ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༡༡/༢༨

རྒྱ་གར་གྱིས་སྤང་གོང་མཚོ་ནང་དུ་སྐོར་གཡེང་དམག་གྲུ་གསར་པ་བཀྲམ། 


༄༅།། རྒྱ་གར་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་པར་ལ་དྭགས་ཀྱི་སྤང་གོང་མཚོ་ནང་དུ་སྐོར་གཡེང་དམག་གྲུ་གསར་པ་བཀྲམ། རིང་ཚད་སྤྱི་ལེ་༡༣༥་ཡོད་པའི་སྤང་གོང་མཚོའི་རྒྱ་ཁྱོན་གྱི་མང་ཆེ་བ་བོད་ཀྱི་མངའ་ཁོངས་སུ་ཡོད་པ་དང་སྤང་གོང་མཚོ་ནི་ལ་དྭགས་ཀྱི་རྒྱལ་ས་གླེ་ནས་རྒྱང་ཁད་སྤྱི་ལེ་༥༤་ཡི་མཚམས་སུ་ཆགས་ཡོད་ཅིང་། དེ་ནི་འཛམ་གླིང་གི་ཆགས་ཡུལ་མཐོ་ཤོས་ཀྱི་མཚོ་དེར་གྱུར། ཕྱི་ཟླ་༡༡་པའི་ཚེས་༢༠་ཉིན་རྒྱ་གར་གྱི་སྭ་ར་ཇ་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་དཀར་ནག་གཉིས་ཀས་སྤང་གོང་མཚོ་ཐོག་ཏུ་སྐོར་གཡེང་བྱེད་ཀྱི་ཡོད་པ་དང་ལོ་ཤས་གོང་དུ་རྒྱ་ནག་གིས་929-B་རྟགས་ཅན་གྱི་སྐོར་གཡེང་དམག་གྲུ་བཀྲམ་པའི་རྗེས་སུ་རྒྱ་གར་གྱི་མངའ་ཁོངས་སུ་གཏོགས་པའི་སྤང་གོང་མཚོ་ནང་དུ་དཔུང་འཛུལ་བྱ་རྒྱུ་མགོ་བརྩམས།།

༢༠༡༢་ནས་རྒྱ་གར་གྱི་དམག་གིས་གྷོ་བ་གཞུང་གཉེར་གྲུ་གཟིངས་བཟོ་གྲྭར་སྐོར་གཡེང་དམག་གྲུ་མགྱོགས་པོ་༡༢་མངགས། ད་དུང་གྷོ་བ་ས་གནས་སུ་གཞིས་ཚུགས་ཡོད་པའི་སྒེར་གཉེར་གྲུ་གཟིངས་བཟོ་གྲྭ་ཞིག་ལ་འབབ་གྲུ་༡༧་མངགས། ༢༠༢༡་ལོར་གྷོ་བའི་གྲུ་གཟིངས་བཟོ་གྲྭ་དེ་དག་གིས་དམག་གྲུ་དེ་རྣམས་བཟོ་སྐྲུན་བྱས་ནས་རྒྱ་གར་གཞུང་ལ་རྩིས་སྤྲད། རྒྱ་གར་གྱི་འབབ་གྲུ་གཅིག་གི་ནང་དུ་དམག་མི་༣༥་ཤོང་བའམ། ཡང་ན་ཇིབ་འཁོར་གཅིག་དང་དམག་མི་༡༢་ཤོང་གི་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་གར་གྱི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཚོས་སྐོར་གཡེང་དམག་གྲུ་དང་འབབ་གྲུ་དེ་དག་གིས་རྒྱ་ནག་ལ་ཁ་གཏད་གཅོག་པར་རྒྱ་གར་གྱི་དམག་ལ་ནུས་པ་ཆེན་པོ་ཞིག་ཐོན་ཐུབ་ཅེས་གླེང་སློང་བྱས་པ་རྣམས་ཧིན་རྡུ་གསར་ཤོག་གིས་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་འདུག

རྒྱ་གར་གྱིས་སྤང་གོང་མཚོའི་ནུབ་ཕྱོགས་ཀྱི་ས་ཚིགས་བཞི་པའམ། ཡང་ན་ཝ་སྒང་ཞེས་འབོད་པའི་ས་གནས་ནས་ས་ཚིགས་བརྒྱད་པའི་བར་གྱི་བདག་དབང་རྩོད། རྒྱ་ནག་གིས་ས་ཚིགས་གཉིས་པ་ནས་བདག་དབང་རྩོད་ཀྱི་ཡོད་པས་༢༠༢༠་ལོའི་ཕྱི་ཟླ་༥་པའི་ནང་དུ་རྒྱ་དཀར་ནག་གི་དམག་དཔུང་གདོང་ཐུག་མ་བྱུང་སྔོན་ནས་རྒྱ་གར་གྱིས་ས་ཚིགས་བརྒྱད་པའི་བར་དུ་སྐོར་གཡེང་དམག་གྲུ་བཏང་བ་དང་རྒྱ་ནག་གིས་ས་ཚིགས་བཞི་པ་བར་དུ་སྐོར་གཡེང་དམག་གྲུ་གཏོང་གི་ཡོད་པའི་གནས་ཚུལ་ཐོན། དེ་ནས་རྒྱ་གར་གྱིས་ས་ཚིགས་གཉིས་པ་དང་གསུམ་པར་ཧིན་བོད་མཐའ་སྲུང་དམག་དཔུང་བཀྲམ། རྒྱ་ནག་གིས་ས་ཚིགས་བརྒྱད་པར་དམག་སྒར་བརྒྱབ། ༢༠༢༠་ལོའི་ཕྱི་ཟླ་༥་པར་རྒྱ་དམག་གིས་ས་ཚིགས་བཞི་པ་བར་དུ་བཟུང་སྟེ་རྒྱ་གར་གྱི་དམག་དཔུང་བཀག ཡིན་ནའང་༢༠༢༡་ལོའི་ཕྱི་ཟླ་༢་པ་ནས་རྒྱ་དམག་རྣམས་ཕྱིར་འཐེན་བྱས་ཏེ་ས་ཚིགས་བརྒྱད་པའི་དམག་སྒར་དུ་ལོག

ཕྱི་ཟླ་༡༡་པའི་ཚེས་༢༡་ཉིན་རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པས་རྒྱ་ནག་གིས་ཕྱོགས་གཉིས་ཀྱི་དབང་བསྒྱུར་ས་མཚམས་སུ་རྒྱ་ལམ་དང་ཟམ་པ་སོགས་རྨང་གཞིའི་མཐུན་རྐྱེན་ཁག་འཛུགས་སྐྲུན་གང་ལེགས་བྱས་འདུག ཨག་སེ་ཆིན་མངའ་ཁུལ་དུ་བཀྲམ་ཡོད་པའི་རྒྱ་དམག་རྣམས་ཉུང་འཕྲི་བྱས་མི་འདུག་ཅེས་བསྟན། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་གྱིས་ཡང་ནས་ཡང་དུ་ཧིན་བོད་ས་མཚམས་སུ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་ནི་དཀར་ནག་གི་འབྲེལ་བ་སླར་གསོ་བྱེད་པའི་ཆ་རྐྱེན་གཙོ་བོ་ཡིན་ཞེས་བཟློས། ད་ལྟའི་བར་དུ་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་ཚོས་གྲོས་མོལ་ཐེངས་༡༧་བྱས་ཀྱང་ཕྱོགས་གཉིས་ཀྱི་དམག་དཔུང་རྣམས་དགུན་སར་ཕྱིར་ལོག་བྱ་རྒྱུའི་གྲོས་མཐུན་མ་བྱུང་། རྒྱ་གར་གྱིས་ཧིན་བོད་ས་མཚམས་ཁག་ཏུ་དམག་མི་༤༥༠༠་ཅན་གྱི་དཔུང་སྡེ་གསུམ་འགྲེམ་འཇོག་བྱས་ཡོད་པ་རྣམས་དགུན་སར་ཕྱིར་འཐེན་བྱ་རྒྱུ་ཡིན་མིན་ནི་རྒྱ་ནག་གི་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་ཡིན་མིན་ལ་ཐུག་ཡོད་པའི་གནས་ཚུལ་ཐོན།།

རྒྱ་ནག་གིས་ཕག་རི་རྫོང་དུ་དམག་ཤོག་ཅིག་བཀྲམ་ཡོད་པ་རྣམས་བོད་དང་འབྲུག་གི་ས་མཚམས་སུ་ཁེལ་བའི་རྒྱ་གར་གྱི་ཤི་རི་གུ་རིའི་སྐེ་ཉག་ལ་དམིགས་ཡོད་པ་དང་དམག་ཤོག་གཞན་པ་གཉིས་མོན་ཡུལ་ལམ། ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་སུ་འགྲེམ་འཇོག་བྱས་ཡོད་པས་དམག་ཤོག་གསུམ་པོ་རྒྱ་ནག་གི་ནུབ་ཕྱོགས་བཀོད་འདོམས་ཁང་དང་ཤར་ཕྱོགས། ལྷོ་ཕྱོགས་བཀོད་འདོམས་ཁང་གསུམ་མཉམ་འབྲེལ་བྱས་འདུག ད་ལྟ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པ་མཇུག་བསྒྲིལ། ཞིས་ཅིན་ཕིང་གི་སྲིད་དབང་སྲ་བརྟན་བྱུང་ཡོད་པས་རྒྱ་དམག་རྣམས་དགུན་སར་ཕྱིར་འཐེན་བྱ་དགོས། དེ་ལྟར་མ་བྱུང་ན་རྒྱ་དཀར་ནག་གཉིས་ཀས་བདག་དབང་རྩོད་ཀྱི་ཡོད་པའི་ས་གནས་ཁག་ནས་རྒྱ་གར་གྱི་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་ཐབས་མཁས་ཤིག་མིན་པའི་གནས་ཚུལ་སྤེལ། རྒྱ་ནག་གིས་ལ་དྭགས་ཀྱི་ཨག་སེ་ཆིན་ས་ཁུལ་དུ་དམག་ཤོག་གཉིས་དང་མཐའ་སྲུང་དཔུང་སྡེ། འཕུར་མདེལ་རུ་ཁག་དང་འཐབ་འཁོར་རུ་ཁག མེ་སྒྱོགས་རུ་ཁག དེ་བཞིན་ལི་ཡུལ་གྱི་གྷར་གུན་སར་གནམ་ཐང་དང་ལྷ་སའི་ཉིང་ཁྲིའི་གནམ་ཐང་ཁག་ཏུ་གནམ་དམག་གྲ་སྒྲིག་བྱས་ནས་བཞག་ཡོད་པས་རྒྱ་གར་གྱིས་ཀྱང་ལ་དྭགས་ཤར་ཕྱོགས་སུ་འཐབ་འཁོར་རུ་ཁག་འགྲེམ་འཇོག་བྱ་དགོས་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG