ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༩

རྒྱ་དཀར་ནག་གི་དམག་དཔུང་རིམ་འཐེན་དང་ཚོང་དམག་རྒྱུན་འཁྱོངས། 


རྒྱ་གར་གྱི་ལ་དྭགས་ས་མཚམས་བདེ་འཇགས་དཔུང་དམག
རྒྱ་གར་གྱི་ལ་དྭགས་ས་མཚམས་བདེ་འཇགས་དཔུང་དམག

༄༅།། ཉེ་ཆར་རྒྱ་དཀར་ནག་གི་དམག་དཔུང་རྣམས་དམར་འཛིང་འབྱུང་ཡུལ་ས་མཚམས་ཁག་ནས་རིམ་བཞིན་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་དང་ཕྱོགས་གཉིས་ཀྱི་དམག་དཔུང་རྣམས་སླར་ཡང་གདོང་ཐུག་འབྱུང་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་པ་ཟློག་ཐབས་བྱ་དགོས་པའི་གྲོས་མཐུན་བྱུང་བའི་གནས་ཚུལ་ཐོན། ཕྱི་ཟླ་༧་པའི་ཚེས་༢་ཉིན་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་འཁོར་འདིར་རྒྱ་ནག་གི་ཞིན་ཅང་ལྷོ་ཕྱོགས་ཀྱི་དམག་དཔུང་བཀོད་འདོམས་པ་དམག་སྤྱི་ལིའུ་ལིན་དང་ལ་དྭགས་ཀྱི་རྒྱལ་ས་གླེ་ས་གནས་སུ་གནས་འཁོད་རྒྱ་གར་གྱི་དམག་སྡེ་༡༤་པའི་བཀོད་འདོམས་པ་དམག་སྤྱི་ཧ་རཱིན་དྷར་སིང་གཉིས་ཆུ་ཤུལ་ས་ཁུལ་དུ་ཐུག་འཕྲད་གྲོས་མོལ་བྱུང་ཡོད། འདི་ནི་དུས་ཡུན་ཟླ་བ་གཅིག་གི་ནང་ཚུད་དུ་རྒྱ་དཀར་ནག་གི་མཐོ་རིམ་དམག་དཔོན་རིམ་པས་ཐུག་འཕྲད་གྲོས་མོལ་བྱས་པ་ཐེངས་གསུམ་པ་ཡིན། གྲོས་མོལ་ཐེངས་གསུམ་པ་དེར་ཕྱོགས་གཉིས་ཀྱི་ས་མཚམས་ཁག་གི་ཛ་དྲག་ཞི་འཇམ་གཏོང་ཐུབ་པའི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཐོན་སོང་། ད་དུང་ཡང་རྒྱ་དཀར་ནག་གཉིས་ཀས་མུ་མཐུད་དུ་གྲོས་མོལ་བྱས་ནས་འཁྲུག་རྩོད་ཆེ་རུ་མི་འགྲོ་བའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པ་ཚོར་བཤད། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལའང་རྒྱ་དཀར་གཉིས་ཀ་ས་མཚམས་ཀྱི་ཛ་དྲག་ཞི་འཇམ་གཏོང་རྒྱུ་དང་ཕྱོགས་གཉིས་ཀྱི་དམག་དཔུང་རྣམས་སྡེ་ཤོག་བྱས་ཏེ་རྩོད་གཞི་ཆེ་བའི་ས་མཚམས་ཁག་ནས་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་བྱུང་འདུག་ཅེས་གནས་ཚུལ་སྤེལ།།

ཉམས་ཞིབ་པ་ཚོས་དམག་དཔུང་སྡེ་ཤོག་བྱས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་འཁོད་པ་ནི་མཐའ་མཚམས་ཀྱི་ས་ཁུལ་མང་དག་ཅིག་ལ་རྒྱ་དཀར་གཉིས་ཀས་དམག་དཔུང་ཕོན་ཆེན་ཞིག་འགྲེམ་འཇོག་བྱས་ཡོད་པ་རྣམས་རྒྱང་དུ་འཐེན་རྒྱུ་ཡིན་ཟེར་གྱི་ཡོད་པ་ཞིག་ལ་གོ་བ་ལེན་དགོས་ས་རེད། འོན་ཀྱང་རྒྱ་དཀར་ནག་གཉིས་ཀྱི་གྲོས་མཐུན་དེ་སྟེས་དབང་གི་འཁྲུག་རྩོད་ཁག་སྔོན་འགོག་བྱ་རྒྱུའི་ཆེད་དུ་ཡིན་ཞིང་། ད་སྔ་རྒྱ་དཀར་ནག་གཉིས་ཀས་ཧི་མ་ལ་ཡའི་རི་འདབས་ཀྱི་ས་མཚམས་ཁག་ལ་བཀྲམ་ཟིན་ཡོད་པའི་དམག་དཔུང་རྣམས་ཕྱིར་འཐེན་བྱ་རྒྱུ་ཁག་པོ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་༦་པའི་ཚེས་༢༢་ཉིན་རྒྱ་ནག་གི་དམག་སྤྱི་ལིའུ་ལིན་དང་རྒྱ་གར་གྱི་དམག་སྤྱི་སིང་གཉིས་འཁྲུག་རྩོད་འབྱུང་ཡུལ་གྱི་ས་མཚམས་ཁག་ནས་རྒྱ་དཀར་ནག་གི་དམག་དཔུང་རྣམས་རྒྱང་དུ་འཐེན་དགོས་པའི་གྲོས་མཐུན་བྱུང་བར་མ་ཟད། ཕྱི་ཟླ་༦་པའི་ཚེས་༦་ཉིན་དམག་སྤྱི་ལིའུ་དང་སིང་གཉིས་རྒྱ་དཀར་ནག་གི་དམག་དཔུང་རྣམས་གྷལ་ཝན་ལུང་གཤོང་གི་དངོས་སུ་སྟངས་འཛིན་ས་མཚམས་ནས་ཕྱིར་འཐེན་བྱ་དགོས་པའི་གྲོས་མཐུན་བྱུང་། ཡིན་ནའང་ཕྱི་ཟླ་༦་པའི་ཚེས་༡༥་ཉིན་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་དྲག་པོ་ཐུག་སྟེ་རྒྱ་གར་དམག་མི་༢༠་བསད་པ་དང་མི་༧༥་ལ་རྨས་སྐྱོན་ཕོག རྒྱ་ནག་གཞུང་གིས་རང་གི་དམག་ལ་འཆི་རྨས་ཅི་བྱུང་གི་གནས་ཚུལ་གསལ་པོ་ཞིག་ཕྱིར་བསྒྲགས་བྱེད་ཀྱི་མེད་ཀྱང་ཨ་མི་རི་ཀའི་གསང་བའི་ལས་ཁང་དང་རྒྱ་གར་གྱི་དམག་དོན་མི་སྣ་ཚོས་བཤད་པ་ལྟར། གྷལ་ཝན་ལུང་གཤོང་གི་ལག་འཛིང་དུས་སུ་ཉུང་མཐར་ཡང་རྒྱ་ནག་གི་དམག་མི་༣༥་ནས་༤༣་ཡས་མས་ཤིག་ལ་འཆི་སྐྱོན་བྱུང་འདུག་ཅེས་གནས་ཚུལ་སྤེལ།།

རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གི་ལྷོ་ཨེ་ཤི་ཡའི་ཉམས་ཞིབ་པ་སུན་ཧྲི་ཧེས་བཤད་པ་ལྟར་ན། རྒྱ་དཀར་ནག་གཉིས་ཀས་དམག་དཔུང་རྒྱང་དུ་འཐེན་ན་སྟེས་དབང་གིས་འཁྲུག་རྩོད་དྲག་པོ་ཐུག་སྲིད་པའི་ཉེན་ཁ་ཡོད་པར་གཡོལ་ཐུབ་ཀྱི་ཡོད་པ་ཤེས་ཡོད། ཡིན་ནའང་དེ་ནི་ཆབ་སྲིད་ཀྱི་ཐག་གཅོད་དང་ཕྱོགས་གཉིས་དགྲ་ཁ་གཏད་ལངས་ཡོད་པ་མཇུལ་བསྒྲིལ་ཐུབ་པ་ཞིག་མ་རེད། ཕྱོགས་གཉིས་ཀས་ས་མཚམས་སུ་དམག་དཔུང་འགྲེམ་འཇོག་བྱས་ནས་གྲ་སྒྲིག་བྱེད་བཞིན་ཡོད་པས་རྒྱ་དཀར་ནག་གཉིས་དགྲ་ཁ་གཏད་དུ་ལངས་ཡོད་པ་སོར་གནས་འབྱུང་རྒྱུའི་རྟགས་མཚན་འདུག དཔེར་ན་རྒྱ་གར་གྱིས་མཚོན་ཆ་གསར་པ་ཉོ་སྒྲུབ་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གི་དམག་དཔུང་འདྲེན་གཏོང་ལ་ཤུགས་སྣོན་རྒྱག་གི་འདུག རྒྱ་དཀར་ནག་གཉིས་ཀ་ཕན་ཚུན་ཡིད་ཆེས་མེད་པར་རྩོད་གཞི་དེ་ཐག་གཅོད་དཀའ། རྒྱ་དཀར་ནག་གཉིས་ཀར་ཕ་རོལ་པོས་རང་ལ་ཚུར་རྒོལ་བྱས་ནས་ཆག་སྒོ་སློང་གི་རེད་སྙམ་པའི་བློ་དོགས་ཡོད་པ་སེལ་ཐུབ་ཀྱི་མི་འདུག རྒྱ་དཀར་གཉིས་ཀས་ས་མཚམས་ཀྱི་དམག་དཔུང་རྒྱང་དུ་འཐེན་དགོས་པའི་ངེས་ཤེས་རྙེད་ཀྱི་འདུག་ཅེས་བཤད། རྒྱ་ནག་གི་ཧྥུ་ཏན་སློབ་གྲྭ་ཆེན་མོའི་འགན་འཛིན་གཞོན་པ་ལིན་མིན་ཝང་གིས་དགུན་དུས་ཧི་མ་ལ་ཡའི་གངས་རི་རྣམས་འཁྱག་རོམ་མ་འགྱུར་བར་དུ་རྒྱ་དཀར་ནག་གཉིས་ཀས་དམག་དཔུར་རྒྱང་དུ་འཐེན་མི་སྲིད། པེ་ཅིང་དང་ལྡི་ལི་གསར་པ་གཉིས་ཀས་ས་མཚམས་ལ་དམག་གྲྭ་བསྒྲིགས་ནས་གྲོས་མོལ་བྱ་རྒྱུའི་རྟགས་མཚན་འདུག་ཅེས་བཤད།།

དམག་དོན་ཉམས་ཞིབ་པ་ཚོས་༢༠༡༧་ལོར་རྒྱ་དཀར་ནག་གཉིས་བོད་དང་འབྲས་ལྗོངས། འབྲུག་ཡུལ་གསུམ་གྱི་འདྲེས་མཚམས་སུ་ཆགས་པའི་བོད་ཀྱི་འབྲོག་ལམ་ས་ཁུལ་དུ་དམག་འཁྲུག་རྒྱག་རྒྱུའི་གྲ་སྒྲིག་བྱས་ནས་དུས་ཡུན་ཟླ་བ་གཉིས་ལྷག་ལ་དམག་གྲྭ་བསྒྲིགས་ནས་བསྡད། རྒྱ་ནག་གི་འགོ་ཁྲིད་ཚོའི་བསམ་བློའི་ནང་དུ་༡༩༦༢་ལོར་རྒྱ་ནག་གིས་རྒྱ་གར་ལ་དམག་བརྒྱབ་ནས་སྣ་སུན་ཆེན་པོ་ཞིག་ཕོག་ཡོད། རྒྱ་གར་གྱིས་ནམ་ཡང་རྒྱ་ནག་ལ་ཁ་གཏད་ནན་པོ་ཞིག་གཅོག་མི་ཕོད་སྙམ་པའི་རློམ་སེམས་བཅངས། རྒྱ་གར་གྱིས་འབྲོག་ལམ་ས་ཁུལ་དུ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་རྣམ་འགྱུར་གསལ་པོ་བསྟན། ལྷག་པར་དུ་ཉེ་ཆར་གྷལ་ཝན་ལུང་གཤོང་དུ་རྒྱ་གར་གྱི་དམག་གིས་དམར་འཛིང་དྲག་པོ་བྱས་ནས་རྒོལ་ལན་སློག་པར་རྒྱ་ནག་ཧང་སང་དགོས་པ་ཞིག་ཏུ་གྱུར་འདུག རྒྱ་གར་གྱིས་ལ་དྭགས་དང་བོད་ཀྱི་ས་མཚམས་ཁག་ལ་དམག་དཔུང་ཅི་ཙམ་མང་དུ་བཏང་ན་རྒྱ་ནག་ལ་དེ་ཙམ་གྱིས་བློ་འཚབ་ཡོང་གི་འདུག དེའི་རྒྱུ་མཚན་ནི་བོད་དང་ཞིན་ཅང་གཉིས་རྒྱ་གར་གྱི་ས་མཚམས་ཁག་ལ་ཐག་ཉེ་ཡིན་པ་དང་དུས་བདེ་ཞོད་འཇགས་མེད་པ། ༡༩༦༢་ལོའི་དམག་འཁྲུག་གཞུག་ནས་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་པའི་ཨཀ་སེ་ཆིན་རྒྱ་གར་གྱིས་ཕྱིར་འཕྲོག་བྱ་སྲིད་པའི་ཉེན་ཁ་ཆེ་བ། ད་ལྟ་༡༩༦༢་ལོ་དང་མ་འདྲ་བར་རྒྱ་གར་ལ་དཔལ་འབྱོར་དང་ཚན་རིག་ལག་རྩལ། དམག་གི་སྟོབས་ཤུགས་རྣམས་ཡར་རྒྱས་སོང་ཡོད་པ་བཅས་ཀྱིས་རྒྱ་ནག་གིས་ས་མཚམས་ཀྱི་དམག་དཔུང་རྣམས་གཏན་ནས་རྒྱང་དུ་འཐེན་མི་སྲིད་ཅེས་གླེང་སློང་བྱེད་བཞིན་འདུག

ཉེ་ཆར་ལ་དྭགས་ཀྱི་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་དཔུང་ཁག་ཅིག་དམར་འཛིང་དྲག་པོ་ཐུག་ནས་བཟུང་། རྒྱ་གར་རྒྱལ་ཡོངས་སུ་རྒྱ་ནག་ལ་ཚོང་ལས་བཀག་ནས་རྒོལ་ལན་སློག་དགོས་ཞེས་རྒྱ་ནག་ནས་ནང་འདྲེན་བྱས་པའི་དངོས་ཟོག་མེར་སྲེག་དང་ཞིས་ཅིན་ཕིང་གི་འདྲ་པར་མེར་སྲེག རྒྱ་གར་གྱི་རླངས་འཁོར་བཟོ་གྲྭ་ཁག་ལ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པར་བཀག་འགོག རྒྱ་གར་གྱི་ས་འོག་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་སོགས་ལ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་མཉམ་ཞུགས་བྱེད་མི་ཆོག་པ། ཊིཀ་ཊོཀ་དང་སྐད་འཕྲིན། ཝི་པོ་སོགས་རྒྱ་ནག་གིས་བཟོས་པའི་ལག་ཐོགས་ཁ་པར་ནང་གི་བཀོལ་ཆས་༥༩་རྒྱ་གར་གཞུང་གིས་བཀོལ་སྤྱོད་བྱེད་མི་ཆོག་པའི་བཀག་སྡོམ་བྱས་པ། ཕྱི་ཟླ་༧་ཚེས་༢་ཉིན་སྲིད་བློན་མོ་དྷིར་རྒྱ་ནག་གི་ཝི་པོ་དྲྭ་ཚིགས་ཀྱི་ཐོ་ཁྲ་ཞིག་ཡོད་པ་སྒོ་བརྒྱབ། ད་ལྟ་རྒྱ་གར་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིན་བཟོ་ཚོང་ལས་ཁང་གཉིས་ལ་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་འཛུགས་ཆོག་པའི་ཚོང་ལས་ཀྱི་གན་རྒྱ་འཇོག་དགོས་མིན་བསམ་ཞིབ་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་གར་གཞུང་གིས་རྒྱ་ནག་གི་བཀོལ་ཆས་ཊིཀ་ཊོཀ་བཀག་པའི་རྗེས་སུ་རྒྱ་གར་རང་གིས་བཟོས་པའི་ཆིང་གྷ་རི་བཀོལ་ཆས་རྒྱ་གར་རྒྱལ་ཡོངས་སུ་དར་ཁྱབ་སོང་། འདས་པའི་ཉི་མ་གཉིས་ལ་དུས་ཡུན་ཆུ་ཚོད་གཅིག་གི་རིང་དུ་ཆིང་གྷ་རི་བཀོལ་ཆས་ཕབ་ལེན་བྱེད་མཁན་མི་༣༠༠༠༠༠་རེ་བྱུང་འདུག ཆིང་གྷ་རི་བཀོལ་ཆས་ནི་ཐོག་མར་༢༠༡༨་ལོར་གསར་བཟོ་བྱས་ཀྱང་ད་ལྟའི་བར་དུ་རྒྱ་གར་གྱི་སྤྱི་ཚོགས་སུ་ཕབ་ལེན་བྱེད་མཁན་མི་༢༥༠༠༠༠༠་ལས་མ་བྱུང་། རྒྱ་ནག་གི་ཊིཀ་ཊོཀ་དང་སྐད་འཕྲིན་སོགས་རྒྱ་གར་བ་ཚོས་ཕབ་ལེན་བྱས་ནས་བཀོལ་སྤྱོད་བྱེད་མཁན་མི་གྲངས་དུང་ཕྱུར་༣་ཡས་མས་ཤིག་བྱུང་ཞིང་། གཟའ་འཁོར་འདིར་རྒྱ་གར་གཞུང་གིས་རྒྱ་ནག་གི་བཀོལ་ཆས་རྣམས་བཀག་པའི་རྗེས་སུ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཨ་སྒོར་དུང་ཕྱུར་མང་པོའི་ཚོང་བསྒྲགས་ཀྱི་ཡོང་འབབ་མེད་པར་གྱུར། དེར་བརྟེན་རྒྱ་ནག་གཞུང་གིས་རྒྱ་གར་ལ་ས་མཚམས་ཀྱི་རྩོད་གཞིའི་ཞོར་དུ་ཚོང་དམག་མ་སློང་ན་དགེ་མཚན་ཆེ། རྒྱ་གར་གྱིས་ཚོང་དམག་བསླངས་ནས་རྒྱ་ནག་ལ་ཁ་གཏད་གཅོག་མི་ཐུབ། གལ་སྲིད་རྒྱ་གར་གྱིས་ཚོང་དམག་བསླངས་ནས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་གྱོང་གུད་འཕོག་ན་རྒྱ་གར་ལ་དགོས་ངེས་ཀྱི་སྨན་རྣམས་རྒྱ་ནག་གིས་ཕྱིར་ཚོང་བྱ་རྒྱུ་མིན་ཞེས་སྡིགས་ར་བསྐུལ་འདུག

XS
SM
MD
LG