ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གིས་ཕྱི་རྒྱལ་དུ་གནས་འཁོད་ཡུ་གུར་བ་རྣམས་ཀྱི་ཁ་འགོག་ཐབས། 


ཊིར་ཀིའི་ནང་ཡུ་གུར་བ་ཞིག་གིས་རྒྱ་ནག་ལ་ངོ་རྒོལ།
ཊིར་ཀིའི་ནང་ཡུ་གུར་བ་ཞིག་གིས་རྒྱ་ནག་ལ་ངོ་རྒོལ།

༄༅།། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་དམ་དྲག་དང་ལྟ་རྟོག་བྱེད་ཀྱི་ཡོད་པ་ནི་པེ་ཅིང་གི་དབང་སྒྱུར་འོག་ཏུ་ཚུད་པའི་ས་གནས་དེ་གཅིག་པུ་མིན་ཞིང་། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བྲོས་བྲོལ་དུ་འབྱོར་བའི་ཞིན་ཅང་གི་ཡུ་གུར་བ་ཚོ་ལའང་ཐབས་བརྒྱ་ཇུས་སྟོང་གིས་ཁ་འགོག་ཐབས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག དེང་སྐབས་ཡུ་རོབ་རྒྱལ་ཁབ་སུད་ཌན་ལ་སྐྱབས་བཅོལ་དུ་འབྱོར་བའི་ཡུ་གུར་བའི་བུད་མེད་ཨེ་ལི་མ་ཞེས་པ་ཞིག་གིས་གསར་འགོད་པར་བཤད་པ་ལྟར་ན། ཁོ་མོས་ཊོས་ཊར་དྲྭ་ལམ་དུ་གནས་ཚུལ་ཅི་ཞིག་སྤེལ་གྱི་ཡོད་པ་དེ་དག་ལ་རྒྱ་ནག་གཞུང་གིས་ལྟ་རྟོག་བྱས་ནས་ཞིན་ཅང་དུ་ལུས་ཡོད་པའི་ཕ་མ་དང་སྤུན་མཆེད་སོགས་ལ་འཇིགས་སྐུལ་བྱས་ནས་གནོན་ཤུགས་སྤྲོད་ཀྱི་འདུག ངས་དྲྭ་ལམ་དུ་རང་གི་གཉེན་ཚན་རྣམས་བཀག་ཉར་ཁང་དུ་ཚུད་པའི་གནས་སྟངས་རྣམས་གླེང་སློང་བྱས་ནས་དྲྭ་ལམ་དུ་རྩོམ་ཡིག་འབྲི་བཞིན་པ་མཚམས་འཇོག་བྱེད་དུ་འཇུག་དགོས་ཞེས་ཕ་མ་སོགས་ལ་བཙན་བཀའ་གཏོང་གི་ཡོད་པའི་གནས་ཚུལ་རྣམས་གསར་འགོད་པར་མཁོ་སྤྲོད་བྱས་ཤིང་། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཉིས་མ་ཟིན་པ་ཞིག་བཀག་ཉར་བྱེད་ཡོད་པའི་གནས་ཚུལ་རྣམས་ཕྱི་ལ་ཁྱབ་དུ་འཇུག་གི་མེད་ཀྱང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་ཡུ་གུར་བ་ཚོས་རང་གི་ཕ་ཡུལ་དུ་ཅི་ཞིག་འབྱུང་གི་ཡོད་པའི་གནས་ཚུལ་རྣམས་དུས་ཐོག་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་རེད།།

ཡུ་གུར་བ་བཀག་སྐྱིལ་བྱེད་ས་ཞིག
ཡུ་གུར་བ་བཀག་སྐྱིལ་བྱེད་ས་ཞིག

དེང་སྐབས་ཡུ་རོབ་རྒྱལ་ཁབ་སུད་ཌན་ལ་སྐྱབས་བཅོལ་དུ་འབྱོར་བའི་ཡུ་གུར་བའི་བུད་མེད་ཨེ་ལི་མ་ཞེས་པ་ཞིག་གིས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ད་ལོའི་ཕྱི་ཟླ་༩་པའི་ཚེས་༤་ཉིན་ཁོ་མོའི་སྲུ་མོ་ཡ་ཁུ་ཧྥུ་རྒྱ་ནག་གཞུང་གིས་ལོ་༡་དང་ཟླ་བ་༤་ལ་བཀག་ཉར་ཁང་དུ་བཅུག་ནས་གློད་གྲོལ་བཏང་སོང་། ཉིན་དེར་ལོ་ན་༤༣་ལ་སོན་པའི་སྲུ་མོ་ཡ་ཁུ་ཧྥུ་རང་ཁྱིམ་དུ་ཕྱིར་ལོག་ཐུབ་པ་དང་ཕྲུ་གུ་གསུམ་ལ་ངོ་ཐུག་པའི་ཉིན་མོ་ཞིག་ཡིན་པས་ང་ལ་མཚོན་ན་ཉིན་མོ་དེ་བཀྲ་ཤིས་པའི་དུས་སྐབས་ཤིག་ཡིན། དགོང་མོ་དེར་སྲུ་མོ་ཡ་ཁུ་ཧྥུས་ང་ལ་བརྙན་ལམ་གྱི་ཁ་པར་ཞིག་གཏོང་ཐུབ་སོང་། ཐོག་མར་ངས་རང་གི་སྲུ་མོ་ཡིན་པ་ངོ་ཤེས་མ་སོང་། སྲུ་མོ་ནི་གདོང་པ་སྐྱ་ཐལ་དང་ལུས་སྟོབས་ཉམས་པ། མགོ་སྐྲ་ཐུང་ཐུང་དང་འཇིགས་སྣང་གིས་མནར་ཏེ་ཁ་གྲག་མི་ཐུབ་པ། ང་ལ་སྐད་ཆ་ཡང་བཤད་མི་ཕོད་པའི་གནས་སྟངས་ཤིག་གི་འོག་ཏུ་ལྷུང་འདུག དེ་ནས་ངས་འཕྲལ་དུ་ཨོ་གླིང་རྒྱལ་ཁབ་ལ་བཙན་བྱོལ་དུ་འབྱོར་ཡོད་པའི་སྲུ་མོ་ཡ་ཁུ་ཧྥུའི་ཕ་མ་གཉིས་དང་སྲིང་མོ་བཅས་ལ་གཏམ་བཟང་གི་གནས་ཚུལ་དེ་བཤད་པ་ཡིན་ཞེས་བཤད། ཡ་ཁུ་ཧྥུའི་སྲིང་མོ་ཡ་ཀུབ་ས་ལེས་ཀྱང་གསར་འགོད་པར་ངས་ཡུན་རིང་ཞིག་གི་རྗེས་སུ་གཅེན་མོའི་སྐད་ངག་ཐོས་པར་སེམས་ལ་བརྗོད་མི་ཤེས་པའི་དགའ་ཚོར་ཞིག་བྱུང་སོང་། སྐབས་དེར་ངའི་སྙིང་ཆུང་གཡུགས་དྲགས་ཏེ་བཀད་གྲབས་སུ་གྱུར་པ་བརྗེད་ཀྱི་མི་འདུག་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ།།

ཡུ་གུར་བའི་བུད་མེད་ཡ་ཁུ་ཧྥུ་ནི་ལོ་གཅིག་དང་ཕྱེད་ཀ་མ་ཟིན་ཙམ་ལ་རྒྱ་ནག་གཞུང་གིས་དབྱི་ནིང་བཀག་ཉར་ཁག་ཏུ་བཅུག་པ་དང་དེའི་སྔོན་ལ་ཁོ་མོ་ཟླ་བ་བཅུའི་རིང་དུ་བཀག་ཉར་ཁང་གཞན་ཞིག་ཏུ་བཅུག ཁོ་མོའི་ནག་ཉེས་ནི་རང་གིས་དཀའ་ལས་བརྒྱབ་སྟེ་བསགས་པའི་དངུལ་སྒོར་རྣམས་ཨོ་གླིང་རྒྱལ་ཁབ་ཏུ་གནས་འཁོད་ཕ་མ་ཚོར་བསྐུར་ནས་ཁང་པ་ཞིག་ཉོ་རོགས་བྱས་པ་ཁོ་ན་ཡིན་ཞིང་། རྒྱ་ནག་གཞུང་གིས་ནག་ཉེས་ཡོད་མེད་ལ་མ་བལྟས་པར་ཡ་ཁུ་ཧྥུ་ལྟ་བུའི་ཡུ་གུར་བ་འབུམ་ཕྲག་མང་པོ་བཀག་ཉར་ཁང་འདྲ་མིན་གྱི་ནང་དུ་བཙོན་འཇུག་བྱས་ཡོད་པ་སྟེ། ༢༠༡༧་ལོར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཚོད་དཔག་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་ཡུ་གུར་བ་དང་ཧ་ས་ཁ་བ། ཀིར་ཀི་བ་སོགས་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་གཉིས་ཡས་མས་ཤིག་བཀག་ཉར་ཁང་དེ་དག་གི་ནང་དུ་བཙོན་འཇུག་བྱེད་ཡོད་ཅིང་། རྒྱ་ནག་གཞུང་གིས་བཀག་ཉར་ཁང་དེ་རྣམས་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ཀྱི་ཤན་ཞུགས་ངན་པ་ཐེབས་ཏེ་ལམ་ལོག་འཕྱན་པ་ཚོར་བསམ་བློའི་སློབ་གསོ་གཏོང་ས་དང་ལག་ཤེས་སློབ་སྦྱོང་། སྐད་ཡིག་དང་ལག་རྩལ་གསར་པའི་སྦྱོང་བརྡར་སྤྲོད་སའི་སློབ་གྲྭ་ཡིན་ཟེར། རྒྱ་ནག་གཞུང་གིས་ཡུ་གུར་བའི་སྐྱེས་པ་ཚོས་རྒྱ་མ་བཞར་པར་ཁ་སྤུ་རིང་པོ་བཞག་པ་དང་བུད་མེད་ཚོས་མགོ་རས་དཀྲིས་པ་དང་གདོང་ཁེབས་བརྒྱབ་ཀྱང་མཐའ་ལྷུང་རིང་ལུགས་དང་ཁ་བྲལ་རིང་ལུགས་ཀྱི་མཚོན་རྟགས་སུ་བརྩིས་ནས་བཙོན་འཇུག་བྱེད་ཀྱི་ཡོད་པ་རེད།།

ཡུ་གུར་བའི་བུད་མེད་ཨེ་ལི་མས་གསར་འགོད་པར་མུ་མཐུད་དུ་བརྗོད་དོན། ངའི་སྲུ་མོ་ཡ་ཁུ་ཧྥུ་གློད་གྲོལ་བཏང་སྟེ་ཉིན་གཅིག་གི་རྗེས་སུ་སླར་ཡང་འཛིན་བཟུང་བྱས་སོང་། ཁོ་མོ་འཛིན་བཟུང་ཐེངས་གཉིས་པ་བྱས་པའི་སྐབས་སུ་དབྱི་ནིང་མི་དམངས་སྨན་ཁང་དུ་ཁྲིད་འདུག ཁོ་མོ་སྨན་ཁང་དུ་ཁྲིད་དགོས་པའི་རྒྱུ་རྐྱེན་ཅི་ཡིན་འགྲེལ་བཤད་བརྒྱབ་མི་འདུག ཡིན་ནའང་རྒྱ་ནག་གཞུང་གིས་ང་ལ་ཁ་བཙུམས་ནས་སྡོད། ཊོས་ཊར་དྲྭ་ལམ་སོགས་ལ་དཀྲོག་གཏམ་སྒྲོགས་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་པའི་མངགས་བཀོད་བྱོས་ཞེས་ངའི་ཕ་མ་ཚོར་བཙན་བཀའ་བཏང་འདུག་ཅེས་བཤད། ཨེ་ལི་མས་ཞིན་ཅང་ནས་དབྱིན་ལེ་༣༠༠༠་ལྷག་ཡོད་པའི་ཡུ་རོབ་རྒྱལ་ཁབ་སུད་ཌན་གྱི་ས་ཐོག་ཏུ་རང་གི་སྲུ་མོ་དང་སྤུན་ཉེ་སོགས་ཀྱིས་སྐྱིད་སྡུག་ཅི་ཞིག་མྱོང་གི་ཡོད་པ་རྣམས་འཛམ་གླིང་ཡོངས་ལ་དྲིལ་བསྒྲགས་བྱ་རྒྱུ་མཚམས་འཇོག་མ་བྱས་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་གསར་འགོད་པ། ཡུ་རོབ་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་ཞུ་གཏུག རྒྱ་ནག་གི་བཙན་གནོན་མྱོང་བ་དང་གཏམ་བརྗོད་རང་དབང་མེད་པའི་ཞིན་ཅང་གི་ཡུ་གུར་བ་དེ་དག་གི་མགྲིན་ཚབ་པ་ལྟར་གཏམ་བཤད་དང་གསར་འགྱུར་འགྲེམ་སྤེལ་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་བཏང་འདུག ཁོ་མོ་ལོ་བཅུའི་གོང་དུ་ཞིན་ཅང་ནས་ཡུ་རོབ་རྒྱལ་ཁབ་སུད་ཌན་ལ་སློབ་སྦྱོང་དུ་འབྱོར། ད་ལྟ་ཁོ་མོ་སུད་ཌན་གྱི་སྤྱི་དམངས་སུ་གྱུར་ནས་གཞི་གྲངས་ཉམས་ཞིབ་ཀྱི་ཆེད་ལས་ཞིག་གཉེར་གྱི་ཡོད་པར་མ་ཟད། ཁོ་མོའི་ཐེངས་དང་པོར་ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་ཞིན་ཅང་གི་ཡུ་གུར་བའི་བདེ་སྡུག་རྣམས་ཡོངས་གྲགས་སུ་བཤད་ཡོད་པ་རེད།།

འདས་པའི་ལོ་གཉིས་ཡས་མས་ཤིག་གི་རིང་དེར་རྒྱ་ནག་གིས་ཨེ་ལི་མའི་ཊོས་ཊར་དྲྭ་ལམ་གྱི་རྩོམ་ཡིག་དང་འཕྲིན་ཐུང་ཁག་ལ་ལྟ་རྟོག རྒྱ་གཞུང་གི་ཉེན་རྟོག་པ་ཚོས་ཞིན་ཅང་དུ་ལུས་ཡོད་པའི་ཨེ་ལི་མའི་ཕ་མ་གཉིས་ལ་འདྲི་གཅོད་དང་འཇིགས་སྐུལ་ལན་མང་བྱས་པའི་གནས་ཚུལ་བྱུང་ཞིང་། ཡིན་ནའང་ཨེ་ལི་མས་རང་གི་ཕ་མ་དང་ཡུ་གུར་བ་ས་ཡ་མང་པོས་དཀའ་སྡུག་གཅིག་མཚུངས་ཤིག་མྱོང་གི་ཡོད་པ་རྒྱལ་སྤྱིའི་ཐོག་ཏུ་མ་སྒྲོགས་པར་ཐབས་ལམ་གཞན་པ་མི་འདུག དཔེར་ན་ངས་རང་གི་སྲུ་མོ་བཙོན་ཁང་ནས་གློད་བཀྲོལ་བཏང་བར་དགའ་ཚོར་བྱུང་སོང་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་བ་ཡིན། ཕྱི་ཉིན་དེར་སྲུ་མོ་སླར་ཡང་སྨན་ཁང་དུ་བཙན་ཁྲིད་བྱས་པ་རེད། རྒྱ་ནག་གཞུང་གིས་ངའི་གཏམ་བརྗོད་རང་དབང་བཀག་ནས་འཕྲིན་ཐུང་གི་བརྗོད་བྱ་ཁག་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པ་རེད། ངའི་སྲུ་མོར་ད་དུང་ཡང་རང་དབང་ཐོབ་མེད་པར་ང་ལ་བློ་འཚབ་ཆེན་པོ་ཡོད་ཅེས་བཤད། ཞིན་ཅང་དུ་གