ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨུ་རུ་སུའི་དམག་དཔུང་མདུན་སྐྱོད་དང་ཡུཀ་རེན་ལ་མཚོན་ཆའི་དཀའ་ངལ། 


༄༅།། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་ཡུཀ་རེན་གྱི་ཤར་ཕྱོགས་སུ་འགོག་ར་གཉིས་གཏོར་ནས་དམག་དཔུང་མདུན་སྐྱོད་བྱས་ཡོད་ཅེས་བསྒྲགས། ཡུཀ་རེན་གྱི་གཞུང་གིས་ཨུ་རུ་སུའི་དམག་གིས་དཔུང་འཇུག་བྱས་ནས་མང་སྣ་ཉུང་གིས་མི་བརྟན། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་རྒྱུའི་ཁས་ལེན་བྱས་པ་རྣམས་མྱུར་དུ་སྤྲོད་དགོས་ཞེས་འབོད་སྐུལ་ཞུས་པའི་གནས་ཚུལ་ཐོན། ཕྱི་ཟླ་༢་པའི་ཚེས་༡༥་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་དམག་གིས་དཔུང་འཇུག་བྱས་ནས་ཡུཀ་རེན་གྱི་དམག་མི་རྣམས་ལུ་ཧན་ཛིག་ས་གནས་ནས་སྤྱི་ལེ་༣་ལ་ཕྱིར་འཐེན་བྱས་སོང་། དགྲ་ཕྱོགས་ཀྱི་དམག་གིས་འགོག་ར་གཉིས་པ་དེ་སྲུང་སྐྱོབ་བྱས་མ་ཐུབ་པར་ཨུ་རུ་སུའི་དམག་དཔུང་འགག་ཕྲང་བརྒལ་ཡོད་ཅེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་ཞིབ་ཕྲའི་གནས་ཚུལ་གང་ཡང་སྤེལ་མེད་པ་དང་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་རང་ཐད་ནས་གནས་ཚུལ་དེ་བདེན་པ་ཡིན་མིན་ངེས་གཏན་མ་ཐུབ། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིའི་ལས་ཁུངས་ནས་ལུ་ཧན་ཛིག་ས་གནས་ནས་ཨུ་རུ་སུའི་དམག་དཔུང་མཐར་སྐྲོད་བྱས་པ་ཡིན། ལུ་ཧན་ཛིག་མངའ་ཁུལ་གྱི་གནས་སྟངས་ནི་ཛ་དྲག་ཆེན་པོ་རེད། ཨུ་རུ་སུའི་དམག་གིས་ས་ཆ་འཕྲོག་གང་ཐུབ་བྱེད་ཀྱི་ཡོད་པས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་ཁས་ལེན་བྱས་པ་རྣམས་མགྱོགས་མྱུར་གྱིས་སྤྲོད་དགོས། ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་མྱུར་དུ་ལག་བསྟར་དང་མྱུར་དུ་ཐག་གཅོད། མྱུར་དུ་སྐྱེལ་འདྲེན་བྱ་དགོས། མྱུར་དུ་སྦྱོང་བརྡར་སྤྲད་ནས་མིའི་ཚེ་སྲོག་སྐྱོབ་དགོས། ཡུཀ་རེན་གྱི་ཤར་ཕྱོགས་སུ་ས་ཆ་ཁྲུ་རེ་རེ་བྱས་ནས་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་གཟའ་མིག་དམར་གྱི་དགོང་མོར་གཏམ་བཤད་བྱས་ཤིང་། ཉེ་དུས་ཤིག་ནས་ཡུཀ་རེན་གྱི་ཤར་ཕྱོགས་དང་ལྷོ་ཕྱོགས་སུ་ཨུ་རུ་སུའི་དམག་གིས་དཔུང་འཇུག་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་བྷ་ཧ་མུ་ཏ་གྲོང་ཁྱེར་ལེན་ཐབས་སུ་འབད། ཡུཀ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པས་རང་ཕྱོགས་ལ་ཕམ་ཉེས་བྱུང་བའི་གནས་ཚུལ་གང་ཡང་མ་སྤེལ།།

ཡུཀ་རེན་གྱི་དམག་དོན་ཉམས་ཞིབ་པ་ཞི་དྷ་ནོབ་ཀྱིས་བྷ་ཧ་མུ་ཏ་གྲོང་ཁྱེར་གྱི་ཁང་པ་རེ་རེ་བཞིན་འཐབ་འཁྲུག་བརྒྱབ་ནས་འཕྲོག་རྩོད་བྱེད་ཀྱི་འདུག ཡུཀ་རེན་གྱི་དམག་གིས་བྷ་ཧ་མུ་ཏ་གྲོང་ཁྱེར་ལ་སྲུང་སྐྱོབ་བྱ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ཀྱང་ས་ཆ་མ་ཤོར། དམག་སའི་ས་མཚམས་ལའང་འགྱུར་བ་ཐེབས་མི་འདུག་ཅེས་ཡུ་ཊུབ་དྲྭ་ལམ་དུ་བརྙན་ཐུང་ཞིག་བཀྲམ། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རོགས་སྐྱོར་སྤྲད་པའི་སྒྱོགས་མདེལ་རྣམས་ཡུཀ་རེན་གྱིས་འཕྲལ་དུ་འཕངས་ཟིན། ཨ་རི་དང་ནུབ་ཆིངས་སྒྲིག་འཛུགས་ཀྱིས་ཨུ་རུ་སུས་དཔུང་འཇུག་བྱས་ནས་ཡུཀ་རེན་ཕམ་དུ་འཇུག་རྒྱུ་མིན་ཞེས་ཁས་བླངས། དེ་རིང་གཟའ་ལྷག་པའི་ཉིན་ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་༢༧་ཀྱི་སྐུ་ཚབ་རྣམས་བྷེལ་ཇེམ་གྱི་རྒྱལ་ས་བྷ་ར་སིལ་སི་གྲོང་ཁྱེར་དུ་འདུས་ནས་ཨུ་རུ་སུར་ཨ་སྒོར་དུང་ཕྱུར་༡༡༨་གྱི་ཚོང་ལས་བཀག་སྡོམ་ཉེས་ཆད་གསར་པ་ཞིག་གཅོད་རྒྱུའི་གྲོས་སྡུར་བྱུང་། ནུབ་ཆིངས་ཀྱི་རྒྱལ་སྲུང་བློན་ཆེན་དང་དམག་དཔུང་སྤྱི་ཁྱབ་བཀོད་པ་རྣམས་ཀྱི་ཚོགས་འདུའི་ཐོག་ཏུ་འཇར་མན་ཎིའི་རྒྱལ་སྲུང་བློན་ཆེན་གྱིས་ཡུཀ་རེན་ལ་འཐབ་འཛིང་གནམ་གྲུ་སྤྲོད་རྒྱུའི་གྲོས་སྡུར་བྱ་འཆར་ཡོད་ཅེས་བཤད། དབྱིན་ཇིའི་རྒྱལ་སྲུང་དྲུང་ཆེས་ཡུཀ་རེན་ལ་འཐབ་འཛིང་གནམ་གྲུ་མ་སྤྲད་གོང་དུ་རོགས་སྐྱོར་གཞན་པ་སྤྲད་ནས་ས་ཐོག་ཏུ་རྒྱབ་སྐྱོར་བྱ་རྒྱུ་མྱུར་དུ་ཤུགས་ཆེ་རུ་གཏོང་དགོས་ཞེས་གྲོས་གཞི་བཏོན། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ནུབ་ཆིངས་ཀྱིས་ཐད་ཀར་ཨུ་རུ་སུར་དམག་འཁྲུག་རྒྱག་གི་མེད་ཀྱང་ཡུཀ་རེན་ལ་དམག་དོན་དང་མཚོན་ཆ། དཔལ་འབྱོར་དང་གསང་བའི་གནས་ཚུལ་མཁོ་སྤྲོད་སོགས་ཀྱི་རོགས་རམ་སྤྲད་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༢་པའི་ཚེས་༡༤་ཉིན་དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་བཙོན་པ་དམག་ཁྲལ་བསྡུས་པ་དང་དམག་མི་གསར་པ་ཚོ་མདུན་སར་བཏང་སྟེ་ཉིན་ལྟར་ཨུ་རུ་སུའི་དམག་མི་༡༠༠༠་ཡས་མས་རེར་སྲོག་སྐྱོན་ཕོག ཕྱི་ཟླ་དང་པོའི་ཟླ་མཇུག་དེར་ཌོ་ནེ་ཛིག་ཞིང་ཆེན་གྱི་ཉེ་འཁྲིས་སུ་ཆགས་པའི་ཝུ་ལེ་དྷར་གྲོང་ཁྱེར་དུ་ཨུ་རུ་སུའི་སྐམ་དམག་སྡེ་ཤོག་༡༥༥་པས་དཔུང་འཇུག་བྱས་ཏེ་འཐབ་ཐེངས་གཅིག་ལ་ཨུ་རུ་སུའི་དམག་མི་༥༠༠༠་བསད། ཉི་མ་རེར་ཆ་མཉམ་ཨུ་རུ་སུའི་དམག་མི་༨༢༤་རེར་སྲོག་སྐྱོན་འཕོག་གི་འདུག་ཅེས་གནས་ཚུལ་སྤེལ། ཡུཀ་རེན་གྱི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པས་ཨུ་རུ་སུའི་སྐམ་དམག་སྡེ་ཤོག་༡༥༥་པ་དེར་དམག་དཔུང་ཁ་གསབ་ཐེངས་གསུམ་བྱས་སོང་། ཐེངས་དང་པོ་ནི་ཨིར་པིན་དང་བྷུ་ཆ་ས་གནས་སུ་བྱས་པ་དང་ཐེངས་གཉིས་པ་ནི་ཌོ་ནེ་ཛིག་ས་གནས་ཀྱི་ཉེ་འཁྲིས་སུ་བྱུང་། ད་ལྟ་སྐམ་དམག་སྡེ་ཤོག་༡༥༥་པ་ཧ་ལམ་རྩ་མེད་ཕྱིན་ཏེ་ཝུ་ལེ་དྷར་ས་གནས་སུ་བསྐྱར་དུ་དམག་དཔུང་ཁ་གསབ་བྱ་དགོས་བྱུང་བ་རེད་ཅེས་བཀྲལ། ༢༠༢༢་ལོར་ཨུ་རུ་སུའི་དམག་མི་འབུམ་༡་དང་ཁྲི་ཚོ་༨་ལྷག་ཡུཀ་རེན་གྱི་ས་མཚམས་སུ་བཀྲམ། ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་དཔུང་འཇུག་བྱས་ཀྱང་ཟླ་བ་འགའ་ཞིག་གི་རྗེས་སུ་ཨུ་རུ་སུའི་དམག་དཔུང་བརྒྱ་ཆ་༦༠་ལྷག་བསད་རྨས་བྱུང་། དེ་ནས་ཕྱི་ཟླ་༩་པའི་ནང་དུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་དམག་སྐུལ་བྱས་ནས་སྐྱེས་པ་འབུམ་༣་དམག་ཁོངས་སུ་བསྡུས། ཨུ་རུ་སུའི་དམག་མི་གསར་པ་ཚོར་དམག་སྦྱོང་མ་ཐོབ་པར་ཡུཀ་རེན་གྱི་དམག་ས་ཁག་ཏུ་བཏང་སྟེ་བསད་རྨས་ཚབས་ཆེན་ཕོག མཐར་སྲིད་འཛིན་ཕུ་ཊིན་གྱི་ཨ་ཕྲུག་པ་རི་གྷོ་ཞིན་གྱིས་ཨུ་རུ་སུའི་བཙོན་ཁང་ཁག་ནས་བཙོན་པ་ཁྲི་ཚོ་༥་ལྷག་དམག་ཁོངས་སུ་བསྡུས་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་དྲངས།།

ཕྱི་ཟླ་༢་པའི་ཚེས་༡༤་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་མུ་མཐུད་དུ་འཐབ་འཛིང་གནམ་གྲུ་རོགས་སྐྱོར་སྤྲོད་དགོས་ཞེས་བསྐུལ། ཡུཀ་རེན་གྱི་རྒྱབ་སྐྱོར་བ་རྒྱལ་ཁབ་༥༤་ཡི་ཚོགས་འདུའི་ཐོག་ཏུ་ཨ་རིའི་རྒྱལ་སྲུང་དྲུང་ཆེས་འཐབ་འཛིང་གནམ་གྲུ་རོགས་སྐྱོར་སྤྲོད་རྒྱུ་ཡིན་མིན་གྱི་གསལ་བསྒྲགས་སྤེལ་རྒྱུ་མེད། ལྷན་ཚོགས་འདི་ཡུཀ་རེན་ལ་འཐབ་འཛིང་གནམ་གྲུ་སྤྲོད་དགོས་མིན་གྱི་གྲོས་སྡུར་ཁོ་ན་མིན། ཡུཀ་རེན་ལ་ཁས་ལེན་བྱས་པའི་མཚོན་ཆ་ཡོད་དོ་ཅོག་མཁོ་སྤྲོད་བྱས་ནས་དཔུང་སྡེ་ཁག་གཅིག་གྱུར་བྱ་དགོས་པའི་གྲོས་སྡུར་ཞིག་ཡིན། ཡུཀ་རེན་གྱི་དམག་འཁྲུག་དུས་སུ་དམག་དོན་རོགས་རམ་སྤྲད་རྣམས་བཀོལ་སྤྱོད་ཚུལ་བཞིན་བྱ་དགོས་པ་གནད་འགག་གཙོ་བོར་འཛིན་དགོས། མཚོན་ཆ་རོགས་རམ་སྤྲད་པ་རྣམས་མཉམ་དུ་བཀོལ་སྤྱོད་བྱ་རྒྱུ་དང་ཡུཀ་རེན་གྱི་དམག་ལ་སྦྱོང་བརྡར་སྤྲོད་རྒྱུ་གཙིགས་སུ་འཛིན་དགོས་ཞེས་བསྟན། བདུན་ཕྲག་རྗེས་མར་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ལོ་གཅིག་འཁོར་གྱི་ཡོད་པ་དང་ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་རེ་ཛི་ནི་ཀོབ་ཀྱིས་འཐབ་འཛིང་གནམ་གྲུ་དགོས་གལ་ཆེ་ཞེས་བྷ་ར་སིལ་སི་གྲོང་ཁྱེར་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་འབོད་སྐུལ་ཞུས། ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མེ་ལིས་གསར་འགོད་པ་ཚོར་ཨུ་རུ་སུའི་དམག་གིས་དཔུང་འཇུག་དྲག་པོ་དང་དམག་མི་མང་པོ་ཡོད་ཀྱང་མདུན་སྐྱོད་བྱེད་ཐུབ་ཀྱི་མི་འདུག ཕུ་ཊིན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་དམག་འཁྲུག་ལ་ཡི་ཐང་ཆད་ནས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་བྱེད་སྲིད་པའི་རྩིས་རྒྱག་གི་ཡོད་པ་རེད། ང་ཚོས་ཡུཀ་རེན་ལ་རྒྱབ་སྐྱོར་རྒྱུན་འཁྱོངས་དང་དམག་འཁྲུག་འདི་ཅི་ཙམ་འགོར་ཡང་དེའི་རིང་དུ་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་འཆར་ཡོད་ཅེས་གཏམ་བཤད་བྱས་འདུག ཡུཀ་རེན་གྱིས་ཉི་མ་རེར་སྒྱོགས་མདེལ་༦༠༠༠་ནས་༧༠༠༠་ཙམ་འཕེན་གྱི་ཡོད་པས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་སྒྱོགས་མདེལ་དང་མདེའུ་མ་ཆད་པ་ཞིག་བྱ་དགོས་པའི་གྲོས་སྡུར་བྱས་འདུག

ཕྱི་ཟླ་༢་པའི་ཚེས་༡༤་ཉིན་ཨེ་ཊི་ལན་ཊིག་སློབ་སྟོན་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ལོ་གཅིག་འཁོར་བའི་སྐབས་འདིར་སླར་ཡང་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་ཕྱོགས་ཡོངས་ནས་དཔུང་འཇུག་བྱ་རྒྱུའི་དམག་ཇུས་གཤོམ་གྱི་འདུག བདུན་ཕྲག་གཉིས་ཀྱི་སྔོན་ནས་ཨུ་རུ་སུའི་དམག་གིས་ཕྱོགས་མང་པོ་ཞིག་ནས་ཡུཀ་རེན་ལ་དཔུང་འཇུག་བྱེད་ཀྱི་ཡོད་པར་གཞིགས་ཚེ། ཨུ་རུ་སུའི་དཔུང་འཇུག་དེ་འགོ་བཙུགས་ཟིན་ཡོད་པར་སྣང་། ད་ཐེངས་ཀྱི་དཔུང་འཇུག་སྐབས་སུ་ན་ནིང་དབྱར་དུས་དང་སྟོན་ཁར་ཨུ་རུ་སུའི་དམག་གིས་ས་ཆ་འཛིན་མ་ཐུན་པ་རྣམས་བསྐྱར་དུ་ལེན་ཐབས་བྱ་རྒྱུ། ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་པ་དེར་གྲུབ་འབྲས་ཐོན་གྱི་ཡོད་པ་སྟོན་གང་ཐུབ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཡུཀ་རེན་ལ་དམག་འཁྲུག་བརྒྱབ་ནས་ལོ་གཅིག་གི་རིང་ཨུ་རུ་སུ་སྟོབས་ཆེན་རྒྱལ་ཁབ་ཀྱི་དམག་ལ་ཕམ་ཉེས་ཚབས་ཆེན་བྱུང་བ་ནི་ངོ་གནོང་དགོས་པ་ཞིག་ལོས་ཡིན། ཨུ་རུ་སུའི་དྲག་གྲས་དམག་དཔུང་དང་དམིགས་བསལ་གྱི་སྦྱོང་བརྡར་ཐོབ་པའི་དམག་མི་སྟོང་ཕྲག་མང་པོ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་ཟིན་ཡོད་ཅིང་། ཨུ་རུ་སུའི་དམག་མི་གསར་པ་ཚོ་དང་བཙོན་དམག་ཚོར་མཚོན་ཆ་དང་མདེའུ། དམག་རྒྱག་གི་མཐུན་རྐྱེན་དང་སྨན་བཅོས། སྐྱེལ་འདྲེན་སོགས་ཀྱི་རྒྱབ་སྐྱོར་གང་ཡང་མེད་པར་རང་མགོ་ཐོན་ཐབས་བྱ་དགོས་པས་ཨུ་རུ་སུའི་དམག་མི་རྣམས་འུ་ཐུག་སྟེ་སྡུག་སྐད་རྒྱག་གི་ཡོད་པའི་བརྙན་ཐུང་ཇི་སྙེད་ཅིག་དྲྭ་ལམ་དུ་ཁྱབ། ཊ་ཊར་སི་ཐན་གྱི་དམག་མི་ཚོའི་ཨ་མ་དང་ཆུང་མ་ཚོས་རང་གི་བུ་དང་ཁྱོ་ག་རྣམས་སྒྱོགས་མདེལ་ལྟར་མདུན་སར་བཏང་སྟེ་གསོད་དུ་འཇུག་གི་འདུག་ཅེས་འཁང་ར་བཤད། དེང་སྐབས་ཨུ་རུ་སུའི་དམག་ལ་བསད་རྨས་འབྱུང་གི་ཡོད་པ་ལྟར་བྱུང་ཚེ། ཕུ་ཊིན་གྱི་དཔུང་འཇུག་གཉིས་པའི་སྐབས་སུའང་ཨུ་རུ་སུའི་དམག་ལ་བསད་རྨས་ཚབས་ཆེན་ཕོག་སྟེ་བློ་ཡུལ་དུ་ཤོང་དཀའ་བ་ཞིག་འབྱུང་ངེས་རེད་ཅེས་གནས་ཚུལ་ཐོན་འདུག

XS
SM
MD
LG