ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་དཀར་ནག་གི་འཁྲུག་རྩོད་དང་ཨུ་རུ་སུའི་བར་འདུམ། 


༄༅།། ཉེ་དུས་ཤིག་ནས་བོད་ཀྱི་ས་མཚམས་ཁག་ཏུ་རྒྱ་ནག་དཀར་ནག་གཉིས་ཀས་དམག་འཁྲུག་རྒྱག་སྲིད་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་ཨུ་རུ་སུ་རྒྱ་དཀར་ནག་གཉིས་ཀྱི་འཁྲུག་རྩོད་ཞི་འཇམ་གཏོང་བའི་བར་འདུམ་བྱེད་མཁན་གཙོ་བོ་ཞིག་ཏུ་གྱུར། དེ་རིང་གཟའ་མིག་དམར་ཉིན་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་སར་གྷེ་ལཱ་ཝྭ་རོབ་ཀྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱ་ཡེ་ཤན་ཁན་གཉིས་དྲྭ་ལམ་དུ་ཐུག་འཕྲད་གྲོས་མོལ་བྱེད་དུ་བཅུག འདི་ནི་ཕྱི་ཟླ་༦་པའི་ཚེས་༡༥་ཉིན་རྒྱ་དཀར་ནག་གི་ས་མཚམས་སྲུང་དམག་ཁག་ཅིག་ལག་འཛིང་དྲག་པོ་ཐུག་སྟེ་རྒྱ་གར་གྱི་དམག་མི་༢༠་ལ་སྲོག་སྐྱོན་དང་མི་༧༠་ལྷག་ལ་རྨས་སྐྱོན་ཕོག ཕྱི་ཟླ་༦་པའི་ཚེས་༡༧་ཉིན་ཝང་དབྱི་དང་ཇཱ་ཡེ་ཤན་ཁར་གཉིས་ཁ་པར་ནང་དུ་ཁ་རྩོད་དྲག་པོ་ཐུག་ནས་བཟུང་། རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་གཉིས་ཀྱིས་ཕན་ཚུན་གདོང་པ་བསྟན་པ་ཐེངས་དང་པོ་ཡིན་ཞིང་། སང་ཉིན་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐེ་སིང་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཝེ་ཧྥེང་ཧེ་གཉིས་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་འཛམ་གླིང་དམག་ཆེན་གཉིས་པའི་དུས་སུ་ཨུ་རུ་སུ་ལ་རྒྱལ་ཁ་ཐོབ་པའི་དགའ་སྟོན་དུས་དྲན་ལ་མཉམ་ཞུགས་བྱེད་ཀྱི་ཡོད་ཅིང་། ད་ལོའི་ཨུ་རུ་སུའི་དུས་དྲན་སྐབས་སུ་རྒྱ་གར་དང་རྒྱ་ནག་གི་དམག་སྡེ་རེ་ཡང་རྒྱལ་ཁབ་ཁག་གི་དམག་དཔུང་གྲས་སུ་རུ་སྒྲིག་བྱ་རྒྱུ། རྒྱ་དཀར་ནག་གཉིས་དང་ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོས་ཨེ་ཤི་ཡའི་མངའ་ཁུལ་དུ་ཞི་བདེ་བསྐྲུན་དགོས། ལྷག་པར་དུ་རྒྱ་དཀར་ནག་གཉིས་ཀས་དངོས་སུ་དབང་སྒྱུར་བྱེད་བཞིན་པའི་བོད་ཀྱི་ས་མཚམས་ཁག་ཏུ་འཁྲུག་རྩོད་འབྱུང་སྲིད་པར་གཡོལ་ཐབས་བྱ་དགོས་ཞེས་གྲོས་མོལ་བྱས་འདུག

དེང་སྐབས་རྒྱ་དཀར་ནག་གཉིས་ཀས་ཕན་ཚུན་སྐྱོན་འཛུགས་དང་འཇིགས་སྐུལ་བྱེད་རེས་བྱེད་ཀྱི་ཡོད་ཀྱང་པེ་ཅིང་དང་ལྡི་ལི་གསར་པའི་འགོ་ཁྲིད་ཚོས་ཐད་ཀར་གྲོས་མོལ་བྱེད་ཐུབ་ཀྱི་མེད་པས་ཨུ་རུ་སུའི་བར་འདུམ་འདི་གནད་འགག་ཆེན་པོ་ཞིག་ཏུ་གྱུར། རྒྱ་གར་དང་ཨུ་རུ་སུ་གཉིས་ལ་ལོ་༧༠་ལྷག་གི་འབྲེལ་བ་བཟང་པོ་ཞིག་ཡོད་པར་མ་ཟད། ༡༩༧༡་ལོར་རྒྱ་གར་དང་པ་ཀི་སི་ཐན་གྱི་དམག་འཁྲུག་དུས་སུ་ཨུ་རུ་སུའི་གཞུང་གིས་རྒྱ་གར་ལ་རྒྱབ་སྐྱོར་བྱས་ཤིང་། རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་དང་དམག་གྲུ་ཆེན་མོ། དེང་རབས་ཅན་གྱི་དམག་དོན་ཡོ་བྱད་བརྒྱ་ཆ་༦༠་ནས་༧༠་ཡས་མས་ཤིག་ཨུ་རུ་སུ་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་སྟེ། གཟའ་འཁོར་སྔོན་མར་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་ཁག་ཅིག་ལ་དྭགས་ཀྱི་གྷལ་ཝན་ལུང་གཤོང་དུ་ལག་འཛིང་ཐུག་ནས་མི་གསོད་ཁྲག་སྦྱོར་བྱུང་བའི་རྗེས་སུ་རྒྱ་གར་གྱིས་ཨུ་རུ་སུ་ནས་སཱུ་༣༠་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་༡༢་དང་མཱིག་༢༩་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་༢༡་བཅས་ཁྱོན་བསྡོམས་འཐབ་འཛིང་གནམ་གྲུ་༣༣་ཉོ་རྒྱུའི་ཐག་བཅད། རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་གྱིས་ཨུ་རུ་སུ་ནས་ཨེ་སི་༤༠༠་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་འགོག་སྲུང་མཚོན་ཆ་ཉོ་སྒྲུབ་བྱ་རྒྱུའི་གྲོས་སྡུར་བྱེད་ཀྱི་ཡོད་པ་རེད། སྤྱིར་རྒྱ་གར་གཞུང་གིས་པ་ཀི་སི་ཐན་དང་རྒྱ་ནག་གཉིས་ལ་ས་མཚམས་ཀྱི་རྩོད་གཞི་ཡོད་པ་དེར་རྒྱལ་ཁབ་གཞན་ལ་བར་འདུམ་བྱེད་དུ་འཇུག་གི་མེད་མོད། འོན་ཀྱང་ཨུ་རུ་སུ་དང་རྒྱ་ནག་གི་འབྲེལ་བ་བཟང་པོ་ཡོད་པ་དང་ཨུ་རུ་སུ་དང་རྒྱ་གར་གྱི་འབྲེལ་བ་བཟང་པོ་ཡོད་པས་རྒྱ་གར་གཞུང་གིས་ཨུ་རུ་སུ་ལ་རྒྱ་དཀར་ནག་གི་རྩོད་གཞི་འདིར་བར་འདུམ་བྱེད་དུ་བཅུག་ན་ནུས་པ་ཞིག་འཐོན་སྲིད་པའི་རེ་ལྟོས་འཆང་འདུག

ཨུ་རུ་སུའི་ཕྱི་སྲིད་བློན་ཆེན།
ཨུ་རུ་སུའི་ཕྱི་སྲིད་བློན་ཆེན།

རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐེ་སིང་ཛ་དྲག་གི་དུས་འདིར་མོ་སི་ཀོར་ཕེབས་དོན་གཙོ་བོ་ནི་ཨུ་རུ་སུ་ལ་འཛམ་གླིང་དམག་ཆེན་གཉིས་པའི་དུས་སུ་རྒྱལ་ཁབ་ཐོབ་པའི་དགའ་སྟོན་དུས་དྲན་ལ་མཉམ་ཞུགས་རྒྱུའི་ཆེད་དུ་མ་རེད། ཨུ་རུ་སུའི་གཞུང་གིས་རྒྱ་གར་གྱི་རྒྱལ་སྲུང་ལ་མཁོ་བའི་དམག་གི་གནམ་གྲུ་ཁག་དང་མེ་ཤུགས་འཕུར་མདེལ་འགོག་སྲུང་མཚོན་ཆ་རྣམས་མྱུར་དུ་བཙོང་ཐུབ་པའི་གྲོས་མོལ་བྱེད་དུ་ཕེབས་པ་རེད། ད་ལྟ་རྒྱ་གར་ལ་རང་གིས་བཟོ་སྐྲུན་བྱས་པའི་འཐབ་འཛིང་གནམ་གྲུ་དང་དམག་དོན་ཡོ་བྱད། ཧྥ་རན་སི་དང་དབྱིན་ཡུལ་ནས་ནང་འདྲེན་བྱས་པའི་འཐབ་འཛིང་གནམ་གྲུ། ཨུ་རུ་སུ་ནས་ནང་འདྲེན་བྱས་པའི་འཐབ་འཛིང་གནམ་གྲུ་སོགས་ཡོད་ཀྱང་རྒྱ་ནག་ལ་དམག་འཁྲུག་ཆེན་པོ་ཞིག་རྒྱག་དགོས་ན་རྒྱ་གར་ལ་འཐབ་འཛིང་གནམ་གྲུ་ཁ་སྣོན་དགོས། རྒྱ་གར་ལ་གནམ་དམག་གི་དཔུང་ཤོག་༤༢་དགོས་ཀྱང་དཔུང་ཤོག་༣༢་ལས་མེད་ཅིང་། གནམ་དམག་གི་དཔུང་ཤོག་རེར་མང་ན་འཐབ་འཛིང་གནམ་གྲུ་༢༤་དང་ཉུང་ན་འཐབ་འཛིང་གནམ་གྲུ་༡༢་རེ་དགོས་པས་རྒྱ་གར་གྱིས་ཨུ་རུ་སུ་ནས་འཐབ་འཛིང་གནམ་གྲུ་ཁ་སྣོན་ཉོ་དགོས་ཐུག་འདུག ཨུ་རུ་སུའི་ཨེ་སི་༤༠༠་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་འགོག་སྲུང་མཚོན་ཆ་རྣམས་རྒྱ་ནག་གི་མེ་ཤུགས་འཕུར་མདེལ་ཕར་བར་སྣང་དུ་གཏོར་པར་དགོས་ངེས་སུ་གྱུར། རྒྱ་གར་ལ་མེ་ཤུགས་འཕུར་མདེལ་འགོག་སྲུང་མཚོན་ཆ་མེད་ན་རྒྱ་ནག་གི་མེ་ཤུགས་འཕུར་མདེལ་གྱིས་གཏོར་རྒོལ་ཚབས་ཆེན་འཕོག་སྲིད།།

གཟའ་འཁོར་སྔོན་མར་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་ཁག་ཅིག་ལག་འཛིང་དྲག་པོ་ཐུག་པའི་རྗེས་སུ་སྲིད་བློན་མོ་དྷིས་རྒྱ་གར་ལ་དམག་འཁྲུག་རྒྱག་འདོད་མེད། གལ་སྲིད་རྒྱ་གར་ལ་ཚུར་རྒོལ་དང་བཙན་འཛུལ་བྱུང་ན་རྒོལ་ལན་འོས་ཤིང་འཚམས་པ་ཞིག་སློག་རྒྱུ་ཡིན། རྒྱ་གར་ལ་རྒོལ་ལན་སློག་ཐུབ་པའི་སྟོབས་འབྱོར་དང་ཆོད་སེམས་གཉིས་ཀ་ལྡན་ཡོད་ཅེས་བཤད། ཡིན་ནའང་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཁག་དང་ཉམས་ཞིབ་པ། མི་དམངས་སྒེར་པ་བཅས་ཀྱིས་རྒྱ་ནག་ལ་རྒོལ་ལན་ནན་པོ་ཞིག་སློག་དགོས། རྒྱ་གར་གྱིས་རྒྱ་ནག་ལ་སྲིད་ཇུས་གང་འདྲ་ཞིག་བཟུང་ན་ཕ་རོལ་པར་གནོད་ཐུབ་མིན་གླེང་སློང་སྣ་ཚོགས་ཤིག་བྱེད་འགོ་ཚུགས། རྒྱ་གར་བ་མང་པོ་ཞིག་གིས་རྒྱ་ནག་གི་དངོས་ཟོག་ནང་འདྲེན་བྱ་རྒྱུ་མཚམས་འཇོག་བྱ་དགོས། ད་ལྟའི་བར་དུ་རྒྱ་གར་གཞུང་གིས་རྒྱ་ནག་ལ་ཕྱོགས་ཡོངས་ནས་འབྲེལ་བ་རྒྱ་ཆེན་པོ་ཞིག་བཙུགས་ཏེ་ས་མཚམས་ཀྱི་དཀའ་ངལ་རྣམས་རང་བཞིན་གྱིས་ཆུང་ཚགས་ཤིག་ཏུ་འགྱུར་ཐུབ་རྒྱུའི་རེ་ལྟོས་བཅངས་པ་མ་འགྲུབ་རེད། དེར་བརྟེན་རྒྱ་གར་གྱིས་ས་མཚམས་རྩོད་གླེང་ཐོག་ཏུ་རྒྱ་ནག་ལ་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས། རྒྱ་གར་གཞུང་གིས་རྒྱ་ནག་གི་ཁ་པར་གྱི་བརྡ་འཕྲིན་མ་ལག་རྣམས་བཀོལ་སྤྱོད་བྱ་རྒྱུ་མཚམས་འཇོག་བྱེད་དུ་འཇུག་དགོས། རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་ལ་རྒྱ་གར་གྱི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་འཛུགས་ཆོག་པའི་ཚོང་ལས་གན་རྒྱ་བཞག་ཡོད་པ་ཕྱིར་འཐེན་བྱ་དགོས། རྒྱ་ནག་གི་འཛུགས་སྐྲུན་ལས་ཁང་ཞིག་ལ་རྒྱ་གར་གྱི་ས་འོག་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ཚོང་ལས་གན་རྒྱ་འཇོག་འཆར་ཡོད་པ་ཕྱིར་འཐེན་བྱ་རྒྱུ། ད་ལྟ་རྒྱ་གར་མི་དམངས་དུང་ཕྱུར་མང་པོས་རྒྱ་ནག་གི་སྐད་འཕྲིན་དང་ཊིཀ་ཊོཀ དེ་མིན་གྱི་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱ་མང་དག་ཅིག་ཕབ་ལེན་བྱས་ནས་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་རྣམས་འགོག་དགོས། རྒྱ་གར་གྱི་གློག་བརྙན་འཁྲབ་མཁན་དང་སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ་ཁག་གིས་རྒྱ་ནག་གི་ཁ་པར་རྣམས་ཚོང་བསྒྲགས་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་ལས་འགུལ་སྣ་མང་ཞིག་སྤེལ་གྱི་ཡོད་པ་རེད།།

འདས་པའི་ལོ་༦་གི་རིང་ལ་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་ཐེངས་༡༨་བྱུང་། ལྡི་ལི་གསར་པའི་ཕྱི་འབྲེལ་མི་སྣ་ཚོས་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་བཏང་ནས་ས་མཚམས་ཀྱི་རྩོད་གཞི་ཁག་ལ་ཕྱོགས་གཉིས་ཀྱི་འབྲེལ་བར་འགལ་རྐྱེན་སློང་དུ་མི་འཇུག་པའི་ལངས་ཕྱོགས་ཤིག་བཟུང་། རྒྱ་གར་གྱི་སྲིད་དོན་ཉམས་ཞིབ་པ་ན་ལཱ་པ་ཐེ་ཞེས་པ་ཞིག་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཡུན་རིང་ཞིག་ལ་རྒྱ་གར་གཞུང་གིས་ས་མཚམས་ཀྱི་རྩོད་གཞི་འདི་ཕྱོགས་གཉིས་ཀྱི་འབྲེལ་བར་འགལ་ཟླ་སློང་བའི་རྒྱུ་རྐྱེན་ཞིག་ལ་འགྱུར་དུ་མི་འཇུག་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་རེད། ད་ཐེངས་ཀྱི་དོན་རྐྱེན་རྗེས་སུ་རྒྱ་གར་གྱི་སྲིད་ཇུས་དེར་འགྱུར་བ་ཐེབས་རྒྱུའི་རྟགས་མཚན་ཞིག་འདུག སྲིད་བློན་མོ་དྷིས་རྒྱ་ནག་གིས་ཕྱོགས་གཉིས་ཀྱི་ས་མཚམས་སུ་དཔུང་འཛུལ་ཅི་ཙམ་བྱས་ཀྱང་རྒྱ་གར་གྱིས་དེ་ལ་ལན་པ་སློག་མེད། ད་ནས་རྒྱ་གར་གྱིས་སྔར་བཞིན་རྒྱ་ནག་ལ་འབྲེལ་བ་དེ་འདྲ་ཞིག་འཛིན་ཐུབ་རྒྱུ་མིན་པའི་གཏམ་བཤད་བྱས་སོང་ཞེས་བཤད། ལོན་ཌོན་གྱི་རྒྱལ་པོའི་མཐོ་སློབ་ཁང་གི་ཉམས་ཞིབ་པ་ཕཱེན་ཊེ་ཞེས་པ་ཞིག་གིས་ཀྱང་རྒྱ་གར་གྱི་ཕྱི་སྲིད་ལ་སྒྱུར་བཅོས་དང་འཛམ་གླིང་ཡུལ་གྲུ་ཁག་ལ་མཐུན་གྲོགས་སྒྲིག་ཕྱོགས་སུ་བཅོས་སྒྱུར། རྒྱ་གར་གྱིས་ལོ་མང་རིང་རྒྱ་ནག་ལ་ཕོག་ཐུག་མི་གཏོང་བར་འབྲེལ་བ་སྙོམས་པོ་ཞིག་འཛིན་དགོས་པའམ། ཡང་ན་ཨ་མི་རི་ཀར་ཕྱོགས་ཡོངས་ནས་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་འབྲེལ་བ་ཞིག་འཛིན་དགོས་མིན་ཚོད་དཔག་མ་ཐུབ་པར་ཐེ་ཚོམ་གྱི་ངང་དུ་ལུས་པ་རེད། ད་ནས་རྒྱ་གར་གྱི་ཕྱི་སྲིད་ལ་བཅིངས་འགྲོལ་ཐོབ་ནས་ལྡི་ལི་གསར་པའི་དབང་འཛིན་པ་ཚོར་བློ་རྩེ་གཉིས་ཀྱི་ཕྱི་འབྲེལ་སྲིད་ཇུས་ཤིག་འཛིན་མི་དགོས་པར་གྱུར་པ་རེད། རྒྱ་གར་གྱིས་འཛེམ་ཟོན་མེད་པར་ཨ་མི་རི་ཀས་འགོ་ཁྲིད་པའི་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་ལ་འཛུལ་ཞུགས། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་གླེང་ཁག་ལ་རྒྱ་གར་གྱིས་ཐེ་གཏོགས་མང་ཙམ་བྱ་རྒྱུ། རྒྱ་གར་གྱིས་སྔར་བཞིན་ཨོ་གླིང་རྒྱལ་ཁབ་དང་ཉི་ཧོང་། ཝྭི་ཏེ་ནམ་བཅས་ལ་དམག་དོན་འབྲེལ་བ་རྒྱ་སྐྱེད་གཏོང་རྒྱུ་དེར་དོགས་མ་བདེ་བ་ཞིག་བྱ་མི་དགོས་པར་གྱུར་པ་རེད་ཅེས་བཤད།།

XS
SM
MD
LG