ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་ནག་གཞུང་གིས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཇི་ལྟར་ཕྱིར་བསྡུ་བྱ་རྒྱུ་ཡིན་ནམ།


ཉེ་བའི་ཆར་རྒྱ་ནག་ནང་དུ་ཏོག་དབྱིབས་ནད་དུག་ཕོག་མཁན་གྱི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། སྤྱི་ཟླ་༡༡ པའི་ཚེས་༢༤ ཉིན་ལ་རྒྱ་ནག་འཕྲོད་བསྟེན་ལས་ཁུངས་ཀྱིས་ཉིན་གཅིག་གི་ནང་ཚུད་དུ་རྒྱ་ནག་ནང་ནད་པ་འཕར་མའི་གྲངས་འབོར་ཁྲི་གསུམ་ལ་བརྒལ་ཡོད་པ་ཕྱིར་བསྒྲགས་བྱས་ཏེ། དེ་སྔར་རྒྱ་ནག་གིས་ནད་དུག་འགོག་སྲུང་སྐོར་གྱི་དོན་ཚན་ཉི་ཤུ་པ་ཞེས་པ་ལག་ལེན་བསྟར་ནས་ནད་ཡམས་འགོག་སྲུང་ཏོག་ཙམ་ལྷོད་ཡངས་འགྲོ་སྲིད་པའི་ལམ་འགག་ནས། བསྐྱར་དུ་འགོག་སྲུང་ནན་མོའི་ལམ་ཁ་ལ་བསྐྱལ་འདུག ཆེད་མཁས་པ་འགའ་ཤས་ཀྱིས་བརྗོད་དོན་ལ། གལ་སྲིད་རྒྱ་ནག་གིས་སྔར་བཞིན་ནད་དུག་གཙང་སེལ་གྱི་སྲིད་ཇུས་དེ་མུ་མཐུད་ནས་ལག་ལེན་བསྟར་བ་ཡིན་ན། མང་ཚོགས་ཀྱིས་རྒྱ་ནག་གཞུང་ལ་འཁང་ར་དང་འདོད་བློ་མི་ཁེངས་བའི་གནས་སྟངས་ཚབས་ཆེ་རུ་ཕྱིན་ནས། མཐར་མང་ཚོགས་ཀྱིས་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ལངས་སྲིད་པ་མ་ཟད། ཅིག་བྱས་ན་རྒྱ་ནག་གཞུང་གིས་མི་དམངས་ཀྱི་ཁོང་ཁྲོ་དང་འཁང་ར་ལ་དྲག་གནོན་ཆེད་དུ་ནད་ཡམས་སྐོར་གྱི་སྲིད་ཇུས་ཇེ་དམ་དུ་གཏང་སྲིད་པ་རེད་འདུག ཡང་སྲིད་དོན་དབྱེ་ཞིབ་པ་གཞན་ཁག་ཅིག་གིས། རྒྱ་ནག་གཞུང་གིས་ནམ་རྒྱུན་ནས་སོ་སོའི་མི་དམངས་ལ་ནུས་པ་དང་ལྡན་པའི་སྟངས་འཛིན་ནན་མོ་བྱེད་ཐུབ་ཀྱི་ཡོད་པས་མང་ཚོགས་ཀྱིས་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་ལངས་ཐུབ་མི་སྲིད་ལ། དེང་སང་རྒྱ་ནག་གཞུང་གིས་ནད་དུག་གཙང་སེལ་ཞེས་པའི་སྲིད་ཇུས་དེ་བཞིན་ངོ་སོ་མཐོན་པོའི་སྒོ་ནས་ཕྱིར་བསྡུ་བྱ་རྒྱུའི་གོ་སྐབས་ཤིག་སྒུག་བཞིན་པ་རེད་ཅེས་བརྗོད།

རྒྱ་ནག་ནང་ཉིན་རེར་ནད་པ་ཁྲི་གསུམ་ལ་བརྒལ་འདུག

རྒྱ་ནག་གཞུང་གིས་ནད་དུག་འགོག་སྲུང་སྐོར་གྱི་དོན་ཚན་ཉི་ཤུ་ཞེས་པ་དེ་ཕྱིར་སྤེལ་བྱས་ནས་ཉིན་བཅུ་ཙམ་ཡང་འགོར་མེད་ཁར། རྒྱ་ནག་ནང་ནད་ཡམས་ཁྱབ་གདལ་གྱི་ཚད་མཐོ་རུ་ཕྱིན་ཏེ། ཉེ་བའི་ཉིན་འགའ་ཤས་རིང་ལ་ཉིན་རེར་ནད་པ་འཕར་མ་ཁྲི་གཉིས་ལྷག་བྱུང་ཡོད་པ་དང་། ལྷག་པར་དུ་ཁ་སང་ཚེས་༢༤ ཉིན་ལ་ནད་པ་འཕར་མ་ཁྲི་གསུམ་ལས་བརྒལ་འདུག ཀོང་ཏུང་ནང་ཉིན་རེར་ནད་པ་ཁྲི་གཅིག་ཙམ་བྱུང་ཡོད་པ་དང་། དེ་བཞིན་ཁྲུང་ཆིང་ནང་ནད་པ་འཕར་མ་༧༨༠༠ ། པེ་ཅིང་ལ་ནད་པ་གསར་པ་༡༦༠༠ དང་སི་ཁྲོན་ལ་ནད་པ་༡༠༠༠ ལྷག་གཏན་ཁེལ་བྱུང་འདུག རིང་མིན་ནད་ཡམས་འགོག་སྲུང་སྐོར་གྱི་སྲིད་ཇུས་ཏོག་ཙམ་ལྷོད་ཡངས་ཡོང་རྒྱུའི་ཚབ་ལ་ད་ལྟ་འགོག་སྲུང་གི་དམ་དྲག་ཇེ་ཆེར་འགྲོ་ཉེན་ཆེ་བ་ཞིག་ཆགས་འདུག

སྲིད་དོན་དབྱེ་ཞིབ་པ་ཚོས་བརྗོད་ན། རྒྱ་ནག་གཞུང་འབྲེལ་གྱིས་ཕྱིར་བསྒྲགས་བྱས་པའི་ནད་པའི་གྲངས་འབོར་དེ་ལ་ཡིད་ཆེས་བྱེད་ཁག་པོ་ཡིན་ཞིང་། རྒྱ་ནག་ནང་ནད་པའི་གྲངས་འབོར་ངོ་མ་དེ་ཕྱིར་བསྒྲགས་བྱས་ཟིན་པ་ལས་ལྡབ་བཅུ་ལྷག་གི་མང་བ་ཡོད་པ་གཏན་ཁེལ་རེད་ཅེས་དང་། ཡང་ནད་པ་ཇེ་མང་དུ་འགྲོ་བཞིན་པ་དང་བསྟུན་ནས་ནད་དུག་གཙང་སེལ་གྱི་དམིགས་ཡུལ་དེ་ཡང་འགྲུབ་ཁག་པོ་ཆགས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་འདས་པའི་ལོ་གཉིས་གསུམ་རིང་ལག་ལེན་བསྟར་བའི་ནད་ཡམས་འགོག་སྲུང་གི་སྲིད་ཇུས་ཐལ་ཆ་ཆེ་བ་དེ་དག་གིས་མི་དམངས་ཚོའི་ཁྲོད་ནས་བག་ཆགས་ངན་པ་བཞག་ཡོད་ཅེས་བརྗོད།

རྒྱ་ནག་མི་དམངས་ཀྱི་འཁང་ར་ཇེ་ཆེར་འགྲོ་བཞིན་པ།

སྤྱི་ཟླ་༡༡ པའི་ཟླ་དཀྱིལ་ཙམ་ལ། རྒྱ་ནག་གི་ཀོང་ཀྲུའོ་ཀྲུའུ་ཧའེ་ས་ཁུལ་དུ་ནད་ཡམས་སྲིད་ཇུས་ལ་ངོ་རྒོལ་བྱེད་པའི་ལས་འགུལ་གཞི་རྒྱ་ཆེན་མོ་བྱུང་སྟེ། ངོ་རྒོལ་བ་ཚོས་ལྕགས་སྒོ་དང་བརྩིགས་གྱང་སོགས་བརྒལ་ནས་ལུས་པོ་བརྟག་དཔྱད་བྱ་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་། སྒོ་རྒྱ་བསྡམས་པ་ཕྱིར་འཐེན་བྱེད་དགོས་ཞེས་སྐད་འབོད་བརྒྱབ་ཏེ་ཉེན་རྟོག་པ་ཚོ་ལ་རྒོལ་འཛིང་བྱས། དེ་བཞིན་སྤྱི་ཟླ་བཅུ་པའི་ཟླ་མཇུག་ཙམ་ལ་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུའང་དེ་མཚུངས་ཀྱི་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་ལངས་ནས་འབྲེལ་ཡོད་བརྙན་པར་སོགས་སྤྱི་ཚོགས་དྲྭ་ལམ་ཐོག་ལ་ཁྱབ་སྤེལ་ཤུགས་ཆེ་ཕྱིན་ཡོད།

རྒྱ་ནག་དང་ཐེ་ཝན་གནད་དོན་སྐོར་ལ་ཉམས་ཞིབ་གནང་མཁན་ལི་ཧྭ་ཆིའུ་
རྒྱ་ནག་དང་ཐེ་ཝན་གནད་དོན་སྐོར་ལ་ཉམས་ཞིབ་གནང་མཁན་ལི་ཧྭ་ཆིའུ་

རྒྱ་ནག་དང་ཐེ་ཝན་གནད་དོན་སྐོར་ལ་ཉམས་ཞིབ་གནང་མཁན་ལི་ཧྭ་ཆིའུ་ཡིས་ཨ་རིའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གསལ། རྒྱ་ནག་གཞུང་གིས་ནད་དུག་གཙང་སེལ་ཞེས་པའི་སྲིད་ཇུས་ལ་ཁ་གཡར་ནས་མང་ཚོགས་ལ་དམ་དྲག་གི་སྲིད་ཇུས་ལག་ལེན་བསྟར་ཡོད་པས། ད་ལྟ་རྒྱ་ནག་ནང་གི་མི་མང་པོས་གཞུང་ལ་འཁོན་འཛིན་དང་འཁང་ར་ཆེ་བས། ཟླ་བ་གཅིག་གི་གོང་སྟེ་པེ་ཅིང་གི་སི་ཐུང་ཟམ་པའི་ཐོག་ཞི་ཅིང་ཕིང་ལ་ངོ་རྒོལ་ཡོད་པའི་སྦྱར་ཡིག་བཤམ་པའི་དོན་རྐྱེན་དེས་རྒྱ་ནག་མི་དམངས་ཚོས་ཞི་ཅིང་ཕིང་ལ་ངོ་རྒོལ་ཡོད་པའི་བརྡ་ཆེན་པོ་ཞིག་བསྟན་ཡོད་པ་རེད་ཅེས་གསུང་འདུག

རྒྱ་ནག་ནང་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ཆེན་པོ་འབྱུང་སྲིད་དམ།

ཉམས་ཞིབ་པ་ལི་ཧྭ་ཆིའུ་ལགས་ནས་མུ་མཐུད་ནས་འགྲེལ་བརྗོད་གནང་གསལ་ལ། གལ་སྲིད་རྒྱ་ནག་གིས་སྔར་བཞིན་ནད་དུག་གཙང་སེལ་གྱི་སྲིད་ཇུས་དེ་མུ་མཐུད་ནས་ལག་ལེན་བསྟར་བ་ཡིན་ན། མང་ཚོགས་ཀྱིས་རྒྱ་ནག་གཞུང་ལ་འཁང་ར་དང་འདོད་བློ་མི་ཁེངས་བའི་གནས་སྟངས་ཚབས་ཆེ་རུ་ཕྱིན་ནས་མཐར་མང་ཚོགས་ཀྱིས་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ལངས་སྲིད་པ་རེད་ཅེས་གསུང་འདུག ཡིན་ན་ཡང་ཧོང་ཀོང་ནང་གི་གསར་འགོད་པ་གྲགས་ཅན་ཅིས་ཧྲོང་མིང་གིས་བརྗོད་ཚུལ་དེ་ལ་འཐད་པ་མེད་ཅིང་། ཁོས་རྒྱ་ནག་མི་དམངས་ཚོ་ལ་འདོད་བློ་མི་ཁེངས་པ་ག་ཚོད་ཡོད་ཀྱང་། རྒྱ་ནག་གཞུང་གི་ལམ་ལུགས་ཀྱི་སྐྱོན་ཆ་མཐོང་ཐུབ་མཁན་དཀོན་པོ་ཡིན་པས། མང་ཚོགས་ངོས་ནས་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་ལངས་རྒྱུའི་ཚད་ལ་ལོངས་ཐུབ་མེད་ཅེས་གསུངས་འདུག

ཉམས་ཞིབ་པ་ལི་ཧྭ་ཆིའུ་ལགས་ཀྱིས་བརྗོད་ན། དུས་མཚུང་སུ་རྒྱལ་སྤྱིའི་སྒང་ནས་ཞི་ཅིན་ཕིང་ལ་དཔལ་འབྱོར་དང་། དམག་དོན། དེ་བཞིན་ཕྱི་འབྲེལ་སོགས་ཀྱི་ཐད་ནས་གནོན་ཤུགས་སྤྲོད་བཞིན་ཡོད་པའི་ཐོག རྒྱ་ནག་ནང་ཁུལ་དུ་ནད་ཡམས་ཀྱི་དཀའ་ངལ་ཡོད་པ་དང་། ཚོགས་ཆེན་ཉི་ཤུ་པའི་རྗེས་ལ་དམར་ཤོག་འགོ་ཁྲིད་ཀྱི་ལས་གནས་གོ་སྒྲིག་སོགས་བྱེད་དགོས་འཁེལ་གྱི་ཡོད་པས། གལ་སྲིད་གནས་སྟངས་དེ་འདྲའི་འོག་ལ་མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་འབྱུང་ཚེ། རྒྱ་ནག་དམར་ཤོག་གཞུང་གིས་སྤྱི་ཚོགས་དང་སོ་སོའི་སྲིད་དབང་བརྟན་བརླིང་ཡོང་ཆེད་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཞེས་པ་དེ་ལས། སྲིད་ཇུས་དེ་ལས་བཙན་པོ་དང་དྲག་པོ་ཞིག་ལག་ལེན་བསྟར་རྒྱུའི་ཉེན་ཁ་ཡོད་ཅེས་གསུངས་འདུག

རྒྱ་ནག་ནང་མི་འགའ་ཤས་ཀྱིས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་པ།

གསར་འགོད་པ་ཅིས་ཧྲོང་མིང་
གསར་འགོད་པ་ཅིས་ཧྲོང་མིང་

གསར་འགོད་པ་ཅིས་ཧྲོང་མིང་གིས་གོང་འཁོད་ལི་ཧྭ་ཆིའུ་ལགས་ཀྱི་བརྗོད་ཚུལ་དེ་ལ་ལྟ་ཚུལ་ཐ་དད་འཛིན་པར་བྱེད་ཅིང་། ཁོང་གིས་བརྗོད་ཚུལ་ལྟར་བྱས་ན། ད་ཕན་རྒྱ་ནག་གཞུང་གིས་ནད་ཡམས་འགོག་སྲུང་གི་སྲིད་ཇུས་ཐལ་ཆ་ཆེ་བ་སྤེལ་ནས་མི་དམངས་ཀྱི་འཚོ་བ་ལ་དཀའ་ངལ་ཚད་མེད་བཟོས་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་ཕྱིན་བཅུག་ཡོད་པ་དང་དུས་མཚུངས་སུ། སྤྱི་ཚོགས་ཁྱོན་ཡོངས་སུ་གོད་ཆགས་ཅི་རིགས་ཤིག་བྱུང་སྟེ། མི་དམངས་ཀྱི་ཁོང་ཁྲོ་མེ་ལྟར་འབར་བཞིན་ཡོད་པ་བདེན་པ་རེད། ཡིན་ན་ཡང་མི་མང་པོ་ཞིག་གིས་ཁོང་ཁྲོ་དེ་ཡང་སོ་སོའི་འཚོ་བ་གཅིག་པུ་ལ་བསམ་བློ་གཏོང་བཞིན་ཡོད་པ་ལས། གཞུང་གི་ལམ་ལུགས་དང་ཆབ་སྲིད་ཀྱི་སྒྲོམ་གཞིའི་སྒང་ལ་བསམ་ཞིབ་བྱེད་ཐུབ་ཀྱི་མེད། དེང་སང་རྒྱ་ནག་མི་དམངས་དུང་ཕྱུར་༡༤ ནང་གི་མི་མི་ཉུང་བ་ཞིག་རྒྱ་ནག་གི་ཀླད་བཀྲུས་འོག་ནད་དུག་གཙང་སེལ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། དེ་བས་རྒྱ་ནག་གི་ནད་དུག་གཙང་སེལ་གྱི་སྲིད་ཇུས་དེར་ཆབ་སྲིད་ཀྱི་ཆ་མང་པོ་ཞིག་འདྲེས་ནས་ད་ལྟ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ཡོད། སྲིད་ཇུས་དེ་ནི་རྒྱལ་པོའི་བཀའ་དང་གཅིག་པ་ཆགས་ཡོད་པས་དུས་ཡུན་ཐུང་ཐུང་ཞིག་གི་ནང་འགྱུར་བ་འགྲོ་མི་སྲིད། ག་དུས་ཕྱིར་འཐེན་བྱ་རྒྱུ་ཡིན་མིན་དེའང་སུས་ཀྱང་ཤེས་མི་ཐུབ་པ་ཞིག་རེད་ཅེས་བརྗོད་འདུག

དམར་ཤོག་ལམ་ལུགས་ཀྱིས་བཟོས་པའི་གོད་ཆག།

ཨོ་གླིང་གི་སི་ཌི་ནི་གཙུག་ལག་སློབ་ཆེན་ནང་གི་རྒྱ་ནག་གནད་དོན་སྐོར་གྱི་ཆེད་མཁས་པ་ཧྥུང་ཁྲུང་དབྱི་
ཨོ་གླིང་གི་སི་ཌི་ནི་གཙུག་ལག་སློབ་ཆེན་ནང་གི་རྒྱ་ནག་གནད་དོན་སྐོར་གྱི་ཆེད་མཁས་པ་ཧྥུང་ཁྲུང་དབྱི་

ཨོ་གླིང་གི་སི་ཌི་ནི་གཙུག་ལག་སློབ་ཆེན་ནང་གི་རྒྱ་ནག་གནད་དོན་སྐོར་གྱི་ཆེད་མཁས་པ་ཧྥུང་ཁྲུང་དབྱི་ཡིས་འདི་གར་ཨ་རིའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གསལ་ལ། གལ་སྲིད་རྒྱ་ནག་ལ་ཞི་ཅིང་ཕིང་ལྟ་བུའི་སྒེར་གཅོད་པ་ཞིག་མེད་པ་ཡིན་ན། ཡང་ན་དམར་ཤོག་ཚོགས་པ་ལྟ་བུའི་སྒེར་གཅོད་ཀྱི་སྲིད་དབང་ཚོགས་པ་ཞིག་མེད་པ་ཡིན་ན། རྒྱ་ནག་རྒྱལ་ཁབ་དེ་བཞིན་འཛམ་གླིང་རྒྱལ་ཁབ་གཞན་ཚོ་དང་མཉམ་དུ་ནད་དུག་དང་མཉམ་གནས་བྱེད་པའི་ལམ་ཁ་ལ་གོམ་པ་མཉམ་སྤོ་བྱེད་ཐུབ་ཀྱི་རེད། ཨོ་མཱི་ཁེ་རོང་ཞེས་པའི་ནད་དུག་རིགས་དེས་མི་ལ་གནོད་སྐྱོན་ཆེན་པོ་ཕོག་གི་མེད་པས་དེ་ལ་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཐལ་ཆ་ཆེ་བ་ཞིག་བེད་སྤྱོད་བཏང་ནས་འགོག་དགོས་དོན་མེད། དེ་བས་མཐར་གཏུགས་ན་རྒྱ་ནག་མི་དམངས་ཚོའི་སྡུག་བསྔལ་ཅི་རིགས་ཀྱི་འབྱུང་རྩ་ངོ་མ་ནི་ནད་དུག་མ་ཡིན་པར། དམར་ཤོག་ཚོགས་པ་ཞེས་པའི་སྒེར་གཅོད་ཀྱི་སྲིད་དབང་ལམ་ལུགས་དེ་རེད་ཅེས་གསུངས་འདུག

འབྲེལ་ཡོད།

XS
SM
MD
LG