ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༢

རྒྱ་ནག་གི་དམག་མིས་འཕུར་མདེལ་ཁོག་ཏུ་སྣུམ་མ་བླུགས་པར་ཆུ་བླུགས།


China Parade
China Parade

༄༅།། རྒྱ་ནག་གི་ལྐོག་ཟ་རུལ་སུངས་སུ་གྱུར་པའི་དམག་དཔོན་ཚོས་འཕུར་མདེལ་གྱི་ཁོག་ཏུ་དགོས་ངེས་ཀྱི་སྣུམ་མ་བླུགས་པར་ཆུ་བླུགས་ནས་འཕུར་མདེལ་ཉོ་སྒྲུབ་བྱས་པའི་གསར་འགྱུར་ཐོན་འདུག ཕྱི་ཟླ་དང་པོའི་ཚེས་༨་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་ཨ་རིའི་གསང་བའི་མི་སྣ་ཚོ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་པ་ལྟར་ན། ཉེ་ཆར་ཞིས་ཅིན་ཕིང་གིས་དམག་དཔོན་མང་པོ་ཞིག་གནས་དབྱུང་བཏང་བ་ནི་རྒྱལ་སྲུང་བཟོ་ལས་ཚན་པ་ལྐོག་ཟ་རུལ་སུངས་ཚབས་ཆེན་དུ་གྱུར་ཡོད་པའི་རྐྱེན་གྱིས་ཡིན་ཞིང་། དམག་དཔོན་རྣམས་ལྐོག་ཟ་རུལ་སུངས་སུ་གྱུར་ནས་ཞིས་ཅིན་ཕིང་གིས་དམག་དཔུང་དེང་རབས་ཅན་དུ་བསྒྱུར་རྒྱུའི་ཧམ་སེམས་མ་གྲུབ། ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་ཞིས་ཅིན་ཕིང་གིས་ངར་སྐད་ཅི་ཙམ་བསྒྲགས་ཀྱང་རྒྱ་ནག་ལ་གནས་སྐབས་རིང་དམག་འཁྲུག་ཆེན་པོ་ཞིག་རྒྱག་ཐུབ་པའི་སྟོབས་ཤུགས་མེད་པ་ཚོད་དཔག་ཐུབ། ད་ལྟ་རྒྱ་ནག་གི་འཕུར་མདེལ་ཁོག་ཏུ་ཆུ་བླུགས་ཡོད་པ་གཅིག་པུས་ག་ལ་ཚད། རྒྱ་ནག་གི་འཕུར་མདེལ་འཇོག་ཡུལ་དོང་ཁང་ཁག་སྒོ་འབྱེད་ཐུབ་ཀྱི་མི་འདུག་ཅེས་བསྟན།།

ཉེ་དུས་ཤིག་ནས་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་གྲས་སུ་ཡོད་པའི་མཐོ་རིམ་དམག་དཔོན་༩་གནས་དབྱུང་བཏང་བཏང་བའི་གནས་ཚུལ་ཐོན། ཉམས་ཞིབ་པ་ཚོས་ཞིས་ཅིན་ཕིང་གིས་མི་དམངས་བཅིངས་འགྲོལ་དམག་གི་ནང་ཁུལ་སྐྲན་ནད་ལྟར་ལྐོག་ཟ་རུལ་སུངས་ཁྱབ་ཡོད་པ་རྩ་མེད་གཏོང་དགོས་ཞེས་བཀའ་ཕབ་པར་སྣང་། རྒྱ་ནག་གིས་ཨེ་ཤི་ཡའི་མངའ་ཁུལ་དུ་དམག་གི་སྟོབས་ཤུགས་རྒྱ་བསྐྱེད། ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བློ་འཚབ་ཆེ་རུ་འགྲོ་བཞིན་པའི་མཚམས་སུ་རྒྱ་ནག་གི་མེ་མདེལ་ཁོག་ཏུ་ཆུ་བླུགས་ཡོད་པ་དང་འཕུར་མདེལ་འཇོག་ཡུལ་དོང་ཁང་རྣམས་སྒོ་འབྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་ཕྱི་རུ་གྱར། ཞིས་ཅིན་ཕིང་གིས་དམག་དཔོན་ཁག་ཅིག་གནས་དབྱུང་བཏང་ནས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པ་ནི་དམག་གི་འཐབ་རྒོལ་ནུས་པ་ཆེ་རུ་གཏོང་ཐབས་ཤིག་རེད། རྒྱ་ནག་གི་མེ་ཤུགས་འཕུར་མདའ་དང་རྒྱལ་སྲུང་བཟོ་ལས་རྣམས་ལྐོག་ཟ་རུལ་སུངས་སུ་འགྱུར་རྒྱུ་ཚབས་ཆེ་དྲགས་ཏེ་གནས་སྐབས་རིང་དམག་རྒྱག་མི་ཐུབ་པར་གྱུར།།

ཞིས་ཅིན་ཕིང་གིས་༢༠༡༣་ནས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་རྒྱུ་མགོ་བརྩམས། ཡིན་ནའང་རྒྱ་ནག་གི་དམག་དཔུང་ལྐོག་ཟ་རུལ་སུངས་གྱུར་ཡོད་པ་གཙང་དག་བཟོ་མ་ཐུབ་པར་ལུས། ཉམས་ཞིབ་པ་ཕལ་ཆེ་བས་རྒྱ་ནག་གི་དམག་དཔུང་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པས་ཐེ་ཝན་ལ་བཙན་འཛུལ་བྱེད་ཐུབ་རྒྱུ་ཁག་པོ་རེད་ཟེར། ཨ་རིའི་དམག་དཔོན་ཁག་ཅིག་གིས་༢༠༢༧་ཡས་མས་སུ་རྒྱ་ནག་གིས་ཐེ་ཝན་ལ་དཔུང་འཇུག་བྱས་ནས་ཨ་རི་སོགས་ཀྱིས་ཐེ་ཝན་ལ་རྒྱབ་སྐྱོར་བྱས་ཏེ་དམག་འཁྲུག་ཆེན་པོ་ཞིག་ལང་རྒྱུའི་ཉེན་ཁ་འདུག་ཅེས་གྲོས་ཚོགས་ལ་སྙན་སེང་ཞུས། ཨ་མི་རི་ཀའི་ཚན་རིག་པའི་མནའ་འབྲེལ་མཐུན་ཚོགས་ཀྱི་ཉམས་ཞིབ་པ་མེ་ཊི་ཀོར་ཌ་དང་ཧན་སི་ཀེ་རི་སི་ཊན་སན་གཉིས་ཀྱིས་རྒྱ་ནག་གི་ནུབ་ཕྱོགས་འཕུར་མདེལ་དཔུང་སྡེ་ཞིན་ཅང་གི་ཧ་མཱི་དང་ཀན་སུའུ་ཞིང་ཆེན་གྱི་ཡུའི་མེན། ནང་སོག་གི་ཨོར་དྷོ་སི་བཅས་སུ་བཙུགས་འདུག་ཅེས་སྙན་ཐོ་བཏོན། བྷུ་ལུམ་བྷག་གསར་འགྱུར་ལས་ཁུངས་ཀྱིས་རྒྱ་ནག་གི་འཕུར་མདེལ་འཇོག་ཡུལ་དོང་ཁང་ཁག་གི་སྒོ་ཇི་ལྟར་འབྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་ཞིབ་ཕྲ་མ་བཀོད།།

ཕྱི་ཟླ་དང་པོའི་ཚེས་༧་ཉིན་ཚོང་ལས་ནང་ཚགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྔ་ལོའི་ཕྱི་ཟླ་༡༠་ནང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥུ་གནས་དབྱུང་བཏང་བ་ལྐོག་ཟ་རུལ་སུངས་ལ་འབྲེལ་བ་འདུག རྒྱ་ནག་གི་མེ་ཤུགས་འཕུར་མདའི་དམག་དཔུང་སྡེའི་ཁོངས་སུ་རྡུལ་ཕྲན་མཚོན་ཆའི་དཔུང་སྡེ་ཡང་ཚུད། ཞིས་ཅིན་ཕིང་གིས་དམག་དཔུང་དེང་རབས་ཅན་དུ་སྒྱུར་གྱི་ཡོད་པའི་གྲས་སུ་འཕུར་མདེལ་གྱི་དཔུང་སྡེ་གཙིགས་སུ་བཟུང་སྟེ་ རྒྱ་ནག་གི་འཕུར་མདེལ་དཔུང་སྡེའི་དམིགས་འབེན་དེ་ཐེ་ཝན་ལ་གཏད། ༢༠༢༡་ལོར་ཉམས་ཞིབ་པ་ཚོས་འཁོར་སྐར་གྱིས་བླངས་པའི་འདྲ་པར་ལ་བལྟས་ནས་རྒྱ་ནག་གིས་ཞིན་ཅང་གི་བྱེ་ཐང་ཞིག་ཏུ་རྡུལ་འཕྲན་འཕུར་མདེལ་འཇོག་ཡུལ་དོང་ཁང་བརྒྱ་ཕྲག་འགའ་ཞིག་འཛུགས་སྐྲུན་བྱས་འདུག རྒྱ་ནག་གིས་ཨ་རི་དང་ཨུ་རུ་སུ་ལས་རྡུལ་ཕྲན་མཚོན་ཆ་མང་བ་བཟོ་རྒྱུའི་རྣམ་པ་ཞིག་འདུག་ཅེས་བསྒྲགས། རྒྱ་ནག་གཞུང་གིས་གནས་དབྱུང་བཏང་བའི་དམག་དཔོན་དེ་དག་གི་གྲས་ཀྱི་དམག་དཔོན་༣་མེ་ཤུགས་འཕུར་མདའི་དཔུང་སྡེའི་དམག་དཔོན་རེད་ཅེས་གནས་ཚུལ་སྤེལ་འདུག

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥུ་
རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥུ་

ཕྱི་ཟླ་དང་པོའི་ཚེས་༥་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ན་ནིང་ཕྱི་ཟླ་༣་པ་ནས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ནང་ཁུལ་དུ་འཐབ་རྩོད་ཀྱི་རླུང་འཚུབ་ཅིག་ལྡང་། རྒྱ་ནག་གི་དམག་དཔོན་ཚོ་གཅིག་རྗེས་གཉིས་མཐུད་དུ་གར་སོང་ཆེ་མེད་དུ་ཕྱིན་པའམ། རྒྱལ་སྲུང་བློན་ཆེན་ཚུད་པའི་དམག་དཔོན་ཁག་ཅིག་ཟླ་ཤས་རྗེས་སུ་གོ་གནས་ཕབ། རྒྱ་ནག་གི་དམག་དཔོན་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་པའི་རྟགས་མཚན་ཞིག་དམག་དཔོན་ཁག་ཅིག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཁོངས་ནས་བསྐྲད། རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་དབང་ཆ་གང་ཡང་མེད་ཀྱང་རྩ་ཁྲིམས་ནང་དུ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཚོ་འཛིན་བཟུང་དང་ཉེས་བཙུགས་བྱས་ནས་ཁྲིམས་ལ་སྦྱོར་མི་ཆོག་ཅེས་འཁོད། སྔོན་ཆད་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་རྣམས་གློ་བུར་དུ་ཕྱིར་ཕུད་བྱས་ནས་ཉེས་ཁྲིམས་བཅད་མྱོང་ཡོད་པ་ཀུན་གྱིས་ཤེས་གསལ་རེད་ཅེས་གནས་ཚུལ་སྤེལ་འདུག

རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོའི་ཆབ་སྲིད་འཐབ་རྩོད་རྣམས་གསང་བ་ཡིན་པས་དམག་དཔོན་ཁག་ཅིག་གར་སོང་ཆེ་མེད་དུ་གྱུར་པ་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཁོངས་ནས་ཕྱིར་ཕུད་བྱས་པའི་རྒྱུ་རྐྱེན་ཅི་ཡིན་སོགས་ཕྱི་རུ་སྒྲོགས་སྲོལ་མེད། ཉམས་ཞིབ་པ་ཚོས་རྒྱ་ནག་གི་རྒྱལ་སྲུང་བཟོ་ལས་ལ་འབྲེལ་བ་ཡོད་པའི་དམག་དཔོན་ཚོས་མཚོན་ཆ་ཉོ་སྒྲུབ་བྱས་པའི་སྐབས་སུ་དངུལ་སྒོར་ལྐོག་ཟ་བྱས་ནས་མཚོན་ཆ་ཡག་པོ་མ་ཉོས། ཞིས་ཅིན་ཕིང་གིས་རྒྱ་ནག་གི་དམག་དཔུང་སྟོབས་ཤུགས་ཆེ་རུ་གཏོང་གི་ཡོད་པ་མངོན་དུ་མ་གྱུར་པར་དམག་དཔོན་རྣམས་གནས་དབྱུང་དང་འཛིན་བཟུང་། ཐ་ན་བཙོན་དུ་བཅུག ཞིས་ཅིན་ཕིང་གིས་ལོ་བཅུའི་གོང་དེར་སྲིད་དབང་བཟུང་མ་ཐག་ཏུ་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱས་ནས་མཐོ་རིམ་འགོ་ཁྲིད་མང་པོ་གནས་དབྱུང་བཏང་བ་སླར་ཡང་ལག་ལེན་བསྟར། སིངྒ་པུར་གྱི་ར་ཇ་རཏ་ནམ་རྒྱལ་སྤྱིའི་འབྲེལ་ལམ་སློབ་གླིང་གི་ཉམས་ཞིབ་པ་ཇེམ་སི་ཆར་གྱིས་རྒྱ་

སིངྒ་པུར་གྱི་ར་ཇ་རཏ་ནམ་རྒྱལ་སྤྱིའི་འབྲེལ་ལམ་སློབ་གླིང་གི་ཉམས་ཞིབ་པ་ཇེམ་སི་ཆར་
སིངྒ་པུར་གྱི་ར་ཇ་རཏ་ནམ་རྒྱལ་སྤྱིའི་འབྲེལ་ལམ་སློབ་གླིང་གི་ཉམས་ཞིབ་པ་ཇེམ་སི་ཆར་

དམག་གི་ལྐོག་ཟ་སུལ་སུངས་རྒྱུན་འབྱམས་སུ་ཕྱིན་ན་ནམ་ཡང་འཐབ་འཁྲུག་རྒྱག་ཐུབ་རྒྱུ་མ་རེད་ཅེས་བཀྲལ།།

རྒྱ་ནག་གཞུང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཁོངས་ནས་ཕྱིར་ཕུད་བྱས་པའི་དམག་དཔོན་༩་ནས་༥་མེ་ཤུགས་འཕུར་མདའི་དཔུང་སྡེའི་དམག་དཔོན་ཚོ་ཡིན་ཞིང་། ཁོ་ཚོའི་གྲས་ཀྱི་མངོན་གསལ་དོད་ཤོས་ནི་དམག་སྤྱི་ལི་ཡུའི་ཁྲའོ་ཡིན་པ་སྟེ། ན་ནིང་ཕྱི་ཟླ་༧་ནང་དམག་སྤྱི་ལི་ཡུའི་ཁྲའོ་དང་ཆབ་སྲིད་སློབ་སྟོན་པ་གཉིས་གློ་བུར་དུ་འཕོ་འགྱུར་བཏང་བར་མ་ཟད། དམག་སྤྱི་ལིའི་སྔོན་གྱི་དམག་དཔོན་དེ་དང་དམག་དཔོན་གཞོན་པ་གཉིས། དེ་བཞིན་རྒྱ་ནག་གི་དམག་དོན་ཡོ་བྱད་ཉོ་སྒྲུབ་དཔུང་སྡེའི་འགོ་ཁྲིད་ཞིག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཁོངས་ནས་ཕྱིར་ཕུད་བྱས་པའི་ཐོ་གཞུང་དུ་འདུས། དམག་དཔོན་གནས་དབྱུང་བཏང་བ་གཞན་པ་༣་མཚོན་ཆ་ཉོ་སྒྲུབ་ལས་ཁུངས་ཀྱི་ལས་སྣེ་ཚོ་ཡིན་འདུག དམག་དཔོན་༢་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ཡོ་བྱད་བཟོ་སྐྲུན་ཁང་གི་འགོ་ཁྲིད་དང་དམག་དཔོན་གཞན་པ་ཞིག་རྒྱ་ནག་གི་མཚོ་དམག་གི་དམག་དཔོན་ཞིག་ཡིན་འདུག མི་དེ་ཕྱིས་སུ་མཚོ་དམག་གི་བཀོད་འདོམས་པར་བསྐོས། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཁོངས་ནས་ཕྱིར་ཕུད་བྱས་པའི་དམག་དཔོན་གཅིག་ནི་རྒྱ་ནག་གི་གནམ་དམག་བཀོད་འདོམས་པ་ཟུར་པ་ཞིག་ཡིན་པའི་གནས་ཚུལ་ཐོན་འདུག

སིངྒ་པུར་གྱི་ར་ཇ་རཏ་ནམ་རྒྱལ་སྤྱིའི་འབྲེལ་ལམ་སློབ་གླིང་གི་ཉམས་ཞིབ་པ་ཇེམ་སི་ཆར་གྱིས་ང་ཚོས་རྒྱ་ནག་གི་དམག་དཔོན་༩་ཐོ་གཞུང་གཅིག་ཏུ་འདུས་ཡོད་པར་བལྟས་ཚེ། རྒྱ་ནག་གི་དམག་དཔུང་ལྐོག་ཟ་རུལ་སུངས་སུ་གྱུར་པའི་ཉེན་ཚབས་ཅི་ཙམ་ཆེ་མིན་ཤེས་ཐུབ། ༢༠༡༦་ནས་རྒྱ་གཞུང་གིས་ཨ་སྒོར་དུང་ཕྱུར་མང་པོ་འགྲོ་གྲོན་བཏང་ནས་མེ་ཤུགས་འཕུར་མདའི་དཔུང་སྡེ་ཡར་རྒྱས་བཏང་བ་རེད། རྒྱ་ནག་གི་མེ་ཤུགས་འཕུར་མདའི་དཔུང་སྡེ་རྒྱ་སྐྱེད་གཏོང་རྒྱུ་ཤུགས་ཆེ་རུ་བཏང་སྟེ་འགྲོ་གྲོན་ཡང་ཕངས་མེད་བཏང་ཡོད་པ་བརྗོད་ཅི་དགོས་ཞེས་སྨྲས། ཨ་རིའི་ཞི་བདེ་རྒྱ་མཚོའི་མཚོ་དམག་གི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་ཁརླ་ཤུ་སི་ཊར་ནས་ཞིས་ཅིན་ཕིང་ལ་མི་འཇོན་ཐང་ཅན་དང་བློ་ཁེལ་བ་རྣམས་དགོས་ཀྱི་ཡོད་པ་རེད། ཁོ་པས་རྒྱ་ནག་གི་འཕུར་མདའི་དཔུང་སྡེ་ཡར་རྒྱས་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྐོག་ཟ་རུལ་སུངས་སུ་གྱུར་པའི་དམག་དཔོན་རྣམས་རྩ་མེད་གཏོང་ཐབས་བྱེད་ཀྱི་འདུག ཞིས་ཅིན་ཕིང་གི་སྲིད་དབང་སྲ་བརྟན་ཐུབ་པར་དམག་གི་ནང་དུ་བློ་ཁེལ་བ་རྣམས་དགོས་ཀྱི་ཡོད་པ་རེད་ཅེས་བཤད་འདུག

གླེང་སྟེགས།

XS
SM
MD
LG