ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༢/༠༥/༢༥

ཡུཀ་རེན་གྱི་བུད་མེད་ཚོ་རང་ཡུལ་དུ་ལོག་སྟེ་དམག་ལ་ཆས།


༄༅།། ཉེ་ཆར་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ཡུཀ་རེན་བ་ས་ཡ་༣་ལྷག་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་བྱོལ་དུ་སོང་། ཡུཀ་རེན་གྱི་གཞུང་གིས་རྒྱལ་ཁབ་དེའི་སྐྱེས་པ་ལོ་ན་༡༨་ནས་༦༠་ཐམ་པའི་བར་དུ་སོན་པ་རྣམས་དམག་ལ་འགྲོ་དགོས་པའི་ཐག་བཅད། ཕྱི་རྒྱལ་གྱི་དང་བླངས་དམག་མི་སྟོང་ཕྲག་མང་པོ་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་དང་ཡུཀ་རེན་ལ་དམག་རོགས་སུ་བསྐྱོད། ཡུཀ་རེན་གྱི་སྐྱེས་པ་ཚོས་རང་གི་བཟའ་ཟླ་བུ་ཕྲུག་དང་ཕ་མ་རྒན་རྒོན་རྣམས་ས་མཚམས་བར་དུ་བསྐྱལ་ཏེ་སླར་ཡང་རང་ཡུལ་དུ་ལོག་ནས་དམག་འཁྲུག་ལ་ཞུགས་ཀྱི་ཡོད་ཅིང་། ཕྱི་ཟླ་༣་པའི་ཚེས་༡༥་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པོ་ལན་ཌི་དང་རོ་མེ་ཎི་ཡ། མོལ་ཌོ་ཝ་དང་སི་ལ་ཝེ་ཎི་ཡ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་བྱོལ་དུ་འབྱོར་བའི་ཡུཀ་རེན་གྱི་བུད་མེད་ཁག་ཅིག་རང་ཡུལ་དུ་ཕྱིར་ལོག་བྱས་ནས་དམག་ལ་ཆས་པའམ། ཡང་ན་དམག་འཁྲུག་ལ་རྒྱབ་སྐྱོར་གྱི་ལས་རིགས་ཁག་གཉེར། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་པ་དང་རྒྱལ་ཁབ་གཞན་གྱི་སྤྱི་དམངས་སུ་གྱུར་ཟིན་པའི་ཡུཀ་རེན་བ་རྣམས་ཀྱང་རང་ཡུལ་དུ་ལོག་སྟེ་ཨུ་རུ་སུའི་བཙན་འཛུལ་འཐབ་རྒོལ། ཡུཀ་རེན་གྱི་མི་མང་ཁག་ཅིག་གིས་རང་ས་བཟུང་སྟེ་ཨུ་རུ་སུའི་བཙན་འཛུལ་དམག་ལ་གདོང་ལེན་བྱ་རྒྱུ་ཡིན། ང་ཚོ་གཏན་ནས་བྲོས་བྱོལ་ལ་འགྲོ་རྒྱུ་མིན་ཞེས་རང་ཁྱིམ་སྲུང་ནས་བསྡད་ཡོད་པའི་གནས་ཚུལ་ཐོན། བཙན་བྱོལ་ལ་འགྲོ་ཡི་མེད་པའི་མི་མང་དེ་ཚོར་ཨུ་རུ་སུའི་མེ་སྒྱོགས་དང་འཕུར་མདེལ་གྱི་གཏོར་རྒོལ་ཕོག་ནས་རྨས་སྐྱོན་དང་སྲོག་སྐྱོན་ཕོག དཔེར་ན་མ་རི་ཨུ་པུལ་གྲོང་ཁྱེར་གྱི་བུ་བཙའི་སྨན་ཁང་ཞིག་ལ་གཏོར་རྒོལ་བྱས་ནས་སྦྲུམ་མ་རྣམས་དང་བྱིས་པ་ཚོར་སྲོག་སྐྱོན་ཕོག་པ་ལྟར་དུ་གྱུར།།

ལོ་ན་༥༠་ཐམ་པར་སོན་པའི་ཨ་རི་ན་ཨོ་རེལ་ཞེས་པ་ནི་པོ་ལན་ཌི་ནས་ཡུཀ་རེན་ལ་ཕྱིར་ལོག་བྱེད་མཁན་བུད་མེད་ཅིག་ཡིན་ཞིང་། ཁོ་མོས་དམག་འཁྲུག་གི་སྐབས་སུ་རྨས་མ་ཚོར་སྨན་བཅོས་ཀྱི་སྲི་ཞུ་སྒྲུབ་ཐུབ། ང་ནི་རང་ཡུལ་ལ་ཕྱིར་ལོག་བྱས་ནས་རོགས་སྐྱོར་བྱེད་ཀྱི་ཡོད། ང་འཕྲོད་བསྟེན་ལས་སྣེ་ཞིག་ཡིན་པ་དང་སྨན་ཁང་ཁག་ལ་རོགས་རམ་དགོས་ཀྱི་འདུག ང་མཐའ་མཇུག་བར་དུ་རང་ཡུལ་དུ་གནས་སྡོད་བྱ་རྒྱུ་ཡིན་ཞེས་མཉམ་འབྲེལ་གསར་ཁང་གི་གསར་འགོད་པར་བཤད། དེ་བཞིན་ཡུཀ་རེན་གྱི་བུད་མེད་གཞན་ཁག་ཅིག་ཀྱང་རང་ཡུལ་དུ་ལོག་སྟེ་མཚོན་ཆ་ཐོགས་ནས་དམག་སར་བསྐྱོད་པ་དང་ཅི་ནུས་ཀྱིས་ཡུཀ་རེན་གྱི་མངའ་ཁོངས་སྲུང་སྐྱོབ་ལ་ལེགས་སྐྱེས་འབུལ་བར་འབད། ཨ་རི་ན་ཨོ་རེལ་གྱི་ཕ་ཡུལ་ནི་ཨོ་ཌེ་ས་གྲོང་ཁྱེར་ཡིན་པ་ད་ཁོ་མོ་རང་ཡུལ་དུ་འབྱོར་བའི་རྗེས་སུ་མཉམ་འབྲེལ་གསར་ཁང་གིས་ཁ་པར་བཏང་ནས་སྐད་ཆ་དྲིས། ཁོ་མོས་ཐོག་མར་ཨུ་རུ་སུའི་གནམ་དམག་གི་གཏོར་རྒོལ་འབྱུང་རྒྱུ་རེད་ཅེས་ཉེན་བརྡ་བཏང་བ་དང་འཕུར་མདེལ་བཀད་པའི་སྒྲ་སྐད་ཐོས་ཏེ་སྐྲག་སྣང་བྱུང་། ཡིན་ནའང་སྐྲག་ནས་འདར་སིག་བརྒྱབ་སྟེ་སྐུང་བསྡད་ན་འཇིགས་སྣང་འཇོམས་རྒྱུ་དེར་ཕན་ཐོགས་གང་ཡང་མི་འདུག བུད་མེད་ཚོས་ཀྱང་འཐབ་རྒོལ་བྱེད་ཐུབ་པ་དང་བུད་མེད་མང་དག་ཅིག་རྒྱལ་གཅེས་རིང་ལུགས་པ་ཡིན་པས་ཡུཀ་རེན་ལ་སྲུང་སྐྱོབ་བྱེད་ཀྱི་འདུག ངས་སྨན་བཅོས་བྱས་ནས་ལས་འགན་སྒྲུབ་ཀྱི་ཡོད། བུད་མེད་ཁག་ཅིག་དམག་འཁྲུག་ལ་ཞུགས་ནས་ལས་འགན་སྒྲུབ་ཀྱི་འདུག ཅིའི་ཕྱིར་མི་སྒྲུབ་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ད་དུང་ཡང་ཨོ་ཌེ་ས་གྲོང་ཁྱེར་ནི་ཡུཀ་རེན་གྱི་གཞུང་གི་དབང་སྒྱུར་འོག་ཏུ་ཡོད་པར་མ་ཟད། ཨུ་རུ་སུའི་དམག་གིས་གྲོང་ཁྱེར་དེ་མཐའ་བསྐོར་ནས་ཉི་མ་མང་པོར་དཔུང་འཇུག་བྱས་ཀྱང་ལེན་ཐུབ་མེད་པའི་གནས་ཚུལ་ཐོན།།

འཛམ་གླིང་གི་ཡུལ་གྲུ་གང་སར་བུད་མེད་རྣམས་དམག་ལ་ཆས་ནས་འཐབ་འཁྲུག་ལ་ཞུགས་ཀྱི་ཡོད་པ་ནི་གནས་ཚུལ་གསར་པ་ཞིག་མིན་ཞིང་། ཡུཀ་རེན་ལ་བཙན་འཛུལ་མ་བྱུང་སྔོན་ནས་རྒྱལ་ཁབ་དེའི་དམག་ཁོངས་སུ་བུད་མེད་བསྡུས་ནས་འཐབ་འཁྲུག་ལ་ཞུགས་པའི་གོ་སྐབས་སྤྲད། འཛམ་གླིང་རྒྱལ་ཁབ་གཞན་ཁག་ལས་ཀྱང་ཨུ་རུ་སུ་དམར་ཤོག་གི་དབང་བསྒྱུར་འོག་ནས་རང་བཙན་ཐོབ་པའི་རྒྱལ་ཁབ་ཁག་གི་བུད་མེད་ཚོར་ལས་ཀ་དང་དམག་འཐབ་སོགས་ཕོ་མོ་འདྲ་མཉམ་གྱི་ལམ་སྲོལ་ཤུགས་ཆེན་པོ་ཞིག་དར། པོ་ལན་ཌིའི་ས་མཚམས་སྲུང་དམག་གི་མགྲིན་ཚབ་པ་ཨ་ན་མཱི་ཆལ་སི་ཀ་ཞེས་པ་ཞིག་གིས་གསར་འགོད་པར་བཤད་པ་ལྟར་ན། ཡུཀ་རེན་ལ་བཙན་འཛུལ་བྱུང་སྟེ་ཁ་སང་ཕྱི་ཟླ་༣་པའི་ཚེས་༡༥་བར་དུ་པོ་ལན་ནས་ཡུཀ་རེན་ལ་མི་༡༩༥༠༠༠་ཕྱིན་སོང་། མི་ལྔའི་ནང་གི་བཞི་ནི་ཡུཀ་རེན་གྱི་མི་རིགས་ཡིན་པ་དང་དེ་དག་གི་གྲས་སུ་པོ་ལན་ཌིར་བཟའ་ཆས་དང་ཉེར་མཁོའི་དངོས་ཟོག་ཉོ་རུ་ཡོང་སྟེ་ཕྱིར་ལོག་བྱེད་མཁན་ཡང་འདུས་ཡོད། མི་ཁག་ཅིག་གིས་ས་མཚམས་བར་དུ་བཟའ་མི་བསྐྱལ་ཏེ་ལོག་འགྲོ་ཡི་འདུག གོང་གི་གྲངས་འབོར་དེའི་ཁོངས་སུ་ཕར་འགྲོ་ཚུར་འོང་ལན་མང་བྱེད་མཁན་ཁག་ཅིག་ཀྱང་ཚུད་ཡོད་ཅེས་བཀྲལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལྷན་ཁང་གི་གཞི་གྲངས་ལྟར་ན། པོ་ལན་ཌི་གཅིག་པུར་ཡུཀ་རེན་གྱི་བཙན་བྱོལ་བ་ས་ཡ་༡་དང་འབུམ་༨་ལྷག་འབྱོར། དེ་ནི་ཡུཀ་རེན་བ་ས་ཡ་༣་ལྷག་བཙན་བྱོལ་དུ་ཕྱིན་པ་དེའི་བརྒྱ་ཆ་༦༠་ལྷག་ཟིན། རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལྷན་ཁང་གི་འགན་འཛིན་ཧྥི་ལི་པོ་གྷ་རན་ཌིས་ཡུཀ་རེན་གྱི་སྐྱབས་བཅོལ་བ་མཚམས་ཆད་རྒྱུ་མིན་པར་སྐྲག་སྣང་ཡོང་གི་འདུག བདུན་ཕྲག་གཉིས་ཀྱི་ནང་དུ་མི་གྲངས་ས་ཡ་༣་སྐྱབས་བཅོལ་ལ་འགྲོ་དགོས་བྱུང་བ་རེད། མི་ཚང་མས་ང་ལ་ཡུཀ་རེན་ནས་སྐྱབས་བཅོལ་བ་ཅི་ཙམ་ཡོང་གི་རེད་ཅེས་དྲིས་ཀྱང་ངས་དེ་ལ་ཅི་ཞིག་བཤད་དགོས་པ་ཤེས་ཀྱི་མི་འདུག་ཅེས་ལན་བཏབ།།

ཕྱི་ཟླ་༣་པའི་ཚེས་༡༤་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འདས་པའི་བདུན་ཕྲག་གཉིས་ཀྱི་རིང་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཡུཀ་རེན་བ་༢༢༠༠༠༠་རང་ཡུལ་དུ་ཕྱིར་ལོག་བྱས་འདུག ཨུ་རུ་སུའི་བཙན་འཛུལ་བྱུང་བའི་སྐབས་དེར་ཡུཀ་རེན་བ་མང་དག་ཅིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲིམ་འགྲུལ་བྱེད་ཀྱི་ཡོད་ཀྱང་འཕྲལ་དུ་སྐོར་སྐྱོད་མཚམས་བཞག མི་ཁག་ཅིག་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཆེད་ལས་སྒྲུབ་ཀྱི་ཡོད་ཀྱང་ལས་མཚམས་བཞག་ནས་རང་ཡུལ་དུ་ལོག ཡུཀ་རེན་བ་ཁག་ཅིག་གིས་རྒྱལ་ཁབ་སྲུང་སྐྱོབ་དོན་དུ་དམག་འཁྲུག་ལ་ཞུགས་རྒྱུ་ཡིན་ཟེར་བ་དང་མི་ཁག་ཅིག་གིས་གཞན་ཡུལ་དུ་བཙན་བྱོལ་བ་བྱས་ནས་འཚོ་བ་སྐྱེལ་དགོས་པ་བློ་ཡུལ་དུ་ཤོང་གི་མི་འདུག་ཅེས་བཤད། ཡུཀ་རེན་གྱི་བུད་མེད་ཤ་ན་སི་ཎི་སི་ཛི་ན་དང་ལོ་༣༠་ཐམ་པར་སོན་པའི་བུ་མོ། ལོ་༡༢་ལ་སོན་པའི་ཚ་མོ་རྣམས་པོ་ལན་ཌིར་བཙན་བྱོལ་དུ་བསླེབས། ཁོ་ཚོས་པོ་ལན་ཌིའི་ས་ཐོག་ཏུ་ལས་ཀ་ཞིག་བཙལ་ནས་ཤ་ནའི་ཁྱོ་ག་དང་བུ་ལོ་༡༩་ཅན་ཞིག་དམག་འཁྲུག་ལ་ཞུགས་ཡོད་པ་དེ་དག་ལ་འགྲོ་གྲོན་མཁོ་སྒྲུབ་བྱ་ཐབས་སུ་འབད། མ་སྨད་ཚོས་ཉིན་ཤས་རིང་ཁྱིམ་མཚེས་རྒྱལ་ཁབ་པོ་ལན་ཌིའི་ས་ཐོག་ཏུ་ལས་ཀ་འཚོལ་ཐབས་དང་ཁང་པ་ཞིག་ཉོ་ཐབས་བྱས་ཀྱང་རིན་གོང་མཐོ་དྲགས་ཏེ་མ་ཁུག དེར་བརྟེན་ཤ་ན་དང་བུ་མོ། ཚ་མོ་རྣམས་བསྐྱར་དུ་རང་ཡུལ་ཡུཀ་རེན་ལ་ལོག ཁོ་མོས་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་ངའི་སེམས་ཀྱི་ཕ་ཡུལ་མཱི་ཀོ་ལེབ་བློས་ཐོངས་ཀྱི་མི་འདུག དེས་ན་ང་སོ་སོའི་ཕ་ཡུལ་དུ་ལོག་དགོས་ཀྱི་འདུག་ཅེས་བཤད། ཡུཀ་རེན་གྱི་བུད་མེད་ཁག་ཅིག་གིས་ཤུལ་ལུས་བཟའ་མི་རྣམས་བློས་མ་ཐོངས་བར་རང་ཡུལ་དུ་ལོག་གི་ཡོད་པ་དང་བུད་མེད་ཁག་ཅིག་དམག་ལ་ཞུགས་རྒྱུ། བུད་མེད་ཁག་ཅིག་སྨན་ཞབས་པ་དང་དམག་གི་མ་བྱན་སོགས་ལས་དོན་ཅི་ཞིག་སྒྲུབ་ཐུབ་ཀྱང་རང་ཡུལ་དུ་ལོག་སྟེ་སྒྲུབ་ཀྱི་ཡོད་པའི་གནས་ཚུལ་ཐོན།།

ཨོ་ལེ་ཀི་སི་ཛི་ཝེ་རེབ་ཞེས་པ་ནི་ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་འདབས་ཀྱི་ཡུལ་མི་ཞིག་ཡིན་ཞིང་། ཁོ་པ་ཡུ་རོབ་རྒྱལ་ཁབ་གང་སར་དངོས་ཟོག་སྐྱེལ་འདྲེན་གྱི་དོ་སྐྱེལ་རླངས་འཁོར་ཁ་ལོ་བ་ཞིག་ཡིན། འོན་ཀྱང་ཨུ་རུ་སུའི་བཙན་འཛུལ་བྱུང་བའི་རྗེས་སུ་ལས་ཀ་བསྐྱུར་ཏེ་ཡུཀ་རེན་གྱི་དམག་ཁོངས་སུ་ཞུགས། ཁོང་གིས་ངའི་གྲོགས་པོ་ཚོ་འོག་ཁང་ཏུ་སྐུང་ཡོད། འཕུར་མདེལ་དང་མེ་སྒྱོགས་མདེའུ་འཕོག་གི་འདུག་ཟེར་བ་གོ་ན་སེམས་ཁྲལ་ཆེན་པོ་ཡོང་གི་འདུག ངའི་གྲོགས་པོ་ལོ་༤༠་ཅན་ཞིག་དང་ལོ་ན་༢༥་ཅན་ཞིག་ལ་སྲོག་སྐྱོན་ཕོག་སོང་ཞེས་བཤད། མ་རི་ཡ་ཁ་ལི་ཆ་ཞེས་པའི་བུད་མེད་ཅིག་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལིར་གནས་སྡོད་བྱེད་ཀྱི་ཡོད་ཀྱང་རང་ཡུལ་དུ་ལོག་ནས་ཉེན་གཡོལ་དུ་འགྲོ་མཁན་མི་མང་རྣམས་སྐྱོབ་ལེན་བྱ་རྒྱུ་ཡིན། ཡུཀ་རེན་ལ་འཕུར་མདེལ་དང་འབར་མདེལ་སོགས་ཀྱི་གཏོར་རྒོལ་འཕོག་གི་ཡོད་པའི་དུས་འདིར་ང་ནི་བདེ་འཇགས་ཀྱི་ས་གནས་ཤིག་ཏུ་སྡོད་ཐབས་བྲལ། རྒྱལ་ས་ཀིབ་ཀྱང་ཨུ་རུ་སུའི་དམག་གིས་ལེན་རྒྱུ་ཡིན་པ་ང་ཚོས་ཤེས་ཀྱི་འདུག འོན་ཀྱང་ངས་མ་མཐར་ཡང་གཞན་རྣམས་སྐྱོབ་ཐབས་ཤིག་བྱ་རྒྱུ་ཡིན་ཞེས་བཤད། ལོ་ན་༥༦་ལ་སོན་པའི་ཨོལ་གྷ་སི་མ་ནོ་ཝ་ཞེས་པའི་ཡུཀ་རེན་གྱི་བུད་མེད་ཅིག་འཇར་མན་ཎི་ནས་རང་ཡུལ་དུ་ལོག ཁོ་མོས་ང་ཚོ་བཟའ་མི་གཞན་ཚོའི་འཁྲིས་སུ་འགྲོ་རྒྱུ་དང་དེ་ནས་ཅི་ཞིག་བྱ་དགོས་མིན་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཤད། ཡུཀ་རེན་གྱི་བུད་མེད་སོ་ལོ་ཌོབ་ནིཀ་སོགས་བུད་མེད་ཁག་ཅིག་གིས་ཁྱོ་ག་རྣམས་དམག་སར་བསྐྱུར་ནས་བཙན་བྱོལ་ལ་འགྲོ་རྒྱུ་མིན་ཞེས་ས་མཚམས་སུ་བསྡད། སོ་ལོ་ཌོབ་ནིཀ་ཡི་ཁྱོ་ག་ནི་བདུན་ཕྲག་གསུམ་གྱི་སྔོན་དུ་རླངས་འཁོར་ཁ་ལོ་བ་ཞིག་ཡིན་མོད། འོན་ཀྱང་ཨུ་རུ་སུའི་བཙན་འཛུལ་བྱུང་བའི་རྗེས་སུ་བཟའ་ཟླ་བུ་ཕྲུག་རྣམས་ས་མཚམས་སུ་བསྐྱལ་ནས་དམག་ཁོངས་སུ་ཞུགས། བུད་མེད་དེས་ས་མཚམས་སུ་འདི་ཡུཀ་རེན་གྱི་ས་ཆ་ཡིན་པ་དང་འདི་ངའི་ཕ་ཡུལ་རེད། ང་འདི་ནས་འགྲོ་རྒྱུ་མིན་ཞེས་ཁྱོ་ག་དང་རང་ཡུལ་ལ་ཞེ་ཐོགས་ནས་ས་མཚམས་བརྒལ་ཏེ་འགྲོ་ཡི་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG