ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁ་སང་གཅིག་པུར་རྒྱ་གར་བ་༣༦༠༩༦༠་ནད་དུག་འགོས་པ། 


༄༅།། ཕྱི་ཟླ་༤་པའི་ཚེས་༢༨་ཉིན་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། འདས་པའི་ཉིན་ཞག་གཅིག་གི་རིང་དེར་རྒྱ་གར་བ་༣༦༠༦༦༠་ལ་ཏོག་དབྱིབས་ནད་དུག་གསར་དུ་འགོས་པ་དང་མི་༣༢༩༣་ལ་འཆི་སྐྱོན་བྱུང་བ། ད་ལྟའི་བར་དུ་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ས་ཡ་༡༨་བརྒལ་ཟིན་པ་དང་ཁྱོན་བསྡོམས་མི་༢༠༡༡༨༧་ལ་འཆི་སྐྱོན་བྱུང་སོང་ཞེས་བསྒྲགས། ཉམས་ཞིབ་པ་ཚོས་རྒྱ་གར་གཞུང་གིས་ཉིན་ལྟར་མི་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་དང་འཆི་སྐྱོན་བྱུང་བའི་གྲངས་འབོར་ཞིག་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པ་ནི་ཧ་ཅང་གི་ཉུང་ཉུང་ཞིག་རེད། དོན་དངོས་སུ་རྒྱ་གར་རྒྱལ་ཡོངས་སུ་མི་ལ་ཏོག་དབྱིབས་ནད་འགོས་པ་དང་ནད་དུག་ཕོག་ནས་འཆི་སྐྱོན་འབྱུང་གི་ཡོད་པའི་གྲངས་འབོར་དེ་སྲིད་གཞུང་གིས་ཕྱིར་བསྒྲགས་བྱས་པ་ལས་ཀྱང་ལྡབ་འགྱུར་གྱི་མང་བ་འདུག རྒྱ་གར་གྱི་ཨུ་ཏར་པར་དྷེ་ཤི་མངའ་སྡེ་དང་ར་ཇཱི་སི་ཐན་མངའ་སྡེ། རྒྱལ་ས་ལྡིའི་གཞུང་སོགས་ཀྱིས་སྨན་ཁང་ཁག་ཏུ་འཆི་སྐྱོན་བྱུང་བ་ཁོ་ན་གྲངས་འདྲེན་བྱེད་ཀྱི་འདུག ནད་པ་མང་དག་ཅིག་ལ་སྨན་ཁང་དུ་ཉལ་ས་མ་རག་པར་རང་ཁྱིམ་དུ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་བ་རྣམས་ནད་ཡམས་ཀྱི་འཆི་སྐྱོན་བྱུང་བའི་གྲངས་འབོར་ཁོངས་སུ་ཚུད་མི་འདུག་ཅེས་སྐྱོན་བཙུགས། ཁ་སྔོན་གཟའ་ཉི་མའི་ཉིན་རྒྱ་གར་གྱི་བྷོ་པལ་གྲོང་ཁྱེར་གྱི་ཕུང་པོ་སྲེག་ས་ཞིག་ཏུ་ཏོག་དབྱིབས་ནད་དུག་གིས་གྲོངས་པའི་མི་༦༥་ཡི་བེམ་པོ་བསྲེགས་ཀྱང་ས་གནས་དེའི་གཞུང་གི་ཐོ་གཞུང་དུ་མི་ལྔའི་ཕུང་པོ་བསྲེགས་པ་ཡིན་ཞེས་བཀོད་ཡོད་པ་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་ཐེར་འདོན་བྱས་འདུག

དེང་སྐབས་རྒྱལ་ས་ལྡི་ལི་དང་ཀན་པུར་སོགས་རྒྱ་གར་གྱི་གྲོང་ཁྱེར་ཕལ་ཆེ་བའི་དུར་ས་ཁག་ཏུ་བེམ་པོ་སྲེག་ས་མེད་པར་རླངས་འཁོར་འཇོག་སའི་ཐང་ཆེན་དང་རྒྱ་ལམ་ཟུར་དུ་འདས་པོ་རྣམས་ཀྱི་ཕུང་པོ་མེར་སྲེག་གཏོང་དགོས་བྱུང་བ། དུར་ས་ཁག་ཏུ་ཉིན་མཚན་མེད་པར་ཕུང་པོ་མེར་སྲོག་བཏང་བའི་མེ་ལྕེ་དམར་པོ་རྒྱུན་ཆད་མེད་པ། རྒྱ་གར་བ་ཚོས་རང་གི་ཉེ་དུ་འདས་པོ་ཞིག་གི་ཕུང་པོ་ཞུགས་འབུལ་བྱ་ཡུལ་འཐོབ་པར་ཉུང་མཐར་ཡང་ཆུ་ཚོད་༢༠་ཡས་མས་རེར་སྒུག་དགོས་པས་ཕུང་པོ་ཁག་ཅིག་ལ་རུལ་དྲི་བྲོ། མི་ཁག་ཅིག་གིས་ཕུང་པོ་སྲེག་ས་མ་རག་བར་དུ་བེམ་པོ་རྣམས་འཁྱག་སྒམ་ནང་དུ་བཅུག་ནས་རུལ་དྲི་རྒྱག་རྒྱུ་འགོག་ཐབས་བསྟེན། འདས་པོ་རྣམས་ཀྱི་ཤུལ་ལུས་བཟའ་མི་དང་བུ་ཕྲུག ཉེ་དུ་ཚོར་དུར་ས་ཁག་དང་སྨན་ཁང་ཁག་གི་ཕྱི་ལོགས་སུ་ནད་དུག་འགོས་ནས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་བཞིན་འདུག་ཅེས་གནས་ཚུལ་ཐོན། ཉེ་དུས་ཤིག་ནས་རྒྱལ་ས་ལྡི་ལིའི་གཞུང་གིས་འགྲོ་འོང་བཀག་སྡོམ་བྱས་ནས་མི་མང་རྣམས་ཕྱི་ལ་འབུད་མི་ཆོག་པ་དང་ཚོང་ལས་རྣམས་མཚམས་འཇོག་བྱེད་དུ་བཅུག་ཀྱང་བེམ་པོ་སྲེག་སའི་དུར་ས་རྒྱ་སྐྱེད་དང་སྲེག་ཤིང་གཅོད་འབྲེག ཕུང་པོ་རྣམས་བེམ་སྲེག་ཁང་དུ་སྐྱེལ་འདྲེན་དང་དུར་ས་རྐོ་སྔོག་གི་ཚོང་ལས་རྣམས་འཕེལ་རྒྱས་སོང་། རྒྱལ་ས་ལྡི་ལིའི་ཤར་ཕྱོགས་ཀྱི་ས་གནས་ཤིག་ཏུ་ཇཱི་ཏན་དྷར་སིང་ཤན་ཏི་ཞེས་པའི་སྤྱི་ཚོགས་ཞབས་ཞུ་བ་ཞིག་གིས་ཉི་མ་གཅིག་ལ་བེམ་པོ་བརྒྱ་ཡས་མས་རེ་ཞུགས་འབུལ་བྱེད་ཀྱི་ཡོད། གལ་སྲིད་ང་ཚོར་ཕུང་པོ་བརྒྱ་ལྷག་བྱུང་ན་རྒྱ་ལམ་ཟུར་དུ་ཞུགས་འབུལ་བྱེད་ཀྱི་ཡོད། ངའི་མི་ཚེའི་ནང་དུ་འདི་འདྲའི་འཇིགས་སུ་རུང་བ་ཞིག་མཐོང་ཐོས་འབྱུང་རྒྱུ་ཡིན་པ་ནམ་ཡང་དྲན་མ་བྱུང་ཞེས་ཧྥ་རན་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་བཀྲལ། དེ་བཞིན་རྒྱ་གར་གྱི་ཁ་ཆེ་དང་ཡེ་ཤུ་ཚོའི་དུར་ས་ཁག་ཏུའང་ཕུང་པོ་སྦས་འཇོག་བྱ་ཡུལ་མེད་པར་དུར་ས་རྒྱ་སྐྱེད། ས་གནས་གཞན་ཁག་ནས་དུར་རྐོ་བ་གླ་དགོས་པའི་དཀའ་ངལ་གཅིག་མཚུངས་ཤིག་འཕྲད་འདུག

རྒྱ་གར་གྱི་སྨན་ཁང་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་རྣམས་ཉལ་ས་མེད་པ་དང་འཚོ་རླུང་། སྨན་དང་སྨན་ཁབ། དབུགས་གཏོང་འཕྲུལ་ཆས་སོགས་ཀྱི་མཐུན་རྐྱེན་འདང་ངེས་མེད་པར་ནད་པ་ཇི་སྙེད་ཅིག་ཕྱི་ལོགས་ཀྱི་རྒྱ་ལམ་སྟེང་དང་རླངས་འཁོར་ནང་། རྐང་གསུམ་འགྲུལ་འཁོར་དང་ཤིང་སྡོང་འོག རྐུབ་བཀྱག་སྟེང་དུ་འཆི་བཞིན་ཡོད་པའི་འདྲ་པར་དང་བརྙན་གཟུགས་རྣམས་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་སྟེ་རྒྱ་གར་གྱི་འཕྲོད་བསྟེན་མ་ལག་ཧྲིལ་པོ་སྦོ་ལུག་ཡོད་པའི་རྣམ་པ་གསལ་པོར་ཐོན། དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་སྲང་ཁག་ཁག་གི་ཤིང་སྡོང་རྣམས་བཅད་ནས་ཕུང་པོ་སྲེག་སྤྱད་མེ་ཤིང་ལ་བསྒྱུར། རྒྱལ་ས་ལྡི་ལིའི་ས་ར་ཡེ་ཀལ་ཁན་ས་གནས་ཀྱི་ཉེ་འཁྲིས་སུ་ཕུང་པོ་སྲེག་ས་༢༧་གསར་དུ་འཛུགས་སྐྲུན་བྱས་ཡོད་པར་མ་ཟད། ད་དུང་ལྡི་ལིའི་གཞུང་གི་ལས་སྣེ་ཚོས་ཡ་མུ་ནའི་ཆུ་འགྲམ་དུ་ཕུང་པོ་སྲེག་ས་འཚོལ་ཞིབ་བྱེད་ཀྱི་ཡོད་ཅིང་། དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ། ཐེ་ལན་ཌི་དང་སིངྒ་པུར། སོ་ཎི་ཨ་རེ་བྷི་ཡ་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་སོགས་ནས་རྒྱ་གར་ལ་འཚོ་རླུང་དང་དབུགས་གཏོང་འཕྲུལ་ཆས་རོགས་རམ་སྤྲད་པ་རྣམས་འབྱོར་འགོ་ཚུགས་ཀྱང་རྒྱ་གར་རྒྱལ་ཡོངས་སུ་ནད་པ་མང་དྲགས་ཏེ་ཕྱིའི་རྒྱལ་ཁབ་ཁག་གི་རོགས་སྐྱོར་དང་གནམ་གྲུའི་ནང་དུ་སྐྱེལ་འདྲེན་བྱས་པའི་འཚོ་རླུང་དང་དབུགས་གཏོང་འཕྲུལ་ཆས་སོགས་ཀྱིས་དཀའ་ངལ་སེལ་དཀའ། ཨ་མི་རི་ཀས་རྒྱ་གར་ལ་དབྱིན་ཇིའི་ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་ས་ཡ་འགའ་ཞིག་དང་སྨན། ཨ་རིའི་སྨན་ཁབ་ཁག་ཅིག་རྒྱ་གར་གྱི་ས་ཐོག་ཏུ་བཟོ་སྦྱོར་བྱེད་ཆོག་པའི་རྒྱུ་ཆ་རྣམས་མཁོ་སྤྲོད་བྱ་རྒྱུའི་ཁས་ལེན་བྱས་འདུག

རྒྱ་གར་ནི་འཛམ་གླིང་གི་སྨན་དང་སྨན་ཁབ་བཟོ་སྦྱོར་བྱ་ཡུལ་གཙོ་བོ་ཞིག་ཡིན་རུང་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཐེངས་གཉིས་པའི་དུས་སུ་དགོས་ངེས་ཀྱི་སྨན་དང་སྨན་ཁབ་སོགས་བཟོ་སྦྱོར་བྱེད་ཐུབ་ཀྱི་མེད་པ། རྒྱ་གར་མི་དམངས་ཀྱིས་སྲིད་གཞུང་གིས་འགན་འཁྲི་ལེན་གྱི་མེད་པ་དང་སྲིད་བློན་མོ་དྷིར་འཇོན་ཐང་དང་སྙིང་རྗེ་མེད་པ། སྲིད་བློན་མོ་དྷིའི་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཐེངས་གཉིས་པ་འབྱུང་རྒྱུ་དེར་གྲ་སྒྲིག་མ་བྱས་པར་སྣང་ཆུང་བཏང་བ་རེད་ཅེས་སྐྱོན་བརྗོད་ཀྱི་རྦ་རླབས་འཕྱུར། རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་ཞིག་གིས་དབུས་འོས་བསྡུ་ལྷན་ཁང་གིས་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་ཡོད་མིན་ལ་མ་ལྟོས་པར་མངའ་སྡེ་དང་དབུས་གཞུང་གི་ཐད་སྐྱོང་ས་གནས་ཤིག་བཅས་ས་གནས་ཁག་ལྔ་ལ་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་འོས་འདེམས་བྱེད་དུ་བཅུག་པ་རེད། ད་ལྟ་རྒྱ་གར་བ་འབུམ་ཕྲག་མང་པོར་ཏོག་དབྱིབས་ནད་དུག་འགོས་པ་དང་མི་སྟོང་ཕྲག་མང་པོར་འཆི་སྐྱོན་འབྱུང་བཞིན་པའི་ལན་ཁག་རྒྱ་གར་གྱི་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་ལ་ཡོད་ཅེས་ཁ་རྡུང་བཏང་ཞིང་། ཕྱི་ཟླ་༤་པ་གང་པོར་རྒྱ་གར་གྱི་ཨུ་ཏར་ཁན་མངའ་སྡེའི་ཧ་རི་དྷོ་ཝར་ས་གནས་སུ་ཀུམ་བྷུ་མེ་ལ་ཞེས་པའི་ཆོས་ལུགས་དུས་ཆེན་ཚུགས་ནས་མི་ས་ཡ་མང་གནས་གཅིག་ཏུ་འདུས་ཏེ་ཏོག་དབྱིབས་ནད་དུག་བགོ་བཞིན་ཡོད་མོད། འོན་ཀྱང་སྲིད་བློན་མོ་དྷིས་རང་གི་ཧིན་རྡུ་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁབ་འཐོབ་རྒྱུའི་ཆེད་དུ་ཆོས་ལུགས་ཀྱི་དུས་ཆེན་དེ་འགོག་གི་མེད་པ། སྲིད་བློན་མོ་དྷི་དང་ནང་སྲིད་བློན་ཆེན་ཨ་མེ་ཐེ་ཤ་སོགས་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོར་འཛམ་གླིང་གི་སྨན་ཁང་རྩེ་ཕུད་གྲས་ཀྱི་སྨན་བཅོས་མཐུན་རྐྱེན་ཡོད་ཀྱང་མི་དམངས་དབུལ་ཕོངས་རྣམས་སྲང་ལམ་ཁག་ཏུ་ལྟ་རྟོག་མེད་པར་འཆི་རུ་འཇུག་ཡོད་པ། རྒྱ་གར་གྱི་འབྱོར་ལྡན་པ་ཚོས་སྒེར་གྱི་གནམ་གྲུ་བཏང་ནས་ཡུ་རོབ་དང་དཀྱིལ་ཤར་ས་ཁུལ་གྱི་ཁ་ཆེའི་རྒྱལ་ཁབ་ལ་བག་གསེང་དུ་འབྲོ་ཡི་ཡོད་པར་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་འདུག

རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཐེངས་གཉིས་པ་ཁྱབ་ཀྱི་ཡོད་པའི་དུས་འདིར་ནེའུ་ཛི་ལན་ཌི་དང་དབྱིན་ཡུལ། ཨོ་གླིང་སོགས་ཀྱིས་སྐབས་ཤིག་གི་རིང་ལ་རྒྱ་གར་ནས་འགྲུལ་སྐྱེལ་གནམ་གྲུ་སོགས་ཡོང་མི་ཆོག་པའི་འགྲིམ་འགྲུལ་བཀག་སྡོམ་བྱས་ཟིན་ཞིང་། ཕྱི་ཟླ་༤་པའི་ཚེས་༢༨་ཉིན་ཡུ་རོབ་རྒྱལ་ཁབ་བྷེལ་ཇམ་གྱིས་རྒྱ་གར་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ། ལྷོ་ཨ་ཧྥི་རི་ཀ་གསུམ་ལ་འགྲིམ་འགྲུལ་བཀག ཁ་སང་གཟའ་ལྷག་པ་ནས་སི་པེན་གཞུང་གིས་རྒྱ་གར་ནས་འབྱོར་བའི་འགྲུལ་པ་རྣམས་ཉིན་བཅུ་ལ་ཟུར་འགོག་བྱ་རྒྱུའི་ཐག་བཅད། ༢༠༡༩་ཡི་ལོ་མཇུག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། ད་ལྟའི་བར་དུ་འཛམ་གླིང་ཡོངས་སུ་མི་གྲངས་དུང་ཕྱུར་༡་དང་ཕྱེད་ཀ་ཙམ་ལ་ཏོག་དབྱིབས་ནད་དུག་འགོས། མི་གྲངས་ས་ཡ་༣༡་ལྷག་ལ་འཆི་སྐྱོན་བྱུང་བ་དང་ཨ་མི་རི་ཀ་གཅིག་པུར་མི་གྲངས་ས་ཡ་༣༢་ལྷག་ལ་ཏོག་དབྱིབས་ནད་དུག་འགོས། ཨ་རི་བ་༥༧༣༠༠༠་ལྷག་ལ་འཆི་སྐྱོན་བྱུང་ཞིང་། འཛམ་གླིང་གི་རྒྱལ་ཁབ་གང་ལའང་བྱུང་མྱོང་མེད་པའི་ནད་མནར་དང་འཆི་སྐྱོན་གྱི་དཀའ་ངལ་ཞིག་ཨ་མི་རི་ཀར་འཕྲད་ཀྱང་རྒྱ་གར་ལ་འཕྲལ་དུ་རོགས་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་མ་སོང་ཞེས་སྐྱོན་བརྗོད་བྱ་རྒྱུ་འགོ་ཚུགས། ད་ལྟ་རྒྱ་ནག་གཞུང་གིས་ཀྱང་ཨ་མི་རི་ཀས་རྒྱ་གར་ལ་དགོས་ངེས་ཀྱི་དུས་སུ་རོགས་སྐྱོར་བྱེད་ཀྱི་མི་འདུག་ཅེས་བརྗོད་བྱས་འདུག རྒྱ་ནག་གི་སི་ཁྲོན་མཁའ་ལམ་ལས་ཁུངས་ཀྱིས་རྒྱ་གར་ལ་སྨན་ཁང་གི་ཡོ་བྱད་དང་ནད་བརྟག་འཕྲུལ་ཆས་སོགས་སྐྱེལ་འདྲེན་བྱ་རྒྱུ་ངང་འཐེན་བྱས་པ། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་གར་ལ་སྨན་ཁང་གི་ཡོ་བྱད་དེ་ཚོར་རིན་གོང་བརྒྱ་ཆ་༣༥་ནས་༤༠་ཡས་མས་ཤིག་སྤར་གྱི་ཡོད་པར་གླེང་སློང་ཙམ་ཡང་མི་བྱེད་པ། མདོར་ན་དེང་སང་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་དཀའ་ངལ་ཚབས་ཆེན་ཞིག་མྱོང་གི་ཡོད་པའི་ལན་ཁག་རྒྱ་ནག་ལ་ཡོད་པར་ཞེ་འཚེར་གྱི་རྣམ་འགྱུར་ཙམ་ཡང་སྟོན་གྱི་ཡོད་པ་རེད།།

XS
SM
MD
LG