས་ཕྱི་ཟླ་༥་པའི་ཟླ་དཀྱིལ་བར་དུ་རྒྱ་གར་ལ་ནད་ཏོག་དབྱིབས་དུག་ཁྱབ་གདལ་གྱི་ངར་ཤུགས་ཆག་ཐུབ་རྒྱུ་ཁག་པོ་རེད། དེའི་བར་དུ་ཉི་མ་རེར་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་ཉུང་ཐར་ཡང་འབུམ་༥་ནས་ས་ཡ་གཅིག་ཡས་མས་རེ་འབྱུང་རྒྱུ། ཉིན་ལྟར་རྒྱ་གར་བ་སྟོང་ཕྲག་༤་ནས་སྟོང་༥་ཡས་མས་རེར་འཆི་སྐྱོན་འབྱུང་རྒྱུ། ཕྱི་ཟླ་༥་པའི་ཟླ་དཀྱིལ་ནས་རྒྱ་གར་ལ་ནད་མནར་དང་འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་འཕར་སྣོན་མ་སོང་བར་སྙོམས་པོ་ཞིག་ལ་འགྱུར་རྒྱུ། དེ་ནས་རིམ་བཞིན་ནད་མནར་དང་འཆི་སྐྱོན་གྱི་གྲངས་འབོར་ཉུང་དུ་འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་གར་བ་དང་རྒྱལ་སྤྱིའི་ཉམས་ཞིབ་པ་ཚང་མས་རྒྱ་གར་གཞུང་གིས་ཉིན་ལྟར་མི་ལ་ནད་མནར་དང་འཆི་སྐྱོན་གྱི་གྲངས་འབོར་ཞིག་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པ་ནི་ཧ་ཅང་གི་ཉུང་ཉུང་ཞིག་རེད། སྨན་ཁང་དུ་མ་བསླེབས་པར་རང་ཁྱིམ་དུ་འཆི་བཞིན་པའི་ནད་པའི་གྲངས་འབོར་རྣམས་གཞུང་གི་གཞི་གྲངས་ཁོངས་སུ་འདུས་མི་འདུག རྒྱ་གར་གྱི་སྨན་ཁང་ཁག་ཏུ་ནད་པ་ཅི་ཙམ་འཆི་བཞིན་ཡོད་པ་དང་ཕུང་སྲེག་ཁང་དེ་དག་གིས་ཉིན་རེར་བེམ་པོ་ཅི་ཙམ་མེར་སྲེག་གཏོང་གི་ཡོད་མེད་ཀྱི་གྲངས་ཐོ་རྣམས་ཕྱིར་བསྒྲགས་བྱེད་ཕོད་ཀྱི་མེད་པ། ད་དུང་རྒྱ་གར་གྱི་གྲོང་གསེབ་ཁག་ཏུ་གཞུང་གིས་ཐོ་འགོད་བྱས་མ་ཐུབ་པར་ནད་མནར་དང་འཆི་སྐྱོན་འབྱུང་བཞིན་པ་གྲངས་ཀྱིས་མི་ཟིན། མདོར་ན་རྒྱ་གར་ལ་ཏོག་དབྱིབས་ནད་དུག་གིས་ནད་མནར་དང་འཆི་སྐྱོན་འབྱུང་བཞིན་པའི་གྲངས་འབོར་ནི་སྲིད་གཞུང་གིས་ཕྱིར་བསྒྲགས་བྱས་པ་ལས་ཀྱང་ལྡབ་འགའ་ཞིག་མང་བ་ཡོད་ཤས་ཆེ་ཞེས་གླེང་། ད་ལྟའི་བར་དུ་རྒྱ་གར་རྒྱལ་ཡོངས་སུ་མི་གྲངས་ས་ཡ་༡༧་དང་ཕྱེད་ཀ་ཙམ་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་གྲངས་མི་འབུམ་༢་མ་ཟིན་ཙམ་ལ་འཆི་སྐྱོན་བྱུང་སོང་ཞེས་གཞུང་གི་གཞི་གྲངས་སུ་བཀོད།།

ཕྱི་ཟླ་༤་པ་གཅིག་པུ་འདིར་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ས་ཡ་༥་ལྷག་བྱུང་ཡང་མི་ཚོགས་འདུ་འཛོམ་བྱ་རྒྱུ་ནི་མཚམས་འཇོག་གི་མེད་པ་སྟེ། ཕྱི་ཟླ་༤་པའི་ཚེས་༡་ནས་ཟླ་བ་འདིའི་ཟླ་མཇུག་བར་དུ་རྒྱ་གར་བྱང་ཕྱོགས་ཀྱི་ཨུ་ཏར་ཁན་མངའ་སྡེའི་ཧ་རི་དྷོ་ཝར་ས་གནས་སུ་ཟླ་བ་གཅིག་གི་རིང་དུ་ཀུམ་བྷུ་མེ་ལ་ཞེས་པའི་ཆོས་ལུགས་དུས་ཆེན་ཚུགས་ནས་རྒྱ་གར་བ་ས་ཡ་མང་པོ་ས་གནས་གཅིག་ཏུ་འདུས། ཁོ་ཚོས་ཆུ་བོ་གངྒའི་ནང་དུ་ལུས་པོ་བཀྲུས་ནས་སྡིག་གྲིབ་དག་ཐབས་སུ་འབད། དེ་བཞིན་ན་ནིང་ཕྱི་ཟླ་༡༡་པ་ནས་རྒྱ་གར་གྱི་ཞིང་པ་ཚོས་དབུས་གཞུང་གིས་ཞིང་ལས་བཅའ་ཁྲིམས་ཤིག་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་མཚམས་འཇོག་གི་མེད་པ། ཉེ་ཆར་རྒྱ་གར་གྱི་མངའ་སྡེ་ཁག་ཅིག་ལ་ས་གནས་འོས་འདེམས་ཀྱི་དྲིལ་བསྒྲགས་སྤེལ་ནས་མི་ཚོགས་ཁྲི་ཚོ་མང་པོ་བསྡུས། དེ་རིང་གཟའ་ཟླ་བའི་ཉིན་ཡང་རྒྱ་གར་གྱི་པན་ཇབ་དང་ཧ་རི་ཡ་ན། ཨུ་ཏར་པུར་དྷེ་ཤི་མངའ་སྡེའི་ཞིང་པ་ཚོས་རྒྱལ་ས་ལྡི་ལིའི་རྒྱ་ལམ་ཞིག་བཀག་ནས་ངོ་རྒོལ་ལས་འགུལ་སྤེལ་རྒྱུན་བསྐྱངས། ཀི་ཏུ་མན་སིང་ཞེས་པའི་ཞིང་པ་ཞིག་གིས་རྒྱ་གར་གཞུང་གིས་གཏན་ལ་ཕབ་པའི་ཞིང་ལས་བཅོས་སྒྱུར་གྱི་ཁྲིམས་དེ་ཏོག་དབྱིབས་ནད་དུག་ལས་ཀྱང་ཉེན་ཚབས་ཆེ། སྲིད་བློན་མོ་དྷིས་ཞིང་ལས་དེང་རབས་ཅན་དུ་བསྒྱུར་རྒྱུའི་བཅའ་ཁྲིམས་ཤིག་གཏན་ལ་ཕབ་ཡོད་པ་དེས་རྒྱ་གར་གྱི་ཞིང་པའི་འཚོ་བ་རྩ་མེད་གཏོང་གི་འདུག ང་ཚོ་ཏོག་དབྱིབས་ནད་དུག་འོག་ནས་ཐར་ཐུབ་ཀྱང་ཞིང་ལས་བཅོས་སྒྱུར་གྱི་ཁྲིམས་ནག་དེས་རྒྱ་གར་གྱི་ཞིང་པའི་མདུན་ལམ་རྨེག་མེད་དུ་འཇོམས་རྒྱུ་རེད། ང་ཚོ་ཏོག་དབྱིབས་ནད་དུག་ལ་སྐྲག་གི་མེད། ཅིའི་ཕྱིར་ཞེ་ན་ང་ཚོར་དེ་ལས་ཚབས་ཆེ་བའི་སེམས་ཁྲལ་བྱ་ཡུལ་ཞིག་ཡོད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

XS
SM
MD
LG