ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡུཀ་རེན་གྱི་དམག་འཁྲུག་གི་དཀའ་ངལ་ཚབས་ཆེན་རྣམས་གཞུག་ཏུ་འཕྲད་རྒྱུ།  


༄༅།། སང་ཉིན་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ནི་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་དང་གཏོར་རྒོལ། ཨུ་རུ་སུའི་དམག་དཔུང་ལ་ཕམ་ཉེས་དང་ངོ་གནོང་དགོས་པའི་ཕྱིར་འཐེན། རྒྱལ་སྤྱིའི་ཐོག་ཏུ་ཨུ་རུ་སུ་དང་སྲིད་འཛིན་ཕུ་ཊིན་གྲོགས་མེད་ཁེར་རྐྱང་དུ་གྱུར་ནས་ལོ་གཅིག་འཁོར་བའི་དུས་སྐབས་ཡིན་ཞིང་། ཡུཀ་རེན་ལ་མཚོན་ན་བཙན་རྒོལ་དང་ཕར་རྒོལ། གློ་བུར་དུ་འཇབ་རྒོལ་བྱས་ནས་ཕྱིར་འཐེན་གྱི་དམག་ཇུས་ལག་ལེན་བསྟར་ནས་ལོ་གཅིག་འཁོར་བའི་དུས་དྲན་ཡིན་འདུག ཕྱི་ཟླ་༢་པའི་ཚེས་༢༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་གཅིག་གི་རིང་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་མི་འབུམ་ཕྲག་འགའ་ཤས་བསད་རྨས་བྱུང་། ཡུཀ་རེན་གྱི་གྲོང་ཁྱེར་ཁག་ཐལ་བའི་རྡུལ་དུ་བརླག ད་དུང་ཡང་ཨུ་རུ་སུ་དང་ཡུཀ་རེན་གྱིས་དམག་འཁྲུག་ཆེན་པོ་རྒྱག་རྒྱུའི་གྲ་སྒྲིག་ལ་བྲེལ། ཨུ་ཡུཀ་གཉིས་ཀྱི་དམག་འཁྲུག་གི་ཚབས་ཆེའི་དཀའ་རྣམས་གཞུག་ཏུ་འཕྲད་རྒྱུའི་རྟགས་མཚན་མངོན། ཉེ་དུས་ཤིག་ནས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཌོན་བྷ་སི་མངའ་ཁུལ་དུ་དཔུང་འཇུག་བྱ་རྒྱུ་ཤུགས་ཆེ་རུ་སོང་། ནུབ་ཕྱོགས་རྒྱལ་ཁབ་དང་ཡུཀ་རེན་གྱིས་དམག་འཁྲུག་གི་ས་མཚམས་སྤྱི་ལེ་༡༠༠༠་ལྷག་ཡོད་ས་དེར་ཨུ་རུ་སུའི་དམག་གིས་ཕྱོགས་ཡོངས་ནས་དཔུང་འཇུག་བྱ་རྒྱུའི་རྟགས་མཚན་འདུག་ཅེས་བསྟན། ཡུཀ་རེན་གྱིས་ཨ་མི་རི་ཀ་དང་འཇར་མན་ཎི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཁས་ལེན་བྱས་པའི་ལྕགས་ཁྲབ་འཁོར་ལོ་དང་མཚོན་ཆ་ཁག་ལ་བསྒུགས་ཏེ་ས་ཆ་ཤོར་ཟིན་པ་རྣམས་ཕྱིར་ལེན་བྱ་རྒྱུའི་གྲབས་བཤམས། ཨུ་རུ་སུའི་གཞུང་གིས་དམག་འཁྲུག་མཚམས་འཇོག་བྱེད་དགོས་ན་༢༠༡༤་ལོར་ཕྲོགས་པའི་ཁེ་རེ་མཱི་ཡ་གླིང་ཟུར་དང་ཨུ་རུ་སུའི་དམག་གིས་བཟུང་ཡོད་པའི་ཡུཀ་རེན་གྱི་ས་ཆ་རྣམས་ཨུ་རུ་སུའི་མངའ་ཁོངས་སུ་གཏོགས་པ་ཁས་ལེན་བྱ་དགོས་ཟེར། ཡུཀ་རེན་གྱིས་ཁེ་རེ་མཱི་ཡ་གླིང་ཟུར་ཚུད་པའི་ཨུ་རུ་སུའི་དམག་གིས་བཟུང་ཡོད་པའི་ས་ཆ་སོར་གང་བློས་གཏོང་རྒྱུ་མིན། དམག་འཁྲུག་མཚམས་འཇོག་བྱ་དགོས་ན་ཨུ་རུ་སུའི་དམག་དཔུང་ཡུཀ་རེན་གྱི་ས་ཐོག་ནས་ཕྱིར་འཐེན་ཆ་ཚང་བྱ་དགོས་ཞེས་ལངས་ཕྱོགས་མཁྲེགས་པོ་བཟུང་། ཕུ་ཊིན་གྱིས་རང་གི་དམིགས་ཡུལ་བསྒྲུབ་རྒྱུའི་ཨུ་ཚུགས་མཐའ་སྐྱེལ། ཡུཀ་རེན་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་འཐབ་རྒོལ་བྱ་རྒྱུའི་ཆོད་སེམས་བརྟན་པོ་བཙུགས། དེས་ན་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་འཁྲུག་མཚམས་ཆད་རྒྱུའི་རྟགས་མཚན་ཞིག་མཐོང་ཡུལ་དུ་མི་སྣང་།།

ཉམས་ཞིབ་པ་ཚོས་ཡུཀ་རེན་གྱི་དམག་འཁྲུག་འདི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་བྱུང་མྱོང་མེད་པའི་དམག་འཁྲུག་ཅིག་ཡིན་པ་དང་དམག་འཁྲུག་འདི་ལོ་མང་འགོར་སྲིད། ཐ་ན་ནུབ་ཆིངས་དང་ཨུ་རུ་སུ་གཉིས་ཐད་ཀར་གདོང་ཐུག་འབྱུང་སྲིད་ཅེས་བློ་འཚབ་བྱེད་དགོས་པར་གྱུར། ༢༠༢༣་ལོའི་མགོ་སྟོད་ནས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་བྷག་མུ་ཏ་གྲོང་ཁྱེར་མཐའ་བསྐོར། ཌོན་བྷ་སི་མངའ་ཁུལ་གྱི་ས་ཆ་ཡོངས་རྫོགས་འཕྲོག་པར་དམག་འཁྲུག་ཡུན་བསྲིངས་ནས་ཡུཀ་རེན་དང་དེའི་རྒྱབ་སྐྱོར་བ་ནུབ་ཕྱོགས་རྒྱལ་ཁབ་ཡི་ཐང་ཆད་དུ་འཇུག་རྒྱུའི་འཐབ་ཇུས་བསྟེན། བྷག་མུ་ཏ་ནི་ཡུཀ་རེན་ལ་མཚོན་དོན་ཟབ་མོ་ཡོད་པའི་གྲོང་ཁྱེར་ཞིག་ཡིན་པ་དང་དེའི་དོན་དུ་འཐབ་འཁྲུག་བརྒྱབ་ནས་ཨུ་རུ་སུའི་དྲག་གྲས་དམག་དཔུང་ཕལ་མོ་ཆེ་བསད་རྨས་བྱུང་། ཡུཀ་རེན་གྱི་དམག་དོན་ཉམས་ཞིབ་པ་ཨོ་ལེ་ཞཱ་དྷ་ནོབ་ཀྱིས་ཨུ་རུ་སུའི་དམག་གིས་ས་གནས་གཞན་དུ་ཚུར་རྒོལ་བྱས་ནས་ཡུཀ་རེན་གྱི་དམག་དཔུང་མགོ་འཁོར་དུ་བཅུག་སྟེ་ཌོན་བྷ་སི་མངའ་ཁུལ་དུ་ཨུ་རུ་སུའི་དམག་དཔུང་དང་མཚོན་ཆ་མང་དུ་གཏོང་གི་འདུག ཡུཀ་རེན་ལ་མདེའུ་འདང་ངེས་མེད་པས་ཨུ་རུ་སུའི་དམག་གིས་ཚུར་དྲག་པོ་བྱེད་ཐུབ་ཀྱི་འདུག་ཅེས་བཀྲལ། དེང་སྐབས་ཡུཀ་རེན་གྱི་དམག་གིས་ཉི་མ་རེར་སྒྱོགས་མདེལ་༦༠༠༠་ནས་༧༠༠༠་ཡས་མས་རེ་འཕངས་ནས་ཨུ་རུ་སུའི་དམག་ལ་གཏོར་རྒོལ་བྱེད་ཀྱི་ཡོད་པས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མདེའུ་རོགས་སྐྱོར་སྤྲོད་རྒྱུ་ཁ་མི་ཐོན་པའི་གནས་ཚུལ་ཐོན།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་སྐམ་དམག་བརྒྱ་ཆ་༩༧་ལྷག་ཡུཀ་རེན་གྱི་ས་ཐོག་ཏུ་བཏང་ཟིན་པ་དང་སྔ་ལོ་དམག་མི་འབུམ་༣་གསར་དུ་བསྡུས། དེ་བཞིན་ཨུ་རུ་སུའི་བཙོན་ཁང་ཁག་ནས་བཙོན་དམག་ཁྲི་ཚོ་༥་ཙམ་བསྡུས་པ་རྣམས་ཀྱང་དམག་ས་ཁག་ཏུ་བཏང་རུང་ཁྱད་པར་ཆེན་པོ་མ་ཐོན། ཨུ་རུ་སུའི་ཡར་ཐོན་མཚོན་ཆ་རྣམས་རྣམས་རྫོག་ཏེ་མཚོན་ཆ་རྙིང་པ་རྣམས་བཀོལ་སྤྱོད་བྱ་དགོས་ཤིང་། ཌོན་བྷ་སི་མངའ་ཁུལ་གྱི་གྱེན་ལོག་པའི་འགོ་ཁྲིད་དང་ཨུ་རུ་སུའི་བདེ་འཇགས་ལས་སྣེ་ཟུར་པ་ཨི་གྷོར་སི་ཊི་རེལ་ཀོབ་ཀྱིས་ཡུཀ་རེན་ལ་ཕྱོགས་ཡོངས་ནས་དཔུང་འཇུག་བྱས་ན་ཆག་སྒོ་ཆེན་པོ་ཞིག་འབྱུང་ཤས་ཆེ། ཨུ་རུ་སུའི་མི་རྒྱུ་གཉིས་ཀ་འཛད་རྒྱུ་ལས་ཅི་ཡང་མ་ཐོབ་ཅེས་བཤོལ་བཏབ། དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་རྒྱལ་གཞུང་མཉམ་འབྲེལ་སྲི་ཞུ་ཁང་གི་ཉམས་ཞིབ་པ་ཇཱ་སི་ཊིན་བྷ་རོན་ཀས་ཨུ་རུ་སུའི་དཔུང་འཇུག་དེར་ནུས་པ་ཐོན་མི་ཐུབ་པ་དང་ཡུཀ་རེན་གྱི་རྒོལ་ལན་དྲག་པོ་བསློགས། དེ་ནས་ཡུཀ་རེན་གྱིས་ཕར་རྒོལ་ཆེན་པོ་ཞིག་བྱ་རྒྱུའི་གྲ་སྒྲིག་བྱེད་ཐུབ། ད་སྟེ་གནད་དོན་གཙོ་བོ་ནི་ཨུ་རུ་སུར་མཚོན་ཆ་དང་དམག་གྲོན། དམག་མི་རྣམས་མ་ཟད་བར་དུ་ཡུཀ་རེན་ལ་གཏོར་རྒོལ་ཅི་ཙམ་བྱ་ཐུབ་རྒྱུ་ཡིན་མིན་དེ་རེད། ང་ཚོས་གནད་འགག་དེ་ཤེས་ན་ཡུཀ་རེན་གྱིས་ཨུ་རུ་སུར་ཕར་རྒོལ་བྱ་རྒྱུ་སུས་ཀྱང་འགོག་མི་ཐུབ་ཤེས་སླ། ན་ནིང་སྟོན་ཁར་ཡུཀ་རེན་གྱི་དམག་གིས་ཕར་རྒོལ་བྱས་ནས་ཁར་ཀིབ་དང་ཁར་སན་གྲོང་ཁྱེར་བླངས་པའི་དམག་སྡེ་ཁག་བསྲི་ཚགས་བྱས་ནས་ད་ལོའི་དཔྱིད་ཀར་ཨུ་རུ་སུར་དཔུང་འཇུག་བྱེད་དུ་འཇུག་རྒྱུའི་འཐབ་ཇུས་འཛིན་གྱི་འདུག ཨུ་རུ་སུས་སླར་ཡང་དམག་མི་འབུམ་༥་བསྡུས་ནས་དམག་སྦྱོང་མ་སྤྲད་གོང་དུ་ཡུཀ་རེན་ལ་རང་གི་ས་ཆ་རྣམས་ཕྱིར་ལེན་བྱེད་པར་ཟླ་བ་༦་ནས་ཟླ་བ་༨་ཙམ་གྱི་དུས་ཡུན་འདུག་ཅེས་བཤད། ཉམས་ཞིབ་པ་ཕལ་ཆེ་བས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་སླར་ཡང་དམག་སྐུལ་ཐེངས་གཉིས་པ་བྱས་ནས་དམག་མི་ས་ཡ་ཕྱེད་ཀ་བསྡུ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༢་པའི་ཚེས་༢༣་ཉིན་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་ལ་བཙན་འཛུལ་བྱུང་ནས་ལོ་གཅིག་འཁོར་གྲབས་ཡོད་པའི་སྐབས་འདིར་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གཉིས་ཀས་གཏམ་བཤད་གནད་འགག་ཅན་ཁག་ཅིག་བྱས་ནས་ཕན་ཚུན་གྱི་སྐྱོན་བཏོན། གཟའ་མིག་དམར་ཉིན་ཕུ་ཊིན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་གྱི་དམག་འཁྲུག་བསླངས་པ་རེད་ཅེས་ལན་ཁག་དཀྲིས། གཟའ་ལྷག་པའི་ཉིན་ཕུ་ཊིན་གྱིས་ཨུ་རུ་སུར་བླ་ན་མེད་པའི་རྩ་ཆེན་གཉིས་ཡོད་པ་ནི་རང་རང་གི་ཁྱིམ་ཚང་དང་རྒྱལ་ཁབ་ཡིན། ཨུ་རུ་སུའི་ཁྱིམ་ཚང་ཁག་དང་རྒྱལ་ཁབ་ལ་ནུབ་ཕྱོགས་ཀྱི་ཉེན་ཁ་འཕྲད་ཀྱི་ཡོད་པས་ང་ཚོས་རང་གི་ལོ་རྒྱུས་ཀྱི་ས་ཆའི་དོན་དུ་འཐབ་འཁྲུག་རྒྱག་གི་ཡོད་ཅེས་བསྒྲགས། དེ་བཞིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གཟའ་འཁོར་འདིར་ཡུ་རོབ་ལ་འཚམས་འདྲིར་ཕེབས་ཏེ་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུར་འགྱུར་བ་མེད། ཕུ་ཊིན་ལ་ནམ་ཡང་དམག་འཁྲུག་གི་རྒྱལ་ཁ་ཐོབ་མི་སྲིད། ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་རྡུལ་ཕྲན་མཚོན་ཆ་ཚོད་འཛིན་གྱི་ཆིངས་ཡིག་བཞག་ཡོད་པ་དེ་ཨུ་རུ་སུས་རྩ་འཛིན་བྱ་རྒྱུ་ངང་འཐེན་བྱས་པ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད་ཅེས་ནན་བརྗོད་བྱས་འདུག ཨུ་རུ་སུ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འབྲེལ་བ་ཆད་ཀྱང་རྒྱ་ནག་ལ་འབྲེལ་བ་སྲ་བརྟན་གཏོང་གི་ཡོད་ཅིང་། གཟའ་ལྷག་པའི་ཉིན་ཕུ་ཊིན་གྱིས་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་ཝང་དབྱིར་ཐུག་སྟེ་དཔྱིད་ཀ་འདིར་ཞིས་ཅིན་ཕིང་ཨུ་རུ་སུར་འཚམས་འདྲིར་བསྐྱོད་རྒྱུའི་གྲོས་སྡུར་བྱུང་། ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཁག་གིས་རྒྱ་ནག་ནས་ཨུ་རུ་སུར་གཏོར་ཚབས་ཆེ་བའི་མཚོན་ཆ་རོགས་རམ་སྤྲོད་གྲབས་འདུག ཨ་མི་རི་ཀས་གསང་བའི་གནས་ཚུལ་དེ་ཕྱིར་བསྒྲགས་བྱ་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

ཁ་སང་གཟའ་ལྷག་པའི་ཉིན་ཝོལ་སི་ཊི་རི་ཊི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལོ་ན་༤༥་ལ་སོན་པའི་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིར་ཡུ་རོབ་རྒྱལ་ཁབ་ཁག་དང་ཨ་མི་རི་ཀ་སོགས་ཀྱི་རྒྱབ་སྐྱོར་ཐབ་སྟེ་དམག་འཁྲུག་གི་ལས་དོན་རྣམས་འཐུས་ཤོར་འགྲོ་ཡི་མེད་པར་མ་ཟད། སྲིད་འཛིན་ཛེ་ལན་སི་ཀིས་རྒྱལ་ནང་གི་ལྐོག་ཟ་རུལ་སུངས་ལའང་འཐབ་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་འདུག དཔེར་ན་ཡུཀ་རེན་གྱི་དམག་ལ་མཁོ་བའི་སྒོ་ང་དང་ཟས་རིགས་ཀྱི་རིན་གོང་སྤར་བའི་མཐོ་རིམ་ལས་སྣེ་བཅུ་གྲངས་ཤིག་གནས་དབྱུང་བཏང་ཞིང་། སྐབས་ཤིག་སྲིད་འཛིན་ཛེ་ལན་སི་ཀིའི་རྒྱབ་སྐྱོར་བར་གྱུར་པའི་ཕྱུག་བདག་ཅིག་གི་ཁྱིམ་ལ་སྔོག་སྔོག་བཤེར། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཧ་ཅང་དགའ་མོས་བྱ་ཡུལ་ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་ཡང་ལྐོག་ཟ་རུལ་སུངས་ལ་འབྲེལ་ནས་གནས་དབྱུང་གཏོང་གི་རེད་ཅེས་བསྒྲགས་ཀྱང་ད་སྔ་གནས་དབྱུང་མ་བཏང་བར་ལས་གནས་སུ་བཞག སྲིད་འཛིན་ཛེ་ལན་སི་ཀིས་ཡུཀ་རེན་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཚུད་ཐབས་བྱེད་ཀྱི་ཡོད་པ་འགྲུབ་དགོས་ཚེ། ཁོང་གིས་ངེས་པར་དུ་ལྐོག་ཟ་རུ་སུངས་རྩ་མེད་དང་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་གསར་འཛུགས། ཡུཀ་རེན་གྱི་རྒྱལ་ཁབ་འཛིན་སྐྱོང་ལམ་ལུགས་ཕྱི་གསལ་ནང་གསལ་དང་ཡུ་རོབ་མཉམ་འབྲེལ་གྱི་བཅའ་ཁྲིམས་ལ་མཐུན་དགོས། སྲིད་འཛིན་ཛེ་ལན་སི་ཀིས་རྒྱལ་ནང་དུ་ལེགས་བཅོས་གཏོང་རྒྱུ་ཐལ་དྲགས་ན་ཡུཀ་རེན་གྱི་ནང་ཁུལ་དུ་འགལ་ཟླ་ལངས་ཏེ་གཞུང་དམངས་གཉིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་བྱེད་མི་ཐུབ་པའི་ཉེན་ཁ་ཤིན་ཏུ་ཆེ། སྲིད་འཛིན་ཛེ་ལན་སི་ཀིས་གསར་འགྱུར་ལས་ཁང་ཁག་ལའང་སྟངས་འཛིན་བྱས་ནས་དམག་མི་བསད་རྨས་ཅི་བྱུང་གི་གནས་ཚུལ་རྣམས་ཁྱབ་སྤེལ་བྱེད་དུ་འཇུག་གི་མི་འདུག ཡུཀ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་ཛ་ལུ་ཞཱ་ཎི་ལ་གསར་འགྱུར་ལས་ཁང་ཁག་གིས་བཅར་འདྲི་ཞུ་བར་སྲིད་འཛིན་གྱི་ཆོག་མཆན་ཐོབ་དགོས། སྲིད་འཛིན་ཛེ་ལན་སི་ཀིས་ཆོག་མཆན་མི་སྤྲོད་པར་སྲིད་དབང་སྒེར་གཅོད་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱ་རྒྱུ་འགོ་ཚུགས། ཡུཀ་རེན་གྱི་དམག་འཁྲུག་འདི་མྱུར་དུ་ཐག་མ་ཆོད་ན་མི་དམངས་རྣམས་སྔར་བཞིན་སྲིད་འཛིན་ཛེ་ལན་སི་ཀིའི་འགོ་ཁྲིད་འོག་ཏུ་ཤར་སྐྱོད་བྱ་རྒྱུ་ཡིན་མིན་ཡང་ཐེ་ཚོམ་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG