ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༥/༢༡

རྒྱ་ནག་གི་འཕུར་མདེལ་ནང་དུ་ཆུ་བླུགས་ཡོད་པ་ཨ་རིས་ཇི་ལྟར་ཤེས་པ་རེད།


ལྟད་མོ་བ་ཚོས་རྒྱ་མིའི་དར་ཆ་གཡུགས་པ་དང་། དམག་འཁོར་ནང་ཏུང་ཧྥེང་ཨང ༤༡ འཕུར་མདེལ་བླུགས་ཡོད།
ལྟད་མོ་བ་ཚོས་རྒྱ་མིའི་དར་ཆ་གཡུགས་པ་དང་། དམག་འཁོར་ནང་ཏུང་ཧྥེང་ཨང ༤༡ འཕུར་མདེལ་བླུགས་ཡོད།

༄༅།། ཉེ་ཆར་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཚོ་ལུང་འདྲེན་བྱས་ནས་རྒྱ་ནག་གི་དམག་དཔོན་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར། རྒྱ་ནག་གི་འཕུར་མདེལ་ནང་དུ་དགོས་ངེས་ཀྱི་སྣུམ་མ་བླུགས་པར་ཆུ་བླུགས། འཕུར་མདེལ་འཇོག་ཡུལ་ས་དོང་ཁག་གི་ཁེབས་གཅོད་འབྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག་ཅེས་བསྒྲགས། ཕྱི་ཟླ་དང་པོའི་ཚེས་༡༠་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཀྱིས་མི་བརྒྱུད་ནས་རྒྱ་ནག་གི་འཕུར་མདེལ་དེ་ཚོར་ནུས་པ་མེད་པ་དང་སྐྱོན་ཅན་ཡིན་པ་ཤེས་རྟོགས་བྱུང་བར་སྣང་། དེ་ནི་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གསང་ཉུང་ཚོས་གནས་ཚུལ་ཤེས་པའམ། ཡང་ན་མཐུན་གྲོགས་རྒྱལ་ཁབ་ཅིག་གིས་ཤེས་རྟོགས་བྱུང་ནས་ཨ་མི་རི་ཀར་བཤད་པ་ཡིན་སྲིད། དེ་མིན་ན་རྒྱ་ནག་གིས་ཨ་མི་རི་ཀར་བཤད་པ་ཡིན་ཤས་ཆེ། གང་ལྟར་རྒྱ་ནག་གིས་རང་གི་དམག་དོན་གྱི་གསང་བའི་གནས་ཚུལ་ལ་སྲུང་སྐྱོབ་དམ་པོ་བྱ་དགོས་ཀྱི་འདུག་ཅེས་གནས་ཚུལ་སྤེལ་འདུག

ཨ་མི་རི་ཀའི་གསང་ཉུལ་ཚོས་རྒྱ་ནག་གི་འཕུར་མདེལ་ནང་དུ་ཆུ་བླུགས་ཡོད་པ་ཤེས་རྟོགས་བྱུང་བའི་དབང་དུ་བཏང་རུང་དེ་ལ་ཡིད་རྟོན་མི་ཐུབ་ཅིང་། ༢༠༡༧་ལོར་རྒྱ་ནག་གིས་རང་གི་ས་ཐོག་ཏུ་ཡོད་པའི་ཨ་རིའི་གསང་ཉུལ་རྣམས་རྩ་མེད་བཏང་ནས་བཟུང་། ད་དུང་ཡང་ཨ་མི་རི་ཀས་རྒྱ་ནག་གི་ནང་དུ་གསང་ཉུལ་འཇོག་མ་ཐུབ་པར་དཀའ་ངལ་འཕྲད་མུས་ཡིན་འདུག དེ་བཞིན་ཕྱི་ཟླ་དང་པོའི་ཚེས་༨་ཉིན་རྒྱ་ནག་གིས་དབྱིན་ཇིའི་གསང་ཉུལ་ཞིག་འཛིན་བཟུང་བྱས་ནས་དབྱིན་ཇི་ལའང་ཨ་རི་ལྟར་དཀའ་ངལ་གཅིག་མཚུངས་ཕྲད། ཨ་རི་དང་དབྱིན་ཇིའི་གསང་ཉུལ་ཚོས་རྒྱ་ནག་གི་འཕུར་མདེལ་ནང་དུ་ཆུ་བླུགས་ཡོད་པ་དང་འཕུར་མདེལ་འཇོག་ཡུལ་ས་དོང་ཁག་ཅིག་གི་ཁེབས་གཅོད་འབྱེད་ཐུབ་ཀྱི་མེད་པ་ཤེས་རྟོགས་ཐུབ་རྒྱུ་ཤིན་ཏུ་དཀའ། ཁ་སྔོན་ཕྱི་ཟླ་༡༢་པའི་ཟླ་མཇུག་ནས་ཨ་རྒྱའི་དམག་གི་འབྲེལ་བ་སླར་གསོ་བྱུང་སྟེ་རྒྱ་ནག་གི་དམག་དོན་མི་སྣ་ཚོས་གནས་ཚུལ་དེ་ཨ་རིར་བཤད་པ་ཡིན་སྲིད། རྒྱ་ནག་གིས་གསང་བའི་གནས་ཚུལ་དེ་ཨ་རིར་ཅིའི་ཕྱིར་བཤད་པ་རེད།།

