ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨི་རཀ་པ་ཚོས་ཨ་རིའི་དམག་ལ་ངོ་རྒོལ།


༄༅།། གཟའ་པ་ངས་ཉིན་འདིར་ཨི་རཀ་པ་སྟོང་ཕྲག་མང་པོས་རང་གི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱ་དགོས། ཨ་མི་རི་ཀས་ཨི་རཀ་གཞུང་ལ་བདག་དབང་ཆ་ཚང་སྤྲོད་དགོས་ཞེས་ངོ་རྒོལ་གྱི་ལས་འགུལ་སྤེལ། ཕྱི་ཟླ་དང་པོའི་ཚེས་༢༤་ཉིན་རྒྱལ་ས་བྷག་དྷ་ཐེ་གྲོང་ཁྱེར་དུ་སྤེལ་བའི་ངོ་རྒོལ་ལས་འགུལ་ནི་ཤི་ཡ་ཆོས་རྒྱུད་ཀྱི་བླ་མ་མུཀ་ཏ་དྷ་ཨལ་ས་དྷར་གྱིས་སྐུལ་སློང་ནས་བྱུང་བ་ཞིག་ཡིན་པ་སྟེ། ཨལ་ས་དྷར་གྱིས་མི་ས་ཡ་གཅིག་གི་གོམ་སྐྱོད་ངོ་རྒོལ་བྱ་དགོས་ཞེས་ནན་བརྗོད་བྱས་འདུག

ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༣་ཉིན་ཨ་མི་རི་ཀས་ཨི་རཀ་གི་ས་ཐོག་ཏུ་ཨི་རན་གྱི་དམག་སྤྱི་དབང་ཐང་ཅན་སོ་ལི་མ་ཎི་དང་ཨི་རན་གྱི་རྒྱབ་སྐྱོར་ཡོད་པའི་ཨི་རཀ་གི་ཡུལ་དམག་བཀོད་འདོམས་པ་ཨལ་མུ་ཧན་དི་སོགས་བསད་ནས་བཟུང་། རྒྱལ་ས་བྷག་དྷ་ཐེ་གྲོང་ཁྱེར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་ཆགས་ཡུལ་དེ་ཉིད་ཨི་རཀ་པ་ཚོས་ཨ་མི་རི་ཀར་ངོ་རྒོལ་བྱ་ཡུལ་ལྟེ་བ་ཞིག་ཏུ་གྱུར། ཨི་རན་དང་དེའི་ཕྱོགས་གཏོགས་ཨི་རཀ་གི་ཡུལ་དམག་སོགས་ཀྱིས་ཨ་མི་རི་ཀའི་གཞུང་ཚབ་ཁང་དང་ཨ་རིའི་དམག་སྒར་ཁག་གི་ཉེ་འགྲམ་དུ་འཕུར་མདེལ་ལན་མང་བརྒྱབ་ནས་རྒོལ་ལན་སློག དེང་སྐབས་ཨི་རཀ་གི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་༠༠༠་ལྷག་ཡོད་ཅིང་། ཨི་རཀ་གི་ངོ་རྒོལ་བ་ཚོས་རང་གི་ས་ཐོག་ཏུ་ཨ་མི་རི་ཀས་འཕུར་མདེལ་བརྒྱབ་ནས་ཨི་རན་གྱི་དམག་སྤྱི་སོ་ལི་མ་ཎི་བསད་པ་ནི་ཨི་རཀ་གི་བདག་དབང་ལ་བརྩི་མེད་རྡོག་བརྫིས་བཏང་བ་ཞིག་རེད། ཨ་མི་རི་ཀའི་དམག་དཔུང་རྣམས་ཨི་རཀ་གི་ས་ཐོག་ནས་ཕྱིར་ལོག་བྱ་དགོས་ཞེས་ངོ་རྒོལ་བྱ་རྒྱུ་མགོ་བརྩམས། གཟའ་པ་སངས་ཀྱི་ངོ་རྒོལ་ཁྲོམ་སྐོར་དུས་སུ་ཨི་རཀ་གི་རྒྱལ་དར་འཕྱར་ནས་ཨ་མི་རི་ཀར་ངོ་རྒོལ་གྱི་སྐད་འབོད་བྱེད་མཁན་མང་ཆེ་བ་ཞིག་ཨི་རཀ་གི་བུད་མེད་ཚོ་ཡིན། ཨི་རཀ་གི་གྲོས་ཚོགས་ཀྱིས་རང་གི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་རྣམས་མཐར་སྐྲོད་གཏོང་དགོས་ཞེས་གྲོས་ཆོད་བཞག་མོད། འོན་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་ལ་ཨི་རཀ་གི་ས་ཐོག་ཏུ་བཀྲམ་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱ་འདོད་མེད་ཅེས་བསྒྲགས། ཨི་རཀ་གི་སུ་ཎི་དང་ཀུར་དི་མི་རིགས་ཀྱི་གྲོས་ཚོགས་འཐུས་མི་ཚོས་ཨ་མི་རི་ཀའི་དམག་དཔུང་ཕྱིར་ཕུད་གཏོང་རྒྱུ་དེར་རྒྱབ་སྐྱོར་གྱི་འོས་ཤོག་འཕངས་མེད་པ་རེད།

ཕྱི་ཚེས་༢༤་ཉིན་གྱི་ངོ་རྒོལ་ལས་འགུལ་དུས་སུ་ཨལ་ས་དྷར་གྱིས་ཨ་མི་རི་ཀའི་དམག་དཔུང་ཡོད་དོ་ཅོག་ཨི་རཀ་ནས་ཕྱིར་འཐེན་བྱ་དགོས། གལ་སྲིད་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་མ་བྱས་ན་དམག་འཁྲུག་གསར་པ་ཞིག་ལང་ངེས་ཡིན་ཞེས་ཉེན་བརྡ་གསལ་པོ་བཏང་ཡོད་པར་མ་ཟད། ཨི་རཀ་གི་སྲིད་འཛིན་གྱིས་ཀྱང་ཊོས་ཊར་དྲྭ་ལམ་དུ་ཨི་རཀ་མི་དམངས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་པའི་འདྲ་པར་ཞིག་བཀྲམཁོང་གིས་ཨི་རཀ་མི་དམངས་ཀྱིས་རང་གི་རྒྱལ་ཁབ་ལ་བདག་དབང་ཆ་ཚང་དགོས། བདག་དབང་དེར་བརྩི་མེད་རྡོག་བརྫིས་གཏོང་ཆོག་པའི་ངོ་རྒོལ་བྱེད་ཀྱི་འདུག་ཅེས་འཕྲིན་ཐུང་ཞིག་སྤེལ་འདུག ཨི་རཀ་གི་ཤི་ཡ་ཆོས་ལུགས་ཀྱི་བླ་མ་ཨལ་ས་དྷར་གྱིས་མི་ས་ཡ་གཅིག་གིས་ངོ་རྒོལ་ཁྲོམ་སྐོར་བྱ་དགོས་ཞེས་སྐུལ་སློང་བྱས་པར་མི་གྲངས་ས་ཡ་གཅིག་འདུ་ཐུབ་མེད་ཀྱང་ཨི་རཀ་པ་སྟོང་ཕྲག་མང་པོར་སྐུལ་སློང་ཐེབས་ནས་ཨ་མི་རི་ཀའི་རྒྱལ་དར་ལ་རྡོག་བརྫིས་བཏང་བ་དང་སྲིད་འཛིན་ཌོ་ནལ་ཊམ་ལྕགས་ཁྲབ་འཁོར་ལོའི་སྟེང་དུ་འཛེགས་ཡོད་པའི་རི་མོ་བྲིསཌོ་ནལ་ཊམ་ལ་དམག་འཁྲུག་སློང་འདོད་ཡོད་པའི་གོ་བརྡ་སྤྲདཨལ་ཏ་མཱི་མཱི་ཞེས་པའི་སྐྱེས་པ་ཞིག་གིས་ཁར་བྷ་ལ་ས་གནས་ནས་རང་གི་བུ་ཕྲུག་གཉིས་དང་ཆུང་མ། ཨ་ཕ་བཅས་པ་མཉམ་དུ་ཁྲིད་དེ་རྒྱལ་ས་བྷག་དྷ་ཐེ་གྲོང་ཁྱེར་ལ་ངོ་རྒོལ་བྱེད་དུ་ལྷགས། ཁོ་པས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་ང་ཚོ་རྒྱལ་ཁབ་ཀྱི་དོན་དུ་ངོ་རྒོལ་བྱེད་དུ་ཡོང་བ་ཡིན། ང་ཚོའི་རྒྱལ་ཁབ་འདིར་ཤར་ནུབ་གཉིས་ཀས་ཐེ་གཏོགས་བྱེད་ཀྱི་འདུག ང་ཚོའི་རྒྱལ་ཁབ་ལ་སུ་གཅིག་གིས་ཀྱང་ཐེ་གཏོགས་བྱེད་མི་དགོསཨི་རཀ་ལ་ག་དབང་ཆ་ཚང་དགོས་ཞེས་བཤད། ཨལ་ཏ་མཱི་མཱིས་ཤར་ནུབ་གཉིས་ཀ་ཟེར་པ་ནི་ཨི་རན་དང་ཨ་མི་རི་ཀ་གཉིས་ཀས་ཨི་རཀ་གི་ཆབ་སྲིད་ལ་ཐེ་གཏོགས་དང་རྒྱལ་ཁབ་དེའི་ལས་དོན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པར་དགོས་པ་རེད།

ཨི་རཀ་གི་ངོ་རྒོལ་ཁྲོམ་སྐོར་འདི་རྒྱལ་ཁབ་དེའི་གྲོས་ཚོགས་ཀྱིས་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱ་དགོས་པའི་གྲོས་ཆོད་བཞག་པར་མང་ཚོགས་ཀྱི་རྒྱབ་སྐྱོར་ཡོད་མེད་མང་མོས་འོས་འདེམས་ལྟ་བུ་ཞིག་ཏུ་གྱུར། ད་ཐེངས་ཀྱི་ངོ་རྒོལ་ཁྲོམ་སྐོར་ལ་མི་སྟོང་ཕྲག་མང་པོ་མཉམ་ཞུགས་བྱས་ཡོད་པའི་མང་ཆེ་བ་ནི་ཤི་ཡ་ཆོས་རྒྱུད་ཀྱི་རྗེས་འབྲང་བ་རྣམས་ཡིན་རུང་ཨི་རཀ་གི་སུ་ཎི་དང་ཀུར་དི་མི་རིགས། ཨི་རཀ་གི་ཡེ་ཤུ་གྲངས་ཉུང་མི་རིགས་སོགས་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱ་དགོས་པའི་ངོ་རྒོལ་ལས་འགུལ་ལ་མཉམ་ཞུགས་བྱེད་ཀྱི་མེད་ཅིང་། ཉེ་ཆར་ཟླ་བ་མང་པོར་ཨི་རཀ་པ་ཚོས་གཞུང་གི་འགོ་ཁྲིད་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པ་དང་ཨི་རཀ་ལ་འོས་འདེམས་གསར་པ་བྱ་དགོས་ཞེས་ངོ་རྒོལ་དྲག་པོ་བྱས་ཏེ། མཐར་སྲིད་བློན་ཨ་ཌེལ་ཨབ་རྡུལ་ཧཱ་དྷི་རང་གི་ལས་གནས་ནས་གནང་བ་ཞུ་དགོས་ཐུག་ཀྱང་ད་ཐེངས་ཀྱི་ངོ་རྒོལ་ཁྲོམ་སྐོར་ལ་ངར་ཤུགས་དེ་འདྲ་ཞིག་སླེབས་ཐུབ་ཀྱི་མེད་པ་རེད། ཡིན་ནའང་ཨི་རཀ་གི་ས་ཐོག་ཏུ་ཨ་མི་རི་ཀས་ཨི་རན་གྱི་དམག་སྤྱི་སོ་ལེ་མ་ཎི་བསད་པར་ཨ་རིའི་རྒྱབ་སྐྱོར་པ་ཨི་རཀ་གི་སྲིད་དོན་པ་མང་པོ་ཞིག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། ཨི་རཀ་གི་སྲིད་དོན་པ་དང་མི་མང་ཕལ་མོ་ཆེར་རང་གི་རྒྱལ་ཁབ་དེ་ཨ་མི་རི་ཀ་དང་ཨི་རན་གྱི་དམག་ས་ཞིག་ལ་གྱུར་ནས་སླར་ཡང་ཟིང་འཁྲུག་ལང་དུ་འཇུག་འདོད་མེད་པ་རེད།

ལོ་ན་༣༣་ལ་སོན་པའི་མོ་ཧ་མེ་ཐེ་ཨ་ལི་ཞེས་པ་ནི་ཨི་རཀ་ལྷོ་ཕྱོགས་སུ་ཆགས་པའི་ན་ཇབ་གྲོང་ཁྱེར་གྱི་རླངས་འཁོར་ཁ་ལོ་བ་ཞིག་ཡིནཁོ་པས་ང་ཚོ་ཤི་ཡ་ཆོས་རྒྱུད་ཀྱི་བླ་མ་ཨལ་ས་དྷར་གྱི་རྗེས་འཇུག་པ་ཡིན། ཨལ་ས་དྷར་གྱི་ཡུལ་དམག་གིས་ན་ཇབ་གྲོང་ཁྱེར་གྱི་མི་མང་རྣམས་རྒྱལ་ས་བྷག་དྷ་ཐེ་གྲོང་ཁྱེར་ལ་ངོ་རྒོལ་བྱེད་དུ་འགྲོ་དགོས། ཁྱེད་ཚོ་སྐྱེལ་འདྲེན་གྱི་རླངས་འཁོར་དང་བཟའ་བཏུང་། ཁྲོམ་སྐོར་དུས་སུ་ལག་པར་འཁྱེར་རྒྱུའི་འཕྲེད་དར་དང་ཡིག་བྱང་རྣམས་གྲ་སྒྲིག་ཡིན། ཕྱི་དྲོའི་ཆུ་ཚོད་དང་པོ་དང་དགོང་མའི་ཆུ་ཚོད་༩་པ། ཆུ་ཚོད་༡༡་བཅས་ལ་ངོ་རྒོལ་བ་རྣམས་ལེན་དུ་ཡོང་གི་ཡིན་ཟེར་སོང་ཞེས་བཤད ཨལ་ས་དྷར་གྱི་ཡུལ་དམག་ལ་ཨི་རན་གྱིས་འགྲོ་གྲོན་རོགས་རམ་སྤྲོད་ཀྱི་ཡོད་པས་ཨལ་ས་དྷར་གྱི་ཡུལ་དམག་དང་ཨི་རན་གཞུང་འབྲེལ་བ་དམ་ཟབ་ཡོད། ཨི་རན་ལ་འབྲེལ་བ་ཡོད་པའི་ཨི་རཀ་གི་སྲིད་དོན་ཚོགས་པ་ཁག་དང་ཡུལ་དམག་གི་སྒྲིག་འཛུགས་ཁག ད་དུང་ཨི་རན་དང་ཨལ་ས་དྷར་སོགས་ཀྱི་ཡུལ་དམག་ལ་འབྲེལ་བ་བཟང་པོ་ཡོད་པའི་ཨི་རཀ་གི་ཡུལ་སྐོར་སྤྲོད་འཆམ་ལས་ཁང་ཁག་གིས་ཀྱང་མི་མང་ལ་འགྲོ་གྲོན་སྤྲོད་པའམ། ཡང་ན་དངོས་ཤུགས་བརྒྱུད་གསུམ་ནས་ཨ་མི་རི་ཀར་ངོ་རྒོལ་གྱི་ལས་འགུལ་དེར་རྒྱབ་སྐྱོར་དང་སྐུལ་སློང་བྱེད་ཀྱི་ཡོད་པ་དང་། ཉམས་ཞིབ་པ་ཚོས་ཨི་རཀ་གི་ངོ་རྒོལ་འདི་ཨ་མི་རི་ཀའི་དམག་དཔུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་ཁོ་ན་མིནཨི་རཀ་གི་སྲིད་དོན་ཚོགས་པ་ཁག་དང་ཡུལ་དམག་གི་སྒྲིག་འཛུགས་ཁག ཨི་རཀ་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀར་ངོ་རྒོལ་གྱི་གོ་སྐབས་བཟུང་ནས་རང་གི་ཁེ་ཕན་དང་ཚོང་ལས་ཀྱི་གོ་སྐབས་དམ་འཛིན་བྱེད་ཀྱི་འདུག ཨི་རན་གཞུང་གིས་ཀྱང་ཐེངས་འདིའི་གོ་སྐབས་བཟུང་ནས་ཨི་རཀ་ལ་སྔར་ལས་ལྷག་པའི་ཤུགས་རྐྱེན་ཐེབས་ཐབས་བྱེད་ཀྱི་འདུག་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG