ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་གར་ལ་ནད་དུག་ཁྱབ་པའི་ཛ་དྲག་གིས་སྨན་ཁབ་ཕྱིར་ཚོང་འགག་སྲིད།


༄༅།། དེང་སྐབས་རྒྱ་གར་ལ་ཉིན་ལྟར་ནད་དུག་གསར་དུ་ཕོག་མཁན་མི་གྲངས་ ༡༣༠༠༠༠་བརྒལ་ཏེ་ཚབས་ཆེའི་གནས་སྟངས་ཤིག་གི་འོག་ཏུ་ལྷུང་ཡོད་ཅིང་། དེར་བརྟེན་འཛམ་གླིང་གི་དབུལ་ཕོངས་རྒྱལ་ཁབ་མང་པོར་རྒྱ་གར་གྱིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཕྱིར་ཚོང་དང་འགྲེམ་སྤེལ་བྱེད་ཀྱི་ཡོད་པར་འགོག་རྐྱེན་ཆེན་པོ་ཞིག་འཕྲད་སྲིད་པའི་ཉེན་ཁ་ཆེ། རྒྱ་གར་རྒྱལ་ཡོངས་སུ་ནད་དུག་ཁྱབ་ཡུལ་ཤུགས་ཆེ་ཤོས་ནི་མ་ཧ་ར་ཤི་ཊི་ར་མངའ་སྡེ་ཡིན་པ་སྟེ། མི་འབོར་ས་ཡ་༤་ལྷག་པའི་པུ་ན་གྲོང་ཁྱེར་དུ་ནད་པ་མང་དྲགས་པའི་སྟབས་ཀྱིས་སྨན་ཁང་ཁག་ལ་དབུགས་སྣོན་འཕྲུལ་ཆས་ཉུང་དྲགས་པ་དང་ནད་པ་འཇོག་ཡུལ་མེད་པའི་གནས་སུ་ལྷུང་ཡོད་པའི་གནས་ཚུལ་རྣམས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བཀོད་འདུག

རྒྱ་གར་ནི་རྒྱལ་སྤྱིའི་ཐོག་ཏུ་སྨན་གསར་པ་དང་འགོག་ཁབ་གསར་པ་བཟོ་སྐྲུན་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པར་མ་ཟད། ཏོག་དབྱིབས་ནད་དུག་གི་ དཀའ་ངལ་སེལ་བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་གཞོགས་འདེགས་དང་རྒྱལ་ཚོགས་ཀྱི་རྒྱབ་སྐྱོར་འོག་ཀོ་ཝྭེཀ་སི་ཞེས་པའི་འགོག་སྨན་དེའི་རིགས་
བཟོ་སྐྲུན། འཛམ་གླིང་གི་དབུལ་ཕོངས་རྒྱལ་ཁབ་ཁག་ལ་སྨན་ཁབ་འགྲེམ་སྤེལ་བྱེད་མཁན་གཙོ་བོ་ཞིག་ཏུ་གྱུར། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་རྒྱ་གར་ལ་བསྐྱར་དུ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ཛ་དྲག་ཆེ་རུ་འགྲོ་བཞིན་པས་རྒྱ་གར་གྱིས་རྒྱལ་ནང་གི་དགོས་མཁོར་གཞིགས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་འགོག་ཁབ་ཕྱིར་ཚོང་དང་རོགས་རམ་སྤྲོད་རྒྱུ་ནར་འགྱངས་གཏོང་སྲིད་པའི་བློ་འཚབ་ཡོང་གི་ཡོད་པ་རེད་། རྒྱ་གར་གྱི་ཚན་རིག་ཉམས་ཞིབ་ལྟེ་གནས་ཁང་གི་འགོས་ནད་སྔོན་འགོག་མཁས་པ་སྨན་པ་ཝྭི་ཎི་ཏ་བྷེལ་གྱིས་ནད་ཡམས་ཁྱབ་པའི་དུས་སུ་རྒྱ་གར་ལ་ཡུན་རིང་གི་འཆར་འགོད་དང་གྲ་སྒྲིག་མེད་པ། སྨན་ཁང་ཁག་དང་འཕྲོད་བསྟེན་ལྟེ་གནས་ཁག་ཚགས་ཚུད་མེད་པར་གནས་སྐབས་ཀྱི་དགོས་མཁོ་བསྒྲུབ་རྒྱུ་འབའ་ཞིག་ལ་འབད་བརྩོན་ཤུགས་ཆེ་བ་བྱས་པས་དཀའ་ངལ་འདི་བསྐྱར་དུ་འཕྲད་ཀྱི་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག

རྒྱ་གར་གྱི་པུ་ན་གྲོང་ཁྱེར་གྱི་ཕྲལ་སེལ་སྨན་བཅོས་ཁང་ཁག་ཅིག་སྒོ་བརྒྱབ་པ་དང་འཛམ་གླིང་གི་ཡུལ་གྲུ་གང་སར་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཁྱབ་ནས་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ཀྱི་ཡོད་ཀྱང་རྒྱ་གར་ལ་འདས་པའི་ཟླ་ཤས་རིང་ནད་དུག་ཁྱབ་གདལ་དེ་ཙམ་མ་བྱུང་བས་སྤྱི་སྒེར་གཉིས་ཀས་ལྷོད་ཡངས་དང་འཐུས་ཤོར་བྱུང་སྟེ་ཉེ་དུས་ཤིག་ནས་རྒྱ་གར་ལ་ཉིན་རེར་མི་འབུམ་གཅིག་དང་ཁྲི་གསུམ་ཡས་མས་རེ་ལ་གསར་དུ་ནད་དུག་འཕོག་གི་ཡོད་པ་རེད། ད་ལྟའི་བར་དུ་རྒྱ་གར་རྒྱལ་ཡོངས་སུ་མི་༡༧༡༠༥༨་ལ་ཏོག་དབྱིབས་ནད་དུག་ཕོག་ནས་འཆི་སྐྱོན་བྱུང་ཞིང་། རྒྱ་གར་བ་ས་ཡ་༡༣་ལྷག་ལ་ཏོག་དབྱིབས་ནད་དུག་འགོས། ཧིན་རྡུ་ཆོས་ལུགས་ཀྱི་ཀུམ་བྷུ་མེ་ལ་ཞེས་པའི་དུས་ཆེན་སྐབས་སུ་མི་མང་སྟོང་ཕྲག་མང་པོ་ས་གནས་གཅིག་ལ་འདུས་ཡོད་པས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཤུགས་ཆེན་པོ་ཞིག་བཏང་ཡོད་པའི་འཇིགས་སྣང་བྱེད་ཀྱི་ཡོད་པ་རེད།།

ཨ་མི་རི་ཀའི་འཕྲོ་ནས་རྒྱ་གར་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་ཆེས་མང་ཆོས་ཀྱི་རྒྱལ་ཁབ་ཨང་གཉིས་པར་གྱུར། སྲིད་བློན་མོ་དྷའི་སྲིད་གཞུང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགོག་ཁབ་བྱེ་བ་༦་དང་ཕྱེད་ཀ་ལྷག་ཕྱིར་ཚོང་དང་རོགས་རམ་སྤྲོད་ཀྱི་ཡོད་པར་རྒྱ་གར་གྱི་ཕྱོགས་འགལ་ཚོགས་པས་སྐྱོན་བརྗོད་བྱས་འདུག ནད་དུག་ཁྱབ་གདལ་འགོག་ཐབས་སུ་རྒྱ་གར་གྱི་ས་གནས་འགའ་ཞིག་ལ་མཚན་འགྲུལ་བཀག་སྡོམ་དང་མི་དམངས་ལ་འགོག་ཁབ་རྒྱག་རྒྱུ་ཤུགས་ཆེ་རུ་བཏང་བ། ནད་ཡམས་དང་འགོས་ནད་བརྟག་དཔྱད་མཁས་ཨུ་དྷེ་ཀུ་མར་གྱིས་ཏོག་དབྱིབས་ནད་དུག་གི་དཀའ་ངལ་འཕྲད་ཡུལ་ས་གནས་ཚང་མ་གཅིག་མཚུངས་མ་རེད། དེས་ན་རྒྱ་གར་གཞུང་གིས་ལོ་ན་༤༥་ཡན་ཆད་ལ་སོན་པའི་མི་ཚོར་འགོག་ཁབ་རྒྱག་དགོས་ཟེར་གྱི་ཡོད་པ་ས་གནས་སོ་སོའི་དགོས་མཁོ་དང་ཛ་དྲག་ཆེ་ཆུང་ལ་གཞིགས་ནས་འགོག་ཁབ་རྒྱག་དགོས་ཞེས་ནན་སྐུལ་ཞུས་ཡོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG