ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་དང་ཐེ་ཝན་གྱི་ཚོང་འབྲེལ་དང་རྒྱ་ནག་གི་དངངས་འཚབ།


༢༠༡༨།༡༢།༡༨ ཉིན་རྒྱ་གར་དང་ཐེ་ཝན་གཉིས་ཀྱིས་ཚོང་འབྲེལ་འཛུགས་རྒྱུའི་གྲོས་མོལ་དང་གྲོས་ཆོད་བཞག་པ།
༢༠༡༨།༡༢།༡༨ ཉིན་རྒྱ་གར་དང་ཐེ་ཝན་གཉིས་ཀྱིས་ཚོང་འབྲེལ་འཛུགས་རྒྱུའི་གྲོས་མོལ་དང་གྲོས་ཆོད་བཞག་པ།

༄༅།། རྒྱ་གར་དང་ཐེ་ཝན་གཉིས་ཀྱིས་ཚོང་འབྲེལ་འཛུགས་རྒྱུའི་གྲོས་མོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིག་འཐོན་གྱི་ཡོད་པར་ལྡི་ལི་གསར་པའི་འགོ་ཁྲིད་ཚོས་གཞུང་འབྲེལ་གྱིས་གསལ་བཀྲོལ་ཅི་ཡང་བྱེད་ཀྱི་མེད་ཅིང་། གལ་སྲིད་རྒྱ་གར་གྱིས་ཐེ་ཝན་ལ་ཚོང་འབྲེལ་བཙུགས་ན་༡༩༥༠་ཐམ་པ་ནས་རྒྱ་གར་གྱིས་རྒྱ་ནག་གཅིག་གི་རྩ་དོན་དང་ཐེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་དགོས་པའི་ངོས་ལེན་བྱེད་ཀྱི་ཡོད་པའི་སྲིད་ཇུས་དེར་འགྱུར་བ་ཆེན་པོ་ཞིག་ཡིན། རྒྱ་གར་གྱིས་བོད་དང་ཐེ་ཝན་གཉིས་རྒྱ་ནག་གི་ཆ་ཤས་ཤིག་ལ་ངོས་ལེན་བྱ་རྒྱུ་ཡིན་མིན་ནི་རྒྱ་ནག་ལ་མཚོན་ན་རྩ་དོན་ཆེན་པོ་ཞིག་དང་པེ་ཅིང་ལ་ཧ་ཅང་གི་ཚོར་སྐྱེན་རྣོ་བའི་གནད་དོན་ཞིག་ཏུ་གྱུར་འདུག ཐེ་ཝན་གྱིས་ལོ་ཤས་སྔོན་ནས་རྒྱ་གར་ལ་ཚོང་འབྲེལ་འཛུགས་རྒྱུའི་གྲོས་གཞི་བཏོན། ཡིན་ནའང་རྒྱ་གར་གྱིས་རྒྱ་ནག་ལ་ཕོག་ཐུག་མི་གཏོང་བ་དང་ཕྱོགས་གཉིས་ཀྱི་འབྲེལ་བར་བསམ་ཤེས་བྱས་ནས་ཐེ་ཝན་ལ་ཚོང་འབྲེལ་གྱི་གྲོས་མོལ་བྱ་རྒྱུ་ནར་འགྱངས་བཏང་ཞིང་། དེང་སྐབས་རྒྱ་གར་གྱི་སྲིད་དོན་པའི་གྲས་སུ་ཐེ་ཝན་ལ་ཚོང་འབྲེལ་འཛུགས་དགོས་པའི་ལངས་ཕྱོགས་འཛིན་མཁན་ཤོག་ཁག་དེར་སྟོབས་ཤུགས་རྒྱས་ནས་སྲིད་བློན་མོ་དྷིའི་གཞུང་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པའི་གནས་ཚུལ་ཐོན།།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ང་ཚོར་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་གང་འདྲ་ཞིག་གིས་ཐེ་ཝན་ལ་འབྲེལ་བ་འཛིན་པ་དང་གཞུང་འབྲེལ་མི་སྣ་ཁག་ཐུག་འཕྲད། གྲོས་མཐུན་གྱི་རིགས་གང་འདྲ་ཞིག་ལ་མིང་རྟགས་བཀོད་ཀྱང་རྒྱ་ནག་གིས་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། རྒྱ་གར་གྱིས་ལྷག་བསམ་རྣམ་དག་གིས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་དང་ཐེ་ཝན་གྱི་གནད་དོན་ལ་གཟབ་ནན་བྱ་དགོས་ཞེས་ཉེན་བརྡ་བཏང་འདུག