ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་ལ་ཉིན་གཅིག་གི་རིང་དུ་ནད་དུག་འགོས་པའི་མི་ཁྲི་ཚོ་༥་ལྷག་བྱུང་བ། 


༄༅།། ཉེ་ཆར་ཉི་མ་འགའ་ཞིག་ལ་རྒྱ་གར་རྒྱལ་ཡོངས་སུ་ཉི་མ་རེར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༦༠༠༠༠་རེ་བྱུང་། འདས་པའི་ཆུ་ཚོད་༢༤་རིང་དུ་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་འགོས་པའི་ནད་པ་གསར་པ་༥༦༢༡༡་བྱུང་སོང་། མི་༢༧༡་ལ་འཆི་སྐྱོན་དང་ད་ལྟའི་བར་དུ་ཁྱོན་བསྡོམས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་གིས་མི་༡༦༢༡༡༤་ལ་འཆི་སྐྱོན་བྱུང་སོང་ཞེས་རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་གནས་ཚུལ་སྤེལ་འདུག རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གཞི་གྲངས་ལྟར་ན། རྒྱ་གར་གྱི་མངའ་སྡེ་ཕྱུག་ཤོས་ཧ་མ་ར་ཤི་ཊི་ར་གཅིག་པུར་ཉི་མ་གཅིག་གི་རིང་དེར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༣༡༠༠༠་ལྷག་བྱུང་ཞིང་། བདུན་ཕྲག་སྔོན་མའི་གཟའ་ཕུར་བུ་ནས་མ་ཧ་ར་ཤི་ཊི་ར་མངའ་སྡེའི་གཞུང་གིས་ནད་དུག་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་བཞིན་པ་སྔོན་འགོག་གི་ཤུགས་སྣོན་བརྒྱབ་ཀྱང་ཕྱོགས་འགལ་སྲིད་དོན་ཚོགས་པ་ཁག་དང་བཟོ་ཚོང་ལས་བདག་པོ་ཚོས་ལས་མཚམས་བཞག་ནས་འགྲོ་འོག་བཀག་སྡོམ་བྱ་རྒྱུ་དེར་ངོ་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། རྒྱ་གར་གྱི་བཟོ་ལས་བདག་པོ་མ་ཧིན་དྷ་རས་འགྲོ་འོང་བཀག་སྡོམ་གྱི་གནོད་སྐྱོན་ཆེ་ཤོས་ནི་མི་མང་དབུལ་ཕོངས་དང་གྲོང་གསེབ་ཁག་ནས་ཡོང་བའི་ལས་མི། ཚོང་ལས་ཆུང་ཁག་ལ་བཅས་ལ་འཕོག་གི་འདུག ན་ནིང་གི་འགྲོ་འོང་བཀག་སྡོམ་ནི་སྨན་ཁང་དང་སྨན་ཁང་གི་ཡོ་བྱད་རྣམས་གྲ་སྒྲིག་བྱེད་པའི་ཆེད་དུ་འགྲོ་འོང་བཀག་སྡོམ་བྱས་པ་རེད། ད་ལྟ་བསྐྱར་དུ་ལས་མཚམས་བཞག་ནས་འགྲོ་འོང་བཀག་སྡོམ་མ་བྱས་ན་ལེགས་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག

ཁ་སང་གཟའ་ཟླ་བའི་ཉིན་རྒྱ་གར་ལ་ཚོན་གཏོར་དུས་ཆེན་ཚུགས་ནས་མི་ཚོགས་འདུ་འཛོམ་བྱེད་མི་ཆོག་པའི་གཞུང་གི་བཀའ་རྒྱ་ཁག་ལ་བརྩི་མེད་བཏང་སྟེ་རྒྱ་གར་རྒྱལ་ཡོངས་སུ་མི་གྲངས་ས་ཡ་མང་པོས་ཕན་ཚུན་ཚོན་གཏོར། སྲང་ལམ་ཁག་ཏུ་བྲོ་འཁྲབ་པ་དང་ཆུ་གཏོར་ཏེ་དཔྱིད་ཀྱི་དཔལ་མོ་བསུ་བའི་དགའ་སྟོན་ལ་རོལ། སྔ་ལོ་རྒྱ་གར་གཞུང་གིས་ཚོན་གཏོར་དུས་ཆེན་ལ་དགའ་སྟོན་ཚུགས་རྒྱུ་འགོག་ཐུབ་ཀྱང་༢༠༢༡་ལོར་རྒྱ་གར་མི་དམངས་ཀྱིས་སྲིད་གཞུང་གི་བཀག་སྡོམ་ལ་མ་མཉན། དེར་བརྟེན་རྒྱ་གར་གྱི་འཕྲོད་བསྟེན་ལས་སྣེ་ཚོས་ཚོན་གཏོར་དུས་ཆེན་རྗེས་སུ་སླར་ཡང་ཏོག་དབྱིབས་ནད་དུག་འགོས་པའི་མིའི་གྲངས་འབོར་ལྡབ་འགྱུར་གྱི་མང་དུ་འགྲོ་ཉེན་ཆེ་ཞེས་གླེང་། ད་ལོའི་ཕྱི་ཟླ་༢་པར་རྒྱ་གར་རྒྱལ་ཡོངས་སུ་ཉི་མ་རེར་ཆ་མཉམ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༠༠༠༠་ཡས་མས་རེ་ལས་འབྱུང་གི་མེད་མོད། བདུན་ཕྲག་སྔོན་མའི་ཉི་མ་གསུམ་ལ་རྒྱ་གར་རྒྱལ་ཡོངས་སུ་ཉི་མ་རེར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༦༠༠༠༠་རེ་བྱུང་། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་འདས་པའི་ཆུ་ཚོད་༢༤་ཡི་རིང་དུ་མི་༦༨༠༢༠་ལ་ཏོག་དབྱིབས་ནད་དུག་འགོས་འདུག ད་ལྟའི་བར་དུ་རྒྱ་གར་རྒྱལ་ཡོངས་སུ་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ས་ཡ་༡༢་ལྷག་བྱུང་སོང་ཞེས་གནས་ཚུལ་སྤེལ། དེང་སྐབས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེ་ཤོས་ནི་མ་ཧ་ར་ཤི་ཊི་ར་མངའ་སྡེ་དང་རྒྱལ་ས་ལྡི་ལི། པན་ཇབ་དང་ཀར་ན་ཊ་ཀ་མངའ་སྡེ། གུ་ཇ་ར་ཏ་དང་ཏ་མིལ་ན་དྷུ། ཧ་རི་ཡ་ན་དང་མ་དྷེ་པུར་དྷེ་ཤི་མངའ་སྡེ་བཅས་ཡིན་ཞིང་། རྒྱ་གར་གྱི་མངའ་སྡེ་ཁག་ཅིག་ལ་འོས་འདེམས་བྱེད་ཀྱི་ཡོད་པ་དང་ས་གནས་མང་པོར་ཁྲོམ་ཚོགས་ཆེན་པོ་འདུ་བ། ཧ་རི་ཌོ་ཝར་གྲོང་ཁྱེར་དུ་ཀུམ་བྷུ་མེ་ཞེས་པའི་དུས་ཆེན་ཚུགས་ཏེ་ཧིན་རྡུ་ཆོས་དད་པ་ཚོས་ཆུ་བོ་གངྒའི་ནང་དུ་སྡིག་གྲིབ་དག་པར་ལུས་པོ་བཀྲུ་བ་བཅས་ཀྱིས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གཏོང་གི་ཡོད་འདུག

རྒྱ་གར་ལ་མི་འབོར་དུང་ཕྱུར་༡༣་ཡོད་པ་དེའི་ཁོངས་ནས་མི་གྲངས་བྱེ་བ་༦་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ་ཟིན་ཡོད་ཀྱང་འགོག་ཁབ་སྨན་ཐུན་གཉིས་པ་བརྒྱབ་ཟིན་པ་ས་ཡ་༩་ལས་མེད་ཅིང་། རྒྱ་གར་གཞུང་གིས་སྨན་ཁབ་མང་དག་ཅིག་ཕྱིའི་རྒྱལ་ཁབ་ཁག་ལ་ཚོང་འགྲེམ་དང་མཐུན་གྲོགས་རྒྱལ་ཁབ་ཁག་ལ་སྨན་ཁབ་རོགས་རམ། རྒྱ་གར་གྱི་སྨན་ཁབ་མངགས་ཉོ་བྱེད་མཁན་རྒྱལ་ཁབ་ཁག་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་པར་རྒྱལ་ནང་དུ་སྐྱོན་བརྗོད་དྲག་པོ་འཕོག་གི་ཡོད་པ་སྟེ། རྒྱ་གར་མི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་གཙིགས་སུ་འཛིན་དགོས། ཕྱིའི་རྒྱལ་ཁབ་ཁག་ལ་སྨན་ཁབ་ཕྱིར་ཚོང་དང་རོགས་སྐྱོར་སྤྲོད་རྒྱུ་ངང་འཐེན་བྱ་དགོས་པའི་དགོས་འདུན་བཏོན། བདུན་ཕྲག་སྔོན་མ་ནས་རྒྱ་གར་གཞུང་གིས་ཕྱི་རྒྱལ་ལ་སྨན་ཁབ་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་གྲངས་ཚད་མང་དུ་གཏོང་རྒྱུ་ཡིན་མིན། ཕྱི་ཟླ་༤་པའི་ཚེས་༡་ནས་ལོ་ན་༤༥་ཡན་ཆད་ལ་སོན་པའི་མི་སུ་ཞིག་ལ་འགོག་ཁབ་རྒྱག་འདོད་ཡོད་ཀྱང་སྨན་ཁབ་འདང་ངེས་ཡོད་ཅེས་བསྒྲགས། ཡིན་ནའང་རྒྱ་གར་གྱི་གྲོང་གསེབ་ཁག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱ་ཆེན་པོ་ཞིག་ཁྱབ་ཐུབ་རྒྱུ་དེར་དཀའ་ངལ་ཆེ། དཔེར་ན་རྒྱ་གར་གྱི་ར་ཇཱེ་སི་ཐན་མངའ་སྡེའི་ཡུལ་མི་ལོ་ན་༧༢་ལ་སོན་པའི་རྒད་མོ་ས་ཡ་ཏ་ཞེས་པ་ཞིག་ཆུ་ཚོད་གཉིས་ལ་རྔ་མོང་གིས་དྲུད་པའི་ཤིང་རྟའི་ནང་དུ་སྨན་ཐུན་དང་པོའི་འགོག་ཁབ་རྒྱག་ཏུ་ཡོང་དགོས་བྱུང་འདུག ཡིན་ནའང་རྒན་མོ་དེ་སླར་ཡང་ཆུ་ཚོད་གཉིས་ལ་རྔ་མོང་གི་ཤིང་རྟ་འཁོར་ལོའི་ནང་དུ་སྨན་ཐུན་གཉིས་པའི་འགོག་ཁབ་རྒྱག་ཏུ་ཡོང་ཐུབ་རྒྱུ་ཡིན་མིན་བཤད་དཀའ། རྒྱ་གར་གྱི་གྲོང་གསེབ་ཕལ་མོ་ཆེའི་འགོག་ཁབ་རྣམས་ས་གནས་ཀྱི་གྲོང་གསེབ་སྨན་ཁང་ཁག་ཏུ་རྒྱག་གི་ཡོད་པ་རེད།།

ཐོག་མར་རྒྱ་གར་གྱི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ལ་དོགས་པ་བྱས་ནས་མི་མང་གིས་འགོག་ཁབ་མ་བརྒྱབ། རྒྱ་གར་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་མ་བརྒྱབ་པར་རིམས་ནད་འདིར་བཅོས་ཐབས་མེད་པ་དང་དབྱིན་ཇིའི་ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་རྒྱ་གར་གྱི་ས་ཐོག་ཏུ་བཟོ་སྦྱོར་བྱེད་ཀྱི་ཡོད། རྒྱ་གར་རང་གིས་བཟོས་པའི་བྷ་ར་ཏ་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་གཉིས་མི་གྲངས་ས་ཡ་མང་པོར་བརྒྱབ་ནས་ཚོད་ལྟ་བྱས་པ་ཡིན་ཞེས་དྲིལ་བསྒྲགས་དང་གསལ་བཀྲོལ་གྱི་ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་རུ་བཏང་བ། ད་དུང་རྒྱ་གར་གཞུང་གིས་སྨན་ཁབ་རྒྱག་སའི་ལྟེ་གནས་མང་དག་ཅིག་གསར་དུ་སྒོ་ཕྱེ། རྒྱ་གར་གྱི་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུག་གསར་དུ་འགོས་པའི་ནད་པའི་གྲངས་འབོར་ཇེ་མང་དུ་ཕྱིན་པ་བཅས་ཀྱིས་འགོག་ཁབ་རྒྱག་མཁན་ཇེ་མང་དུ་སོང་། བདུན་ཕྲག་སྔོན་མར་རྒྱ་གར་གཞུང་གིས་ཉི་མ་རེར་མི་གྲངས་ས་ཡ་༣་དང་འབུམ་༢་རེར་འགོག་ཁབ་བརྒྱབ། རྒན་མོ་ས་ཡ་ཏས་ང་དང་རྒད་པོ་གཉིས་སྤྱི་ལེ་༣༠་ཐམ་པའི་མཚམས་སུ་སྨན་ཐུན་དང་པོའི་འགོག་ཁབ་རྒྱག་ཏུ་ཡོང་བ་ཡིན། ང་ཚོ་རྒན་རྒོན་རྣམས་འགོག་ཁབ་སྨན་ཐུན་རེ་རེའི་དོན་དུ་ལམ་ཐག་རིང་པོ་འདི་འདྲ་ཞིག་ལ་ཡོང་རྒྱུ་དེ་ཁག་པོ་འདུག་ཀྱང་གདམ་ཀ་མི་འདུག་ཅེས་བཤད། རྒྱ་གར་གྱི་ས་གནས་ཁག་གི་འཕྲོད་བསྟེན་སྨན་ཁང་དེ་ཚོས་འགོག་ཁབ་བགོ་འགྲེམ་གྱི་གྲངས་འབོར་མང་དུ་ཐོངས། མི་མང་འགོག་ཁབ་རྒྱག་མཁན་ཇེ་མང་དུ་ཕྱིན་ཀྱང་སྨན་ཁབ་བགོ་འགྲེམ་ཉུང་དུ་འགྲོ་བཞིན་འདུག གྲོང་གསེབ་པ་ཚོ་དུས་ཚོད་ངེས་གཏན་མེད་པར་འགོག་ཁབ་རྒྱག་ཏུ་ཡོང་གི་འདུག་ཅེས་དབུས་གཞུང་དང་མངའ་སྡེ་གཞུང་ལ་འབོད་སྐུལ་ཞུས་འདུག

རྒྱ་གར་གྱི་འཕྲོད་བསྟེན་ལས་སྣེ་ཚོས་རྒན་མོ་ས་ཡ་ཏ་དང་རྒད་པོ་གཉིས་ཧ་ལམ་སྨན་ཐུན་གཉིས་པ་རྒྱག་ཏུ་ལམ་ཐག་རིང་ཞིག་ལ་ཡོང་དགོས་རྒྱུ་མ་རེད། དེའི་བར་དུ་ཁོ་ཚོའི་གྲོང་གསེབ་དེར་འགོག་ཁབ་རྒྱག་ས་ལྟེ་གནས་གསར་པ་ཞིག་སྒོ་འབྱེད་ཐུབ་ས་རེད་ཅེས་བཤད། རྒྱ་གར་ཤར་ཕྱོགས་ཀྱི་ཇཱར་ཁན་ཌ་མངའ་སྡེའི་འཕྲོད་བསྟེན་ལས་སྣེ་ར་ཝྭི་ཤན་ཁར་ཤུཀ་ལས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཇཱར་ཁན་ཌ་མངའ་སྡེར་ཉི་མ་རེར་སྨན་ཁབ་༣༥༠༠༠་ལས་རག་གི་མེད། ང་ཚོའི་རེ་བར་ཉུང་མཐར་ཡང་ཉིན་རེའི་སྨན་ཁབ་བགོ་འགྲེམ་གྱི་གྲངས་འབོར་ལྡབ་གཅིག་སྤར་དགོས་པར་མ་ཟད། གྲོང་གསེབ་ཁག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་སའི་ལྟེ་གནས་གསར་པ་མང་ཙམ་སྒོ་འབྱེད་དགོས། ང་ཚོས་གང་ཐུབ་ཀྱིས་སྨན་ཁབ་རྒྱག་རྒྱུ་གྲོང་གསེབ་ཁག་ལ་བགོ་འགྲེམ་བྱེད་ཀྱི་ཡོད། མི་མང་རྣམས་སྤྱི་ལེ་གཉིས་ལས་ལྷག་པའི་ལམ་ཐག་རིང་པོར་འགོག་ཁབ་རྒྱག་ཏུ་འགྲོ་མི་དགོས་པ་ཞིག་བསྒྲུབ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་ཅེས་བཤད། རྒྱ་གར་གྱི་མི་འབོར་དེས་འཛམ་གླིང་གི་མི་འབོར་བརྒྱ་ཆ་༡༥་ཟིན་པ་དང་རྒྱ་གར་མི་དམངས་ལ་འགོག་ཁབ་རྒྱག་ཐུབ་ན་རྒྱལ་སྤྱིའི་ཐོག་ཏུ་ཏོག་དབྱིབས་ནད་དུག་སྔོན་འགོག་ལ་གྲུབ་འབྲས་ཆེན་པོ་ཞིག་ཡིན་པ་སྨོས་ཅི་དགོས། ལོ་འདིའི་ཕྱི་ཟླ་༨་པའི་མཚམས་སུ་རྒྱ་གར་གཞུང་གིས་མི་གྲངས་དུང་ཕྱུར་༣་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་ཐུབ་རྒྱུའི་དམིགས་ཚད་བཟུང་འདུག རྒྱ་གར་མི་དམངས་ལ་རྒྱག་གི་ཡོད་པའི་དབྱིན་ཇིའི་སྨན་ཁབ་དེར་ཕན་ནུས་བརྒྱ་ཆ་༧༦་དང་བྷ་ར་ཏ་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་དེར་ཕན་ནུས་བརྒྱ་ཆ་༨༡་ཐོན། བྷ་ར་ཏ་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་དེ་འཁྱག་སྒམ་ཧ་ཅང་གྲང་མོའི་ནང་དུ་འཇོག་མི་དགོས་པར་སྤྱིར་བཏང་གི་འཁྱག་སྒམ་ནང་དུ་འཇོག་ཆོག་པའི་དགེ་མཚན་འདུག

XS
SM
MD
LG