ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་གར་དང་བལ་ཡུལ་གྱི་ས་མཚམས།


རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ཁག་ལོ་ངོ་བརྒྱ་ཕྲག་མང་པོར་ཞི་བདེ་བརྟན་ལྷིང་དང་། ལྷོ་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀས་རང་གི་ས་མཚམས་ཁག་ལ་དམག་དཔུང་འགྲེམས་འཇོག་བྱས་ནས་སྲུང་སྐྱོབ་བྱེད་པ་ཞིག་མིན་རུང་། དུས་རབས་སྔོན་མའི་ལོ་རབས་༩༠་ནས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་ཡོད་པའི་འཇིགས་སྐུལ་རིང་ལུགས་པ་ཚོ་བལ་ཡུལ་དང་ བྷང་ག་ལ། སེང་ག་ལ་སོགས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་བརྒྱུད་ནས་ རྒྱ་གར་ལ་སིམ་འཛུལ་བྱེད་རྒྱུ་འགོ་ཚུགས་ཤིང་། འཇིགས་སྐུལ་རིང་ལུགས་པ་ཚོས་མི་ཚོགས་ཆེ་བའི་རྒྱ་གར་གྱི་གྲོང་ཁྱེར་ཁག་ལ་འབར་མདེལ་གྱིས་གཏོར་རྒོལ་བྱས་ཏེ་ཟིང་འཁྲུག་སློང་གི་ཡོད་པ་རེད། ཕྱི་ཟླ་༧་ཚེས་༢༨་ཉིན་རྒྱ་གར་གྱི་ནང་སྲིད་བློན་ཆེན་ཆི་དམ་བྷ་རམ་གྱིས་ལྡི་ལི་གསར་པར་བལ་ཡུལ་གྱི་གསར་འགོད་པ་ཁག་ཅིག་ལ་ཐུག་འཕྲད་བྱས་པ་དང་། ཁོང་གིས་པ་ཀི་སི་ཐན་ནས་ཡོང་བའི་འཇིགས་སྐུལ་རིང་ལུགས་པ་ཚོ་བལ་ཡུལ་ས་ཐོག་ཏུ་གཞིས་ཆགས་སྲིད་པའི་ཉེན་ཀ་ཡོད་པ་མ་ཟད། རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ཁག་འཇིགས་སྐུལ་རིང་ལུགས་པ་ཚོ་འགྲོ་འོང་བྱེད་སའི་བཞུད་ལམ་ཞིག་ཏུ་གྱུར་ཡོད་ཅིང་། པ་ཀི་སི་ཐན་གྱི་འཇིགས་སྐུལ་རིང་ལུགས་པ་ཚོས་བལ་ཡུལ་བརྒྱུད་ནས་རྒྱ་གར་གྱི་ས་ཐོག་ཏུ་ ཐེངས་འགའ་ཞིག་སིམ་འཛུལ་བྱས་ཡོད། རྒྱ་གར་དང་བལ་ཡུལ་གཉིས་ལ་ས་མཚམས་སྤྱི་ལེ་༡༨༠༠་ཡོད་པ་སྒོ་བརྒྱབ་ནས་འགྲིམ་འགྲུལ་འགོག་མི་ཐུབ་པ་དང་། ས་མཚམས་བཀག་ནས་འགྲིམ་འགྲུལ་འགག་ན་རྒྱ་གར་དང་བལ་ཡུལ་གཉིས་ཀར་ཕན་ཐོགས་མེད། ང་ཚོས་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ཁག་ལ་འགག་སྒོ་མང་དུ་གཏོང་དགོས་ཞེས་བཤད་ཡོད་པ་རེད།

XS
SM
MD
LG