ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཊམ་གྱིས་རྒྱ་དཀར་ནག་གི་རྩོད་གཞི་སེལ་བར་རོགས་སྐྱོར་གང་ཐུབ་བྱ་ངེས་ཡིན་ཟེར། 


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་དཀར་ནག་གཉིས་ཀྱི་རྩོད་གཞི་ཆེ་རུ་ཕྱིན་ཏེ་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ཀྱི་ཡོད་པ་ཤེས་གསལ་རེད། རྒྱ་དཀར་ནག་ཟུང་གིས་ཕྱོགས་གཉིས་ཀྱི་འགལ་ཟླ་རྣམས་སེལ་ཐུབ་པའི་རེ་བ་ཡོད། གལ་སྲིད་ཨ་མི་རི་ཀས་དཀའ་ངལ་སེལ་ཐབས་ལ་རོགས་སྐྱོར་བྱ་ཐུབ་པ་དེ་འདྲ་ཡོད་ན་ང་ཚོར་དགའ་མོས་ཀྱི་སྒོ་ནས་རོགས་སྐྱོར་བྱ་འདོད་ཡོད་ཅེས་གཟའ་ཕུར་བུའི་ཕྱི་དྲོར་གསར་འགོད་པ་ཚོར་བཤད་འདུག ཨ་རིའི་ཁར་ཎི་གྷི་ཨིན་ཊོང་མེན་ཊི་རྒྱལ་སྤྱིའི་ཞི་བདེ་ཞིབ་འཇུག་ཁང་གི་ལྷོ་ཨེ་ཤི་ཡའི་ཉམས་ཞིབ་མཁས་པ་ཨ་ཤི་ལེ་ཊེ་ལི་སི་ཡིས་བཤད་པ་ལྟར་ན། ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་མངོན་ལྐོག་མེད་པར་རྒྱ་གར་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག འདི་ནི་ཕྱོགས་གཅིག་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་སོང་སྟེ་ཨ་མི་རི་ཀས་རྒྱ་ནག་ལ་ཕྱོགས་ཡོངས་ནས་གནོན་སྡོམ་བྱེད་པར་རྒྱ་གར་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཞིག་ཡིན་པར་སྣང་། ཡིན་ནའང་ངའི་སེམས་པར་ཐེངས་འདིར་ཨ་མི་རི་ཀས་རྒྱ་གར་ལ་རྒྱབ་སྐྱོར་མི་བྱ་ཐབས་མེད་ལྟ་བུ་ཞིག་ཡིན་པ་སྟེ། རྒྱ་ནག་གཞུང་གིས་མངོན་སུམ་འཛེམ་མེད་ཀྱིས་བཙན་དྲག་བཀོལ་བཞིན་ཡོད་པས་ཨ་མི་རི་ཀས་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་པའམ། ཡང་ན་དེ་ལ་སྣང་མེད་གཏོང་རྒྱུའི་གདམ་ཀ་ལས་མེད་ཅེས་བཤད། རྒྱ་གར་གྱི་སྲིད་བློན་དམ་པ་ཝ་ཇཱི་པ་དབྱི་དང་ཨ་རིའི་སྲིད་འཛིན་ཟུར་པ་ཁེ་ལིན་ཊོན་གྱི་དུས་སྐབས་ནས་རྒྱ་གར་དང་ཨ་མི་རི་ཀའི་འབྲེལ་བ་ཡར་རྒྱས་འགྲོ་འགོ་ཚུགས། དེའི་གཞུག་གི་ཨ་རིའི་སྲིད་འཛིན་རྣམས་དང་རྒྱ་གར་གྱི་སྲིད་བློན་རིམ་པས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་བཏང་ནས་མཛའ་འབྲེལ་རྒྱུན་འཁྱོངས་བྱ་རྒྱུ་དེར་ཤུགས་སྣོན་བརྒྱབ།།

རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་གཉིས།
རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་གཉིས།

ད་ལོའི་ཕྱི་ཟླ་༨་པའི་ཚེས་༣༡་གི་རྗེས་སུ་རྒྱ་དཀར་ནག་གི་མཐོ་རིམ་དམག་དོན་མི་སྣ་ཁག་ཐུག་འཕྲད་གྲོས་མོལ་ཐེངས་དྲུག་བྱས་པ་དང་རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་གཉིས་ཀྱང་ཐུག་འཕྲད་གྲོས་མོལ་བྱས་རུང་ས་མཚམས་ཀྱི་ཛ་དྲག་ཞི་འཇམ་གཏོང་ཐུབ་རྒྱུ་དཀའ་ངལ་ཆེ་བ་ཞིག་ཏུ་གྱུར་ཡོད་པ་སྟེ། རྒྱ་དཀར་ནག་གཉིས་ཀས་དམག་དཔུང་ཁྲི་ཚོ་མང་པོ་ས་མཚམས་ཁག་ལ་འགྲེམ་འཇོག་བྱེད་ཡོད་པ་རྣམས་གདོང་ཐུག་འབྱུང་ས་ཁག་ནས་ཕྱིར་འཐེན་བྱེད་ཀྱི་མེད་ཅིང་། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་གཟའ་ཕུར་བུའི་ཉིན་གསར་འགོད་གསལ་བསྒྲགས་སྤེལ་བ་དེར་འཁོད་པ་ལྟར་ན། ལ་དྭགས་ཀྱི་སྟངས་འཛིན་ས་ཐིག་ཁག་གི་ཛ་དྲག་ཆུང་དུ་གཏོང་དགོས་ན་ཕྱོགས་གཅིག་རྐྱང་པས་སྔ་མོའི་གནས་བབ་དེར་རང་འདོད་ཀྱིས་འགྱུར་བ་གཏོང་མི་ཆོག ཕྱོགས་གཉིས་ཀས་ས་མཚམས་ཀྱི་གདོང་ཐུག་འབྱུང་ས་ཁག་ནས་དམག་དཔུང་ཕྱིར་འཐེན་དང་ས་མཚམས་ཁག་ལ་ཞི་བདེ་བརྟན་ལྷིང་སྐྲུན་ཐབས་ཀྱི་གྲོས་མོལ་རྒྱུན་འཁྱོངས་བྱ་འཆར་ཡོད་ཅེས་བསྒྲགས། སྟངས་འཛིན་ས་ཐིག་གི་གནས་བབ་རང་སོར་འཇོག་དགོས་ཞེས་པའི་གོ་དོན་ནི་རྒྱ་དཀར་ནག་གཉིས་ཀས་རང་རང་གི་དབང་སྒྱུར་ས་ཁུལ་དུ་རྩི་བཞིན་པའི་ས་ཐིག་བརྒལ་ནས་དཔུང་འཛུལ་བྱེད་མི་ཆོག་ཟེར་པ་དེར་གོ་དགོས། ཉེ་ཆར་ཕྱི་ཟླ་༨་པའི་ཚེས་༣༡་གི་དགོང་མོར་རྒྱ་ནག་དམག་གིས་སྟངས་འཛིན་ས་ཐིག་བརྒལ་ནས་རྒྱ་གར་གྱི་མངའ་ཁོངས་སུ་དཔུང་འཛུལ་བྱས་པར་རྒྱ་གར་གྱི་དམག་ཁོངས་སུ་ཡོད་པའི་བོད་དམག་གིས་རྒྱ་ནག་གི་དཔུང་འཛུལ་དམག་རྣམས་མཐར་སྐྲོད་བཏང་སྟེ་ཕམ་ཉེས་བཏང་ཞིང་། བོད་དམག་གིས་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཤིན་ཏུ་གནད་འགག་ཆེ་བའི་རི་རྩེའི་དམག་ས་ཁག་ཅིག་བླངས།།

གཟའ་འཁོར་སྔོན་མར་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐེ་སིང་གིས་ང་ཚོས་རང་གི་བདག་དབང་དོན་དུ་སེམས་ཐག་གཙང་བཅད་ཡིན། རྒྱ་གར་གྱི་བདག་དབང་དང་མངའ་ཁོངས་སྲུང་སྐྱོབ་དོན་དུ་མཇུག་འབྲས་གང་འདྲ་ཞིག་བྱུང་ཡང་དེ་ལ་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་རྒྱ་ནག་ལ་ཉེན་བརྡ་དྲག་པོ་བཏང་འདུག ༢༠༢༠་ལོའི་ཕྱི་ཟླ་༤་པ་ནས་མགོ་བརྩམས་ཏེ་རྒྱ་ནག་གིས་བོད་དང་འབྲས་ལྗོངས་ཀྱི་ས་མཚམས་ཁག་དང་བོད་དང་ལ་དྭགས་ཀྱི་ས་མཚམས་ཁག བོད་དང་མོན་ཡུལ་གྱི་ས་མཚམས་ཁག་ཏུ་རྒྱ་གར་ལ་འཁྲུག་རྩོད་བསླངས། ཕྱི་ཟླ་༦་པའི་ཚེས་༡༥་དགོང་མོར་ལ་དྭགས་ཀྱི་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་ལག་འཛིང་ཐུག་སྟེ་རྒྱ་གར་གྱི་དམག་མི་༢༠་ཐམ་པར་སྲོག་སྐྱོན་ཕོག རྒྱ་ནག་གི་མཐའ་མཚམས་སྲུང་དམག་༤༠་ཡས་མས་ཤིག་ལ་སྲོག་སྐྱོན་ཕོག་སྟེ་འདས་པའི་ལོ་༤༥་ལྷག་གི་རིང་ལ་བྱུང་མྱོང་མེད་པའི་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་གིས་མི་གསོད་ཁྲག་སྦྱོར་གྱི་འཁྲུག་རྩོད་བརྒྱབ། རྒྱ་ནག་གིས་སྤོང་ཀོང་མཚོའི་ལྷོ་ཕྱོགས་ཀྱི་རི་རྩེ་ཁག་ནས་རྒྱ་གར་གྱི་དམག་དཔུང་ཕྱིར་འཐེན་བྱ་དགོས། རྒྱ་གར་གྱི་དམག་རྣམས་དམག་དོན་འཐབ་ཇུས་ལ་གནད་འགག་ཆེ་བའི་མཐོ་ས་ཁག་ནས་ཕྱིར་འཐེན་མ་བྱས་པར་ཕྱོགས་གཉིས་ཀྱི་དམག་དཔུང་རྣམས་གདོང་ཐུག་འབྱུང་ས་ཁག་ནས་ཕྱིར་འཐེན་བྱ་ཐབས་བྲལ། སྤང་ཀོང་མཚོའི་ལྷོ་ཕྱོགས་ཀྱི་རྩོད་གཞི་རྣམས་ཐག་གཅོད་མ་ཐུབ་པར་ལ་དྭགས་ཤར་ཕྱོགས་ཀྱི་ས་མཚམས་ཁག་གི་དམག་དཔུང་ཕྱིར་འཐེན་བྱེད་ཕྱོགས་ཀྱི་གྲོས་མོལ་འགོ་ཚུགས་མི་ཐུབ་ཅེས་ལངས་ཕྱོགས་མཁྲེགས་པོ་འཛིན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་གར་གྱི་དམག་དོན་མི་སྣ་ཚོས་དཱེ་སཱང་ལ་ཚུད་པའི་ས་མཚམས་ཡོངས་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་དེར་གྲོས་མོལ་བྱ་དགོས། རྒྱ་ནག་གིས་ས་གནས་རེ་ཟུང་ཞིག་ལ་དམིགས་སུ་བཀར་ནས་གྲོས་མོལ་བྱ་དགོས་ཞེས་ཨུ་ཚུགས་རྒྱག་གི་ཡོད་པ་ཁྱད་མཚར་རེད་ཅེས་ལན་བཏབ།།

རྒྱ་གར་གྱི་དམག་ཁོངས་སུ་ཡོད་པའི་བོད་དམག་གིས་སྤོང་ཀོང་མཚོའི་ཕྱོགས་ཀྱི་རེ་ཆེན་ལ་དང་རེ་བཟང་ལ། སྨུག་པོ་རི་བཅས་ཀྱི་རི་རྩེའི་དམག་ས་རྣམས་བླངས། དེར་བརྟེན་རྒྱ་ནག་གི་དམག་སྒར་ཡོད་ས་སྤང་གུར་ཐང་དང་མོལ་དྷོ་དམག་སྒར་བཅས་པ་རྒྱ་གར་གྱི་དམིགས་འབེན་འོག་ཏུ་ཚུད། རྒྱ་དཀར་ནག་གི་དམག་དོན་མི་སྣ་ཁག་གིས་དུས་ཡུན་ཆུ་ཚོད་༡༤་ལ་གྲོས་མོལ་བྱས་པའི་རྗེས་སུའང་ཕྱོགས་གཉིས་ཀས་ཞིས་ཅིན་ཕིང་དང་སྲིད་བློན་མོ་དྷི་གཉིས་སྔ་རྗེས་སུ་ཐུག་འཕྲད་བྱུང་བའི་སྐབས་དེར་ས་མཚམས་ཀྱི་གནད་དོན་ལ་གྲོས་མཐུན་བྱུང་བ་རྣམས་ལག་ལེན་བསྟར་རྒྱུའི་གྲོས་མཐུན་བྱུང་སོང་ཞེས་བསྒྲགས། འོན་ཀྱང་འདས་པའི་ཟླ་བ་༤་ལྷག་ལ་རྒྱ་དཀར་ནག་གི་དམག་དཔུང་རྣམས་ས་མཚམས་སུ་འགྲེམ་འཇོག་བྱས་ནས་དམག་འཁྲུག་གི་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་དམག་འཁྲུག་གི་ཉེན་ཁ་ཡོད་པ་རྣམས་ཞི་འཇམ་གཏོང་མ་ཐུབ་པར་སོར་གནས་ཡིན་ཞིང་། ད་ལྟ་ཧི་མ་ལ་ཡའི་རི་འདབས་ཀྱི་ས་མཚམས་ཁག་ལ་དགུན་སླེབས་ཏེ་ཁངས་དང་འཁྱག་པས་མ་བསྡམས་སྔོན་དུ་ས་མཚམས་ཀྱི་དམག་ལ་བཟའ་བཏུང་དང་དགུན་ལྭ། འབུད་སྣུམ་དང་ཉལ་ཆས། མཚོན་ཆ་དང་མདེའུ་སོགས་ཀྱི་མཁོ་ཆས་རྣམས་གནམ་གྲུའི་ནང་དུ་སྐྱེལ་འདྲེན་བྱས་ཏེ་ཡུན་རིང་གི་དམག་འཐབ་གྲ་སྒྲིག་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་དཀར་ནག་གཉིས་ཀར་དམག་འཁྲུག་ཆེན་པོ་ཞིག་རྒྱག་འདོད་མེད་ཀྱང་ཕྱོགས་གཉིས་ཀས་ས་མཚམས་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་རྣམ་འགྱུར་མི་སྟོན། རྒྱ་གར་གྱིས་ལ་དྭགས་ཤར་ཕྱོགས་སུ་དམག་ཁྲི་ཚོ་གསུམ་ཁ་སྣོན་བཏང་བ་རྣམས་དགུན་ཁའི་དུས་སུ་ཕྱིར་འཐེན་བྱ་རྒྱུ་མིན་པའི་ཐག་བཅད།།

རྒྱ་ནག་གཞུང་གིས་ཀྱང་བོད་དང་རྒྱ་གར་གྱི་ས་མཚམས་ཁག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་དམག་ལ་དགུན་ཁའི་མཁོ་ཆས་རྣམས་སྐྱེལ་འདྲེན་བྱས་ནས་ཡུན་རིང་གི་གྲ་སྒྲིག་བྱེད་ཀྱི་ཡོད་འདུག པེ་ཅིང་གི་དམག་དོན་ཉམས་ཞིབ་པ་ཀྲུག་ཁྲེན་ཅིང་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་གིས་ལོ་མང་རིང་བོད་ཀྱི་མཐོ་སྒང་ས་ཁུལ་དུ་རྒྱ་ལམ་དང་མེ་འཁོར་ལྕགས་ལམ། གནམ་ཐང་སོགས་འཛུགས་སྐྲུན་བྱས་ནས་མཐའ་མཚམས་ཀྱི་དམག་ལ་མཁོ་ཆས་མྱུར་དུ་སྐྱེལ་འདྲེན་བྱེད་ཐུབ་པའི་རྨང་གཞིའི་མཐུན་རྐྱེན་འཛོམས་འདུག་ཅེས་བཤད། ༢༠༡༧་ལོར་བོད་ཀྱི་འབྲོག་ལམ་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱིས་དམག་འཁྲུག་རྒྱག་གྲབས་བྱས་ནས་བཟུང་། རྒྱ་ནག་གི་རྒྱ་གར་དང་འབྲུག་ཡུལ་གྱི་ས་མཚམས་ཁག་ཏུ་དམག་ས་༡༣་གསར་དུ་འཛུགས་སྐྲུན་བྱས་འདུག དམག་ས་དེ་དག་གི་གྲས་སུ་གནམ་དམག་གི་རྟེན་གཞི་གསུམ་དང་གཏན་འཇགས་མཁའ་དབྱིངས་སྲུང་སྐྱོབ་ཀྱི་དམག་ས་ལྔ། ཐད་འཕུར་གནམ་གྲུ་ལྔ་བཅས་འགྲེམ་འཇོག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཡིན་ནའང་རྒྱ་ནག་གི་མཐའ་མཚམས་སྲུང་དམག་ཕལ་ཆེ་བར་འཚོ་དབུགས་ཁ་སྣོན་མེད་པར་བོད་ཀྱི་མཐའ་མཚམས་ཁག་ཏུ་འཚོ་གནས་དཀའ། རྒྱ་ནག་གིས་མཐའ་མཚམས་ཀྱི་དམག་སྒར་ཁག་གི་ཁང་པའི་ནང་དུ་ཉིན་མཚན་མེད་པར་འཚོ་དབུགས་ཁ་སྣོན་གཏོང་དགོས། གལ་སྲིད་འཚོ་དབུགས་མཉམ་འཁྱེར་མེད་ན་རྒྱ་དམག་གིས་དགུན་གྱི་དུས་སུ་བོད་དང་རྒྱ་གར་གྱི་ས་མཚམས་ཁག་ཏུ་དམག་འཁྲུག་རྒྱག་མི་ཐུབ་པའི་གནས་སུ་ལྷུང་འདུག

XS
SM
MD
LG