དུས་རབས་སྔོན་མའི་ལོ་རབས་༥༠་བ་ནས་རྒྱ་གར་གྱིས་ཐེ་ཝན་ལ་གཞུང་འབྲེལ་མ་ཡིན་པའི་འབྲེལ་བ་ཞིག་བཙུགས་ནས་ཚོང་ལས་དང་ཡུལ་སྐོར་སྤྲོ་འཆམ། ཚན་རིག་དང་ཕྱིར་སྐྱོད་ལག་འཁྱེར་སྤྲོད་ལེན་སོགས་ཀྱི་སྲི་ཞུ་སྒྲུབ་ས་སོགས་ཀྱི་འབྲེལ་བ་ཞིག་ལས་བཙུགས་མེད། ༡༩༩༥་ལོར་རྒྱ་གར་དང་ཐེ་ཝན་གྱི་འབྲེལ་བ་ཚད་མཐོ་རུ་བཏང་སྟེ་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་རྒྱ་གར་དང་ཐེ་པེ་མཐུན་ཚོགས་ཞེས་པའི་ལས་ཁུངས་ཤིག་སྒོ་ཕྱེ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཐེ་པེ་དཔལ་འབྱོར་དང་རིག་གཞུང་ལྟེ་གནས་ཁང་ཞེས་ལས་ཁུངས་ཤིག་སྒོ་ཕྱེ། རྒྱ་གར་གྱི་ཕྱི་འབྲེལ་མི་སྣ་ཟུར་པ་དང་ཕྱི་སྲིད་མཁས་པ་ཚོས་ལྡི་ལི་གསར་པའི་འགོ་ཁྲིད་ཚོར་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱེད་ཀྱི་ཡོད་པ་དེར་བསྐྱར་ཞིབ་བྱ་དགོས་ཀྱི་འདུག རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས་དབང་སྒྱུར་བྱེད་བཞིན་ཡོད་པ་དང་ཞིན་ཅང་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར། ད་དུང་རྒྱ་གར་ལ་མཛའ་མཐུན་མིན་པའི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་གྱི་ཡོད་པ་སོགས་ལ་ལན་པ་སློག་པར་རྒྱ་གར་གྱིས་ཐེ་ཝན་ལ་འབྲེལ་བ་འཛུགས་དགོས་ཞེས་སྐུལ་ལྕག་བཏང་འདུག

ད་ལོ་བོད་དང་ལ་དྭགས་ཀྱི་ས་མཚམས་ཁག་ཏུ་རྒྱ་ནག་གི་དམག་དཔུང་ཁག་ཅིག་རྒྱ་གར་གྱི་མངའ་ཁོངས་སུ་དཔུང་འཛུལ་ནས་འཁྲུག་རྩོད་བསླངས། ཕྱོགས་གཉིས་ཀྱི་དམག་དཔུང་བཀོད་འདོམས་པ་རིམ་པས་གྲོས་མོལ་ཐེངས་བདུན་བྱས་ཀྱང་རྒྱ་ནག་གི་དམག་དཔུང་རྣམས་ས་མཚམས་ནས་ཕྱིར་འཐེན་བྱེད་ཀྱི་མེད་པས་སྲིད་བློན་མོ་དྷིའི་གཞུང་གིས་ཐེ་ཝན་ལ་ཚོང་འབྲེལ་འཛུགས་རྒྱུ་དེར་བསྐྱར་དུ་བསམ་ཞིབ་བྱ་དགོས་བྱུང་ཡོད་པ་སྟེ། རྒྱ་ནག་གིས་ཐེ་ཝན་དང་རྒྱ་གར་གཉིས་ཀར་འཇིགས་སྐུལ་བྱེད་ཀྱི་ཡོད་པས་ཉེན་ཁ་གཅིག་མཚུངས་སུ་གྱུར། རྒྱ་གར་གྱི་ཕྱི་འབྲེལ་མི་སྣ་ཚོས་རྒྱ་ནག་གིས་ཇམ་མུ་དང་ཀ་ཤི་མིར། ལ་དྭགས་དང་ཨ་རུ་ན་ཅལ་མངའ་སྡེ་རྣམས་རྒྱ་གར་གྱི་མངའ་ཁོངས་ཡིན་པར་ངོས་ལེན་བྱེད་ཀྱི་མི་འདུག རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེར་ལྷོ་བོད་ཟེར་པ་དང་རྒྱ་གར་གྱི་མངའ་ཁོངས་སུ་གཏོགས་པའི་ཨག་སེ་ཆེན་ཡང་རྒྱ་ནག་གིས་བཙན་བཟུང་བྱེད་བཞིན་ཡོད། དེས་ན་རྒྱ་གར་གྱིས་བོད་དོན་དང་ཞིན་ཅང་གི་གནད་དོན་ལ་གླེང་སློང་། ཐེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་དགོས་ཟེར་གྱི་ཡོད་པ་དེར་མོས་མཐུན་བྱེད་ན་དགེ་མཚན་མི་འདུག་ཅེས་རྩོད་པ་བརྒྱབ། ལོ་འདིའི་ཕྱི་ཟླ་༥་པར་རྒྱ་གར་གྱི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་གཉིས་དྲྭ་ལམ་དུ་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱི་ལས་དུས་ཐེངས་གཉིས་པའི་ཁྲི་སྟོན་མཛད་སྒོར་ཞུགས། གྲོས་ཚོགས་འཐུས་མི་དེ་དག་གིས་རྒྱ་གར་དང་ཐེ་ཝན་གཉིས་ཀ་དམངས་གཙོའི་རྒྱལ་ཁབ་ཡིན་པས་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་སོགས་ཐུན་མོང་གི་ལྟ་གྲུབ་ཅིག་ཡོད་ཅེས་བཤད། ཉེ་ཆར་རྒྱ་གར་གཞུང་གིས་ཐེ་ཝན་གྱི་ཧྥོཀ་སི་ཀོན་འཕྲུལ་རིག་བཟོ་ཚོང་ཁང་སོགས་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་གསུམ་ལ་རྒྱ་གར་གྱི་ས་ཐོག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་ཆོག་པའི་ཆོག་མཆན་སྤྲད།།

ཕྱི་ཟླ་༡༠་པའི་ཚེས་༡༠་ཉིན་ཐེ་ཝན་གྱི་རྒྱལ་སྟོན་དུས་ཆེན་ཉིན་དེར་རྒྱ་གར་བ་ཚོས་ཊོས་ཊར་དྲྭ་ལམ་དུ་ཐེ་ཝན་ལ་འཚམས་འདྲི་ཞུ་མཁན་ཧ་ཅང་ཇེ་མང་དུ་སོང་། ལྡི་ལི་གསར་པའི་གཞུང་ལམ་ནང་དུ་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱི་འདྲ་པར་ཆེན་པོ་ཞིག་བཀལ་། དེར་བརྟེན་ལྡི་ལི་གསར་པར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་རྒྱ་གར་གྱིས་རྒྱ་ནག་གཉིས་སམ། རྒྱ་ནག་དང་ཐེ་ཝན་ཞེས་རྒྱལ་ཁབ་མ་འདྲ་བ་གཉིས་ལ་དབྱེ་བ་དགར་གྱི་ཡོད་པར་ངོ་རྒོལ་ཡོད། འདི་ནི་རྒྱ་གར་གྱིས་རྒྱ་ནག་གཅིག་གི་རྩ་དོན་ཁས་ལེན་བྱེད་ཀྱི་ཡོད་པར་རྒྱབ་འགལ་བྱས་པ་ཞིག་རེད་ཅེས་ངོ་རྒོལ་བྱས་འདུག ༢༠༡༥་ནས་༢༠༡༦་བར་དུ་རྒྱ་གར་དང་ཐེ་ཝན་གྱི་ཚོང་ལས་ཨ་སྒོར་དུང་ཕྱུར་༤༧་ལྷག་བརྒལ། ༢༠༡༨་ནས་༢༠༡༩་བར་དུ་རྒྱ་གར་དང་ཐེ་ཝན་གྱི་ཚོང་ལས་ཨ་སྒོར་དུང་ཕྱུར་༧༢་མ་ཟིན་ཙམ་ལ་འཕར། ༢༠༡༩་ནས་༢༠༢༠་བར་དུ་ཕྱོགས་གཉིས་ཀྱི་ཚོང་ལས་ཨ་སྒོར་དུང་ཕྱུར་༥༧་བར་དུ་མར་ཆག ཐེ་ཝན་གྱི་གློག་ཆས་དང་འཕྲུལ་ཆས། གློག་ཀླད་ཀྱི་ཡོ་ཆས་མང་དག་ཅིག་རྒྱ་གར་ལ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་དང་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་༨༠་ལྷག་གིས་རྒྱ་གར་གྱི་ས་ཐོག་ཏུ་ཚོང་ལས་གཉེར་གྱི་ཡོད་པ་རེད། གལ་སྲིད་ཐེ་ཝན་དང་རྒྱ་གར་གཉིས་ཀྱིས་ཚོང་ལས་གྲོས་མཐུན་ཞིག་འཇོག་ཐུབ་ན་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་ལ་ཁྲོམ་ར་ཆེན་པོ་ཞིག་སྒོ་འབྱེད་རྒྱུ་ཡིན་པར་མ་ཟད། ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་ཁྲོམ་ར་གཅིག་པུར་བརྟེན་མི་དགོས་པ་དང་རྒྱ་གར་ཡང་རྒྱ་ནག་གི་གློག་ཆས་དང་ཁ་པར་སོགས་ཀྱི་བརྡ་འཕྲིན་མ་ལག་འབའ་ཞིག་ལ་བརྟེན་མི་དགོས་པ། ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་དང་ཉི་ཧོང་། ལྷོ་ཀོ་རི་ཡ་དང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་ཏུ་ཁྲོམ་ར་རྒྱ་སྐྱེད་བྱ་ཡུལ་མེད་པའི་མཚམས་དེར་སླེབས་ཡོད་པར་རེད།།

ད་ལོ་བར་དུ་རྒྱ་གར་གྱིས་སྨན་རིགས་དང་རླངས་འཁོར་གྱི་ལྷུ་ལག ལག་ཐོགས་ཁ་པར་དང་ཁ་པར་གྱི་བརྡ་འཕྲིན་ཡོ་བྱད་སོགས་རྒྱ་གར་གྱི་སྤྱི་ཚོགས་སུ་མཁོ་བའི་ཅ་ལག་ཕལ་ཆེ་བ་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་མོད། འོན་ཀྱང་ཕྱི་ཟླ་༦་པའི་ཚེས་༡༥་དགོང་མོར་ལ་དྭགས་ཀྱི་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་དྲག་པོ་ཐུག་ནས་བཟུང་། རྒྱ་གར་གྱིས་རྒྱ་ནག་གི་ཁ་པར་བཟོ་ཚོང་ལས་ཁང་ཁག་གིས་བཟོས་པའི་བཀོལ་ཆས་༡༡༨་བཀག ད་ལྟ་རྒྱ་གར་གྱི་ཁ་པར་བཀོལ་ཆས་དང་གློག་ཆས་ཀྱི་དགོས་མཁོ་རྣམས་ནང་འདྲེན་བྱ་ཡུལ་གཙོ་བོ་ཞིག་ཐེ་ཝན་གྱུར་འདུག རྒྱ་ནག་གིས་ལ་དྭགས་ཀྱི་ས་མཚམས་ནས་རྒྱ་གར་གྱི་མངའ་ཁོངས་སུ་དཔུང་འཛུལ་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་བ་དང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་རྒྱ་སྐྱེད་བྱས་ནས་ཝྭི་ཏེ་ནམ་དང་ཧྥི་ལི་ཕིན་སོགས་ལ་འབྲེལ་བ་སྡུག་ཏུ་སོང་། ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གིས་ཉི་ཧོང་ལ་འཁྲུག་རྩོད་བསླངས་ནས་འགལ་ཟླ་ཆེ་རུ་སོང་། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་ཀྱང་ཐག་གཅོད་གཙང་མ་ཞིག་བྱེད་ཐུབ་ཀྱི་མེད་པ། རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིན་ཁ་པར་བཟོ་ཚོང་ཁང་གི་བརྡ་འཕྲིན་མ་ལག་རྣམས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བཀག་པ། རྒྱ་ནག་གིས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་ཏུ་བཅུག་པ་སོགས་ཀྱིས་རྒྱལ་ཁབ་མང་དག་ཅིག་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་སོང་སྟེ་ཐེ་ཝན་ལ་རྒྱལ་སྤྱིའི་ཐོག་ཏུ་འབྲེལ་བ་རྒྱ་སྐྱེད་གཏོང་བའི་གོ་སྐབས་ཤིག་ཐོབ་ཡོད་པ་རེད།།

XS
SM
MD
LG