རྒྱ་ནག་གིས་ཨ་མི་རི་ཀར་བཤད་པ་ཡིན་ན་བཤད་དགོས་པའི་རྒྱུ་རྐྱེན་ཅི་ཡིན་ཚོད་དཔག་བྱ་རྒྱུ་ལས་བྱ་ཐབས་གཞན་པ་མི་རྙེད། རྒྱ་ནག་གིས་ངོ་མར་བཤད་ཡོད་པ་ཡིན་ན་མི་དམངས་བཅིངས་འགྲོལ་དམག་གི་མེ་ཤུགས་འཕུར་མདའི་དཔུང་སྡེའི་འགོ་ཁྲིད་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་པ་རེད། ད་ལྟ་དམག་དཔོན་དེ་རྣམས་གནས་དབྱུང་བཏང་ནས་རྒྱ་ནག་གི་འཕུར་མདེལ་དཔུང་སྡེར་དཀའ་ངལ་མེད། རྒྱ་ནག་གི་འཕུར་མདེལ་དཔུང་སྡེའི་འགོ་ཁྲིད་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་པ་གཙང་བཟོ་བྱས་ཟིན་ཞེས་ཨ་མི་རི་ཀར་བརྡ་བཏང་བའི་གོ་བ་ལེན་ཆོག ཨ་རི་དང་རྒྱ་ནག་གི་དམག་དོན་འབྲེལ་བ་སླར་གསོ་བྱ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཕྱོགས་གཉིས་ཀས་ཕྱི་གསལ་ནང་གསལ་བྱ་རྒྱུ་དང་ཕན་ཚུན་གྱི་དོགས་པ་སེལ་རྒྱུ། ཨ་རི་དང་རྒྱ་ནག་གིས་དམག་འཁྲུག་རྒྱག་སྲིད་པའི་ཉེན་ཁ་འགོག་ཐབས་བཅས་ཡིན་ཞིང་། ཨ་མི་རི་ཀའི་དམག་གི་འགོ་ཁྲིད་མང་ཆེ་བར་རྒྱ་ནག་གིས་ཕྱི་གསལ་ནང་གསལ་བྱེད་ཀྱི་མེད་པ་དང་རྒྱ་ནག་གི་ཀུན་སློང་ཅི་ཡིན་ཚོད་དཔག་མ་ཐུབ་པར་བློ་འཚབ་བྱུང་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་ཐོན་འདུག

ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མར་ཁེ་མཱེ་ལིས་རྒྱ་ནག་གི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ལི་ཙོ་ཁྲེང་
ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མར་ཁེ་མཱེ་ལིས་རྒྱ་ནག་གི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ལི་ཙོ་ཁྲེང་

སྲིད་འཛིན་ཌོ་ནལ་ཊམ་གྱི་ལས་དུས་དེའི་མཇུག་དེར་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཧ་ཅང་སྡུག་ཏུ་ཕྱིན་ཏེ་ཕྱོགས་གཉིས་ཀྱི་དམག་གི་འབྲེལ་བ་ཆད། རྒྱ་ནག་ལ་ཨ་མི་རི་ཀས་གཏོར་རྒོལ་བྱ་རྒྱུ་རེད་སྙམ་པའི་བློ་འཚབ་བྱུང་། ཨེ་ཤི་ཡའི་དུས་བབ་ཚགས་པར་ནང་དུ་ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མར་ཁེ་མཱེ་ལིས་རྒྱ་ནག་གི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ལི་ཙོ་ཁྲེང་ལ་ཁ་པར་བཏང་ནས་ཨ་མི་རི་ཀས་རྒྱ་ནག་ལ་གཏོར་རྒོལ་བྱ་འཆར་མེད། ཨ་མི་རི་ཀའི་དམག་འཐབ་དཔུང་སྡེ་ཁག་བཀོད་གཤོམ་གྱི་འགན་དབང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ང་ལ་ཡོད། སྲིད་འཛིན་ཌོ་ནལ་ཊམ་ལ་ཡོད་པ་མ་རེད་ཅེས་དོགས་པ་སེལ་བ་རེད། ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཁག་ཅིག་གིས་གསང་བ་ཆེན་པོ་ཞིག་ཤེས་སོང་བསམས་ནས་གནས་ཚུལ་དེ་ཕྱི་རུ་བཀྲམ། དོན་དངོས་སུ་རྒྱ་ནག་གི་དམག་དཔུང་དང་དམར་ཤོག་ཚོགས་པ། བཟོ་ལས་དང་ཚོང་ལས་སོགས་ཀྱི་ཚན་པ་ཡོངས་རྫོགས་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པ་གཙང་དག་བྱེད་ཀྱི་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

རྒྱ་ནག་གི་གནམ་དམག་ལྡིང་དཔོན་གཞོན་པ་ཟུར་པ་ཡའོ་ཁྲེང་
རྒྱ་ནག་གི་གནམ་དམག་ལྡིང་དཔོན་གཞོན་པ་ཟུར་པ་ཡའོ་ཁྲེང་

ཕྱི་ཟླ་དང་པོའི་ཚེས་༡༠་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༡༦་ལོར་ཨ་མི་རི་ཀར་མགོ་བཅོལ་ཞུས་པའི་རྒྱ་ནག་གི་གནམ་དམག་ལྡིང་དཔོན་གཞོན་པ་ཟུར་པ་ཡའོ་ཁྲེང་གིས་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་ལ་ང་ཚོ་མི་དམངས་བཅིངས་འགྲོལ་དམག་གི་གནམ་དམག་ཡིན་པའི་དུས་སུ་རིན་གོང་ཆེ་བའི་འཕུར་མདེལ་གྱི་སྣུམ་བཏོན་ནས་བཟའ་བཏུང་གཡོ་སྐོལ་བྱས་པ་ཡིན། ང་ཚོས་འཕུར་མདེལ་ནང་ནས་སྣུམ་བཏོན་ཏེ་རྒྱ་ཁོག་བསྐོལ་མྱོང་། འཕུར་མདེལ་གྱི་སྣུམ་ལ་མེ་ལྗང་མདོག་ཅིག་འབར་ཏེ་ཚ་དྲོད་ཆེ་བ་དང་དྲི་ངན་མི་བྲོ། རྒྱ་ནག་གི་དམག་ལ་ཉེར་མཁོའི་མཐུན་རྐྱེན་ཁག་མེད་པས་འཕུར་མདེལ་གྱི་སྣུམ་སོགས་བཀོལ་སྤྱོད་བྱ་དགོས་འབྱུང་གི་ཡོད་པ་རེད་ཅེས་བསྟན། རྒྱ་ནག་གི་དམག་དོན་དངུལ་རྩིས་རྣམས་དམག་དཔོན་ཚོས་སྒེར་དོན་ལ་འགྲོ་གྲོན་བཏང་བ་དང་དམག་དོན་མཐུན་རྐྱེན་རྣམས་སྒེར་གྱི་ཁྱིམ་ཚང་ཁག་གིས་བཀོད་སྤྱོད་བྱས་ནས་དམག་དཔུང་ལ་འཐབ་འཁྲུག་རྒྱག་ཐུབ་པའི་ནུས་པ་མེད་པར་གྱུར། ཞིས་ཅིན་ཕིང་གིས་དམག་དཔུང་རུལ་སུངས་སུ་གྱུར་འདུག་ཅེས་སྡུག་སྐད་ཤོར་བར་ཁག་མི་འདུག་ཅེས་གནས་ཚུལ་སྤེལ་འདུག

རྒྱ་ནག་གི་གནམ་དམག་ལྡིང་དཔོན་གཞོན་པ་ཟུར་པ་ཡའོ་ཁྲེང་གིས་མི་དམངས་བཅིངས་འགྲོལ་དམག་གི་འགྲོ་གྲོན་དང་ཉེར་མཁོའི་མཐུན་རྐྱེན་ཉོ་སྒྲུབ་ཀྱི་དངུལ་སྒོར་རྣམས་གསོལ་སྟོན་དང་ལག་རྟགས་ཉོ་སྤྱད་ལ་འགྲོ་གྲོན་གཏོང་གི་ཡོད་པར་མ་ཟད། དམག་གི་མཚོན་ཆ་ཉོ་སྒྲུབ་ཀྱི་དངུལ་སྒོར་རྣམས་ཀྱང་རྒྱས་སྤྲོས་ལ་འགྲོ་གྲོན་བཏང་སྟེ་མཚོན་ཆ་ཡག་པོ་མེད་པར་འཐབ་འཁྲུག་གི་ནུས་པ་ཉམས། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་དམག་འཁྲུག་ཆེན་པོ་ཞིག་རྒྱག་ཐུབ་རྒྱུ་ཁག་པོ་རེད་ཅེས་བཀྲལ། ཉེ་དུས་མི་དམངས་བཅིངས་འགྲོལ་དམག་གི་ཉིན་རེའི་ཚགས་པར་ནང་དུ་དམག་དོན་གྱི་དངུལ་སྒོར་རྣམས་དམིགས་སྒོ་ཁག་ལ་འགྲོ་གྲོན་ཚུལ་བཞིན་གཏོང་དགོས། དམག་དཔུང་ལ་འཐབ་འཁྲུག་གི་ནུས་པ་ལྡན་པ་ཞིག་བྱ་རྒྱུ་གལ་གནད་ཆེ། དམག་དོན་གྱི་བྱ་བར་འཐུས་ཤོར་དང་འགལ་འཛོལ་ཆུང་ཆུང་བྱུང་ཡང་གནོད་པ་ཆེན་པོ་ཐེབས་ཐུབ། དམག་གི་རིམ་པ་ཚང་མར་ཁྲིམས་འགལ་བྱེད་མཁན་གང་འཚམ་རེ་འབྱུང་གི་འདུག་ཅེས་གནས་ཚུལ་སྤེལ།།

ཞིས་ཅིན་ཕིང་གིས་རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥུ་གཙོས་ལྐོག་ཟ་རུལ་སུངས་སུ་གྱུར་པའི་དམག་གི་འགོ་ཁྲིད་ཁག་ཅིག་གནས་དབྱུང་བཏང་ནས་ཁྲིམས་ལ་སྦྱར། ཐ་ན་དམག་དཔོན་ཁག་ཅིག་ལ་བཙོན་འཇུག་གི་ཉེས་ཆད་འཕོག་སྲིད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་གི་ལྡིང་དཔོན་གཞོན་པ་ཟུར་པ་ཡའོ་ཁྲེང་གིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་བཤད་པ་ལྟར་ན། དམག་གི་སྡེ་ཚན་ཁག་ཅིག་ལ་དངུལ་སྒོར་མེད་པ་དང་འགོ་ཁྲིད་ཚོར་དངུལ་སྒོར་དགོས་ཞེས་སྙན་ཞུ་ཕུལ་ཚེ། ཁོ་ཚོས་མཚོན་ཆ་དང་ཡོ་བྱད་ཉོ་སྒྲུབ་ཀྱི་དངུལ་སྒོར་ཁོངས་ནས་འགྲོ་གྲོན་གཏོང་དགོས་པ་རེད། མཚོན་ཆ་དང་དམག་དོན་ཡོ་བྱད་ཉོ་སྒྲུབ་ཀྱི་འགྲོ་གྲོན་འདང་ངེས་ཡོད་ཀྱང་དམིགས་སྒོ་གཞན་ལ་འགྲོ་གྲོན་བཏང་ན་འདང་གི་མི་འདུག ང་ཚོས་རྒྱ་ཁོག་ཟ་བའི་དུས་སུ་ང་རྟག་ཏུ་འབུད་སྣུམ་འཚོལ་དུ་ཕྱིན་མྱོང་། རྒྱ་ནག་གི་དམག་དཔུང་རུལ་སུངས་སུ་གྱུར་ཡོད་པའི་ཚད་གཞི་ནི་ས་གནས་སྲིད་གཞུང་ཁག་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པ་ལས་ཀྱང་ཚབས་ཆེ་བ་སྟེ། རྒྱ་ནག་གི་དབུས་དམག་དོན་གཙོ་འཛིན་གཞོན་པ་གོ་པོ་ཤུང་དང་ཤུའི་ཚེ་ཧུག་སོགས་ལ་ཞིབ་འཇུག་བྱ་དགོས་བྱུང་བ་རེད་ཅེས་བཤད་འདུག

རྒྱ་ནག་གི་དབུས་དམག་དོན་གཙོ་འཛིན་གཞོན་པ་གོ་པོ་ཤུང་དང་ཤུའི་ཚེ་ཧུག་
རྒྱ་ནག་གི་དབུས་དམག་དོན་གཙོ་འཛིན་གཞོན་པ་གོ་པོ་ཤུང་དང་ཤུའི་ཚེ་ཧུག་

རྒྱ་ནག་གི་དམག་དཔོན་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་ནས་ཞིས་ཅིན་ཕིང་གིས་དམག་དཔུང་དེང་རབས་ཅན་དུ་སྒྱུར་ཐབས་བྱེད་ཀྱི་ཡོད་པ་མ་གྲུབ། དེར་བརྟེན་རྒྱ་ནག་གི་མེ་ཤུགས་འཕུར་མདའི་དཔུང་སྡེའི་བཀོད་འདོམས་པ་ལི་ཡུའི་ཁྲའོ་འཕོ་འགྱུར་བཏང་བ་དང་དེའི་སྔོན་གྱི་བཀོད་འདོམས་པ་གཞོན་པ་ཟུར་པ་ཀྲང་ཀྲེན་ཀྲུང་་དང་ལིའུ་ཀྭང་པིན་གཉིས་ལ་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་མཚོ་དམག་གི་བཀོད་འདོམས་པ་ཟུར་པ་ཏུང་ཇུན་རྒྱལ་སྲུང་བློན་ཆེན་ལ་བསྐོས། ཕྱི་ཟླ་དང་པོའི་ཚེས་༥་ཉིན་རྒྱ་ནག་གི་བཅིངས་འགྲོལ་ཉིན་རེའི་ཚགས་པར་ལ་འཛིན་སྐྱོང་འཐུས་སྒོ་ཚང་བ་དང་འཐབ་འཁྲུག་གི་ནུས་པ་ལྡན་པ། ལྷག་པར་དུ་གཞི་རིམ་ནས་དམག་དོན་གྱི་བྱ་བར་འཐུས་ཤོར་དང་འགལ་འཛོལ་འབྱུང་དུ་འཇུག་མི་ཉན། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དམག་གི་སྒྲིག་ཁྲིམས་ལ་བརྩི་སྲུང་བྱེད་ཀྱི་ཡོད་ཀྱང་མི་ཁག་ཅིག་གིས་ཁྲིམས་འགལ་བྱ་རྒྱུར་འཛེམ་གྱི་མི་འདུག་ཅེས་ཆེད་བརྗོད་སྤེལ། ༢༠༢༣་གྱི་ལོ་དཀྱིལ་ཡས་མས་ནས་ཞིས་ཅིན་ཕིང་གིས་དམག་དཔོན་ཚོ་ལྐོག་ཟ་རུལ་སུངས་གྱུར་ཡོད་པར་ཞིབ་འཇུག་བྱ་རྒྱུ་མགོ་བརྩམས། ད་དུང་གནས་སྐབས་ཤིག་གི་རིང་རྒྱ་ནག་གི་དམག་དཔོན་ཚོར་ཞིབ་འཇུག་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་རྒྱུའི་རྟགས་མཚན་མེད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG