ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་གར་གྱི་ཀར་ན་ཊ་ཀ་མངའ་སྡེར་ནད་དུག་གསར་པ་ཁྱབ་གདལ།


༄༅།། རྒྱ་གར་ལྷོ་ཕྱོགས་ཀྱི་ཀར་ན་ཊ་ཀ་མངའ་སྡེར་སྐྱེས་པ་གཉིས་ལ་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་སྟེ། ཨོ་མི་ཁོ་རོན་ཞེས་མིང་བཏགས་པའི་ནད་དུག་གསར་པ་དེ་འགོས་ཡོད་པ་ཤེས་རྟོགས་བྱུང་འདུག ཕྱི་ཟླ་༡༢་པའི་ཚེས་༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གནས་ཚུལ་སྤེལ་བ་ལྟར་ན། ནད་དུག་གསར་པ་འགོས་པའི་སྐྱེས་པ་གཅིག་ནི་ལོ་ན་༦༦་ལ་སོན་པའི་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་ཅིག་གི་སྤྱི་དམངས་ཤིག་ཡིན་པ་དང་ཁོ་པ་རྒྱ་གར་ནས་རང་ཡུལ་དུ་ཕྱིར་ལོག་ཟིན་ཞིང་། སྐྱེས་པ་གཞན་པ་དེ་ནི་ལོ་ན་༤༦་ལ་སོན་པའི་བྷེང་ལོར་གྲོང་ཁྱེར་གྱི་སྨན་པ་ཞིག་རེད། ཁོ་པ་ལྷོ་ཨ་ཧྥི་རི་ཀ་སོགས་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་ཁྱབ་ཡུལ་ཁག་ལ་འགྲིམ་འགྲུལ་བྱས་མྱོང་མེད་ཅིང་། སྐྱེས་པ་དེ་དག་རྒྱ་གར་གྱི་ས་ཐོག་ཏུ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་གསར་པ་འགོས་པ་ཤེས་རྟོགས་བྱུང་བའི་མི་དང་པོ་གཉིས་རེད་ཅེས་བཀོད། ཡིན་ནའང་རྒྱ་གར་གྱི་འཕྲོད་བསྟེན་ལས་སྣེ་ཚོས་སླར་ཡང་ནད་རླབས་གསུམ་པ་ཞིག་འཕྱུར་སྲིད་པར་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་མངའ་སྡེ་དེའི་འཕྲོད་བསྟེན་ལས་སྣེ་ཚོས་རང་གི་མངའ་ཁོངས་སུ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཞན་པ་ཡོད་མེད་རྟོག་ཞིབ་གཟབ་ནན་བྱེད་ཀྱི་ཡོད། ང་ཚོའི་ལས་འགན་ནི་ནད་པ་དེ་དག་མི་སུ་སུ་ལ་འབྲེལ་བ་བྱུང་ཡོད་མེད་དང་མི་གཞན་ལ་ནད་དུག་བགོས་ཡོད་མེད་རྩད་གཅོད་བྱ་རྒྱུ་དེ་ཡིན། རྒྱལ་སྤྱིའི་འགྲུལ་པ་ཚོར་བརྟག་དཔྱད་ཞིབ་ཚགས་བྱེད་འགོ་ཚུགས་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། རྒྱལ་ས་ལྡི་ལིར་མི་༦་དང་རྒྱ་གར་ནུབ་ཕྱོགས་ཀྱི་མ་ཧ་ར་ཊི་ར་མངའ་སྡེར་མི་༦་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་རྟགས་ཐོན་ཡོད་པའི་དཔེ་མཚོན་རྣམས་བརྟག་དཔྱད་ཁང་དུ་བཏང་ནས་ཨོ་མི་ཁོ་རོན་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཡིན་མིན་བརྟག་དཔྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་ལས་སྣེ་ཚོས་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ཏོག་དབྱིབས་ནད་དུག་གསར་པ་དེ་འགོས་པའི་བྷེང་ལོར་གྲོང་ཁྱེར་གྱི་སྨན་པ་དེས་ནད་པ་སུ་སུ་ལ་བལྟས་ཡོད་མེད་རྩད་གཅོད་བྱས་ནས་ནད་རྟགས་ཡོད་མེད་བརྟག་དཔྱད་བྱས་པ་ཡིན། ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་ཅིག་གི་སྤྱི་དམངས་དེ་ཕྱི་ཟླ་༡༡་པའི་ཚེས་༢༠་ཉིན་བྷེང་ལོང་དུ་འབྱོར་འདུག ཁོ་པར་གནམ་ཐང་དུ་བརྟག་དཔྱད་བྱས་ནས་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན་ཏེ་མགྲོན་ཁང་ཞིག་ཏུ་ཟུར་འགོག་བྱས་པ་རེད། ཉི་མ་གཉིས་ཀྱི་རྗེས་སུ་མི་དེའི་ནད་རྟགས་ཀྱི་དཔེ་མཚོན་བརྟག་དཔྱད་ཁང་ལ་བཏང་སྟེ་བརྟག་དཔྱད་བྱེད་དུ་བཅུག་འདུག ཨ་ཧྥི་རི་ཀའི་ལྷོ་ཕྱོགས་ཀྱི་མི་དེས་སྒེར་ངོས་ནས་འགྲོ་གྲོན་བཏང་སྟེ་ནད་རྟགས་ཡོད་མེད་བརྟག་དཔྱད་བྱས་པ་དང་ཕྱི་ཟླ་༡༡་པའི་ཚེས་༢༧་ཉིན་བྷེང་ལོར་ནས་དྷུ་བྷེ་ལ་ཐོན་འདུག མི་དེ་ཐད་ཀར་འབྲེལ་བ་བྱུང་ས་མི་༢༤་དང་བརྒྱུད་ནས་འབྲེལ་བ་བྱུང་ས་མི་༢༤༠་ཐམ་པ་ཡོད་པ་རྣམས་རྩད་གཅོད་བྱས་ནས་བརྟག་དཔྱད་བྱས་ཀྱང་གཅིག་ལའང་ནད་རྟགས་ཐོན་མི་འདུག་ཅེས་བཀྲལ། བདུན་ཕྲག་འདིའི་གཟའ་ལྷག་པ་ནས་རྒྱ་གར་གྱིས་དབྱིན་ཡུལ་དང་ལྷོ་ཨ་ཧྥི་རི་ཀ ནེའུ་ཛི་ལན་དང་བྷང་ག་ལ། ཧོང་ཀོང་དང་ཨི་སི་རལ་བཅས་ནས་འབྱོར་བའི་རྒྱལ་སྤྱིའི་འགྲུལ་པ་ཚོར་དམིགས་བསལ་གྱིས་བརྟག་དཔྱད་དོ་ནན་བྱ་དགོས་པའི་སྒྲིག་ཁྲིམས་གསར་པ་ཞིག་གཏན་ལ་ཕབ། ཁོ་ཚོར་གནམ་ཐང་དུ་བརྟག་དཔྱད་བྱས་ནས་གྲུབ་འབྲས་མ་ཐོན་བར་དུ་གནམ་ཐང་གི་ཕྱི་ལོགས་སུ་འགྲོ་མི་ཆོག་པའི་ཐག་བཅད། རིམ་བཞིན་རྒྱ་གར་གཞུང་གིས་འགྲིམ་འགྲུལ་བཀག་སྡོམ་གྱི་ཐོ་གཞུང་དུ་འགོད་རྒྱུའི་རྒྱལ་ཁབ་ཇེ་མང་དུ་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

རྒྱ་གར་དབུས་གཞངུ་གི་འཕྲོད་བསྟེན་ལས་སྣེ་ཚོས་བཤད་པ་ལྟར་ན། ཏོག་དབྱིབས་ནད་རྟགས་ཐོན་པའི་འགྲུལ་པ་ཚོ་ཟུར་འགོག་བྱས་ནས་སྨན་བཅོས་བྱ་རྒྱུ་དང་དེ་དག་གི་ནད་རྟགས་དཔེ་མཚོན་རྣམས་བརྟག་དཔྱད་ཁང་ལ་གཏོང་རྒྱུ། ནད་རྟགས་མ་ཐོན་པ་རྣམས་ཀྱང་ངེས་པར་དུ་ཉིན་༧་ལ་རང་ཁྱིམ་དུ་ཟུར་འགོག་བྱ་རྒྱུ། ཁོ་ཚོས་ཉིན་༨་དེར་བསྐྱར་དུ་བརྟག་དཔྱད་བྱ་དགོས་ཞེས་བཀོད་ཁྱབ་བཏང་ཞིང་། རྒྱ་གར་གྱི་མངའ་སྡེ་ཁག་གིས་ས་གནས་ཀྱི་གནས་སྟངས་ལ་གཞིགས་ནས་རང་ཐད་དུ་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་འདི་འགོག་ཐབས་ལ་སྲིད་ཇུས་འདྲ་མིན་ཞིག་ལག་ལེན་བསྟར་འགོ་ཚུགས། དཔེར་ན་ཧ་མ་ར་ཤི་ཊི་ར་མངའ་སྡེའི་གཞུང་གིས་ཏོག་དབྱིབས་ནད་དུག་གསར་པ་དེ་ཁྱབ་ཀྱི་ཡོད་པའི་རྒྱལ་ཁབ་ཁག་ནས་འབྱོར་བའི་འགྲུལ་པ་ཚོ་གཞུང་གིས་བཀོད་སྒྲིག་བྱེད་ཡོད་པའི་ཟུར་འགོག་ཁང་དུ་ཉི་མ་༧་ལ་འདུག་དགོས་པའི་ཐག་བཅད། ལྡི་ལི་དང་ཀར་ན་ཊ་ཀ་གཉིས་ཀྱིས་རྒྱལ་སྤྱིའི་འགྲུལ་པ་ཚང་མར་གནམ་ཐང་དུ་བརྟག་དཔྱད་བྱ་དགོས་པའི་ཐག་གཅོད་བྱས་འདུག་པར་མ་ཟད། རྒྱ་གར་གྱི་འཕྲོད་བསྟེན་བློན་ཆེན་གྱིས་རྒྱལ་ཡོངས་གྲོས་ཚོགས་ལ་ང་ཚོས་ནད་དུག་འགོས་འདུག་སྙམ་པའི་དོགས་པ་ཡོད་པའི་མི་ཚོར་འཕྲལ་དུ་བརྟག་དཔྱད་དང་མི་དེ་དག་གི་ནད་རྟགས་དཔེ་མཚོན་ལ་བརྟག་དཔྱད་བྱེད་དུ་འཇུག་གི་ཡོད། རྒྱ་གར་ལ་ཏོག་དབྱིབས་ནད་རླབས་གཉིས་པ་འཕྱུར་བའི་སྐབས་དེར་ང་ཚོར་ཉམས་མྱོང་ཡག་པོ་ཞིག་ཐོབ་སོང་། ད་ལྟ་ང་ཚོས་སྨན་ཁབ་དང་འཚོ་རླུང་། བརྟག་དཔྱད་ཁང་དང་ནད་པ་ཉལ་ས། སྨན་ཁང་སོགས་གྲ་སྒྲིག་བྱས་ནས་ནད་དུག་གསར་པ་དེར་གདོང་ལེན་བྱ་རྒྱུའི་མཐུན་རྐྱེན་གང་ལེགས་བསྒྲུབས་ཡོད། གལ་ཏེ་ནད་རླབས་གསུམ་པ་ཞིག་འཕྱུར་ཀྱང་ང་ཚོས་དེ་ལ་གདོང་ལེན་བྱེད་ཐུབ་ཅེས་བཤད། གཟའ་འཁོར་སྔོན་མར་སྲིད་བློན་མོ་དྷིས་རྒྱ་གར་གྱི་འཕྲོད་བསྟེན་ལས་ཁུངས་ཁག་གི་གྲ་སྒྲིག་ལ་གཟིགས་ཞིབ་གནང་སྟེ་མི་དམངས་ལ་སྔར་བཞིན་ནད་དུག་སྔོན་འགོག་གི་ལམ་སྟོན་རྣམས་ལག་ལེན་བསྟར་དགོས་ཞེས་ནན་སྐུལ་བྱས་འདུག

དེ་རིང་གཟའ་པ་སངས་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དེང་སྐབས་རྒྱ་གར་ལ་ཉི་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་ཇེ་ཉུང་དུ་སོང་བ་དང་འགོག་ཁབ་བརྒྱབ་པའི་མིའི་གྲངས་འབོར་ཇེ་མང་དུ་སོང་། ཉེ་དུས་ཤིག་ནས་རྒྱ་གར་ལ་ཉིན་ལྟར་ནད་པ་གསར་པ་༡༠༠༠༠་ལས་ཉུང་བ་དང་འགོག་ཁབ་རྒྱག་ཆོག་པའི་མི་མང་ནར་སོན་པ་དུང་ཕྱུར་༩་དང་བྱེ་བ་༤་ལྷག་ཡོད་པ་དེའི་མི་གྲངས་བརྒྱ་ཆ་༨༤་ལ་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ། རྒྱ་གར་བ་ནར་སོན་པ་དེ་དག་གི་གྲས་ཀྱི་མི་གྲངས་བརྒྱ་ཆ་༤༩་ལ་སྨན་ཐུན་གཉིས་ཀའི་འགོག་ཁབ་བརྒྱབ་ཀྱང་རྒྱ་གར་གཞུང་གིས་མི་དམངས་ནར་སོན་པ་ཚོར་ཤུགས་འཕར་འགོག་ཁབ་གསུམ་པ་ཞིག་མ་བརྒྱབ་གོང་དུ་མི་གྲངས་དུང་ཕྱུར་༩་དང་ཕྱེད་མ་ཟིན་ཙམ་ཞིག་ཡོད་པ་དེ་དག་ལ་སྨན་ཐུན་གཉིས་ཀའི་འགོག་ཁབ་རྒྱག་ཐུབ་རྒྱུ་དེར་ཤུགས་སྣོན་རྒྱག་ཡོད་འདུག ད་ལོའི་ཕྱི་ཟླ་༤་པ་དང་༥་གཉིས་ལ་རྒྱ་གར་གྱི་སྨན་ཁང་ཁག་ཏུ་ནད་པ་ཉལ་ས་མེད་པ་དང་འཚོ་རླུང་མ་འདང་བ། སྨན་དང་འགོག་ཁབ་མེད་པའི་དཀའ་ངལ་འོག་ཏུ་མི་གྲངས་འབུམ་ཕྲག་འགའ་ཞིག་ལ་འཆི་སྐྱོན་བྱུང་བ་རྣམས་རྒྱ་གར་མི་དམངས་ཀྱིས་བརྗེད་མེད་པས་ནད་དུག་གསར་པ་འདིར་ཧ་ཅང་གི་སྐྲག་སྣང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ད་ལྟའི་བར་དུ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ས་ཡ་༣༤་དང་འབུམ་༦་ལྷག་བྱུང་བ་དང་མི་༤༧༠༠༠༠་ལྷག་ལ་འཆི་སྐྱོན་ཕོག ཐོག་མར་རྒྱ་གར་གཞུང་གིས་ཕྱི་ཟླ་༡༢་པའི་ཚེས་༡༥་ནས་རྒྱལ་སྤྱིའི་འགྲུལ་པ་ཚོར་མཁའ་ལམ་འགྲིམ་འགྲུལ་སྒོ་འབྱེད་རྒྱུ་ཡིན་ཞེས་གཏན་འབེབས་བྱས་ཀྱང་གཟའ་ལྷག་པའི་ཉིན་རྒྱལ་སྤྱིའི་འགྲུལ་པ་ཚོར་མཁའ་ལམ་སྒོ་འབྱེད་བྱེད་དགོས་མིན་རིམ་བཞིན་ཐག་གཅོད་བྱ་རྒྱུ་ཞེས་བསྒྲགས།།

ཕྱི་ཟླ་༡༡་པའི་ཚེས་༢༤་ཉིན་ལྷོ་ཨ་ཧྥི་རི་ཀའི་ཚན་རིག་པ་ཚོས་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་ཞིག་ཁྱབ་ཀྱི་འདུག་ཅེས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་སྙན་སེང་ཞུས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛགས་ཀྱིས་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ལ་ཁྱབ་ཀྱི་ཡོད་པའི་ནད་དུག་གསར་པ་འདི་འགོ་སླ་བ་དང་ཁྱབ་གདལ་མྱུར་བ་ཞིག་རེད་ཅེས་བསྒྲགས་ཏེ་གྷེ་རི་སིའི་སྐད་ཡིག་གི་ཀ་མད་ཀྱི་གསལ་བྱེད་ལྟར་ནད་དུག་གསར་པ་འདིར་ཨོ་མི་ཁོ་རོན་ཞེས་མིང་བཏགས། ཡུ་རོབ་མཉམ་འབྲེལ་དང་ཨ་མི་རི་ཀ ཉི་ཧོང་དང་སིངྒ་པུར། མ་ལེ་ཤི་ཡ་སོགས་རྒྱལ་ཁབ་མང་དག་ཅིག་གིས་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ལ་འགྲིམ་འགྲུལ་བཀག འོན་ཀྱང་ད་ལྟའི་བར་དུ་ཨ་ཧྥི་རི་ཀ་ནས་དཀྱིལ་ཤར་ས་ཁུལ་དང་ཡུ་རོབ། ཨེ་ཤི་ཡ་དང་ཨ་མི་རི་ཀ་ལྷོ་བྱང་གཉིས་བཅས་འཛམ་གླིང་རྒྱལ་ཁབ་༤༠་ལྷག་ལ་ཨོ་མི་ཁོ་རོན་ཞེས་འབོད་པའི་ཏོག་དབྱིབས་ནད་དུག་གསར་པ་འདི་ཁྱབ་ཟིན་ཡོད་པའི་གནས་ཚུལ་ཐོན། ད་སྔ་ཏོག་དབྱིབས་ནད་དུག་གསར་པ་འདིའི་ཉེན་ཚབས་ཆེ་ཆུང་དང་ངོ་བོ་ཅི་ཡིན་གསལ་པོ་ཞིག་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་ཚན་རིག་པ་ཚོས་བདུན་ཕྲག་གཉིས་གསུམ་ཞིག་ལ་བརྟག་དཔྱད་བྱས་ནས་ནད་དུག་འདིའི་ཉེན་ཚབས་ཆེ་ཆུང་དང་ངོ་བོ་ཅི་ཡིན་ངོ་ཐག་གཅོད་ཐུབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་འདུག ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་ང་ཚོས་ཏོག་དབྱིབས་ནད་དུག་གསར་པ་ཞིག་ཁྱབ་ཀྱི་འདུག་ཅེས་སྦས་གསང་མ་བྱས་པར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་སྙན་སེང་ཞུས་པ་ཡིན། དེའི་རྗེས་སུ་འཛམ་གླིང་རྒྱལ་ཁབ་ཁག་གིས་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ལ་འགྲིམ་འགྲུལ་བཀག་སྡོམ་བྱས་པ་དྲང་སྙོམས་ཤིག་མ་རེད། ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ནི་ཡུ་རོབ་དང་ཨེ་ཤི་ཡ། དཀྱིལ་ཤར་ས་ཁུལ་དང་ཨ་མི་རི་ཀ་ལྷོ་བྱང་གཉིས་ཀར་ཁྱབ་ཟིན་ཡོད་ཀྱང་འགྲིམ་འགྲུལ་བཀག་སྡོམ་བྱེད་ཀྱི་མི་འདུག ཨ་ཧྥི་རི་ཀའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ལ་འགྲིམ་འགྲུལ་བཀག་སྡོམ་བྱེད་ཀྱི་ཡོད་པ་ནི་དབྱེ་འབྱེད་བྱས་པ་ཞིག་རེད་ཅེས་འཁང་ར་བཤད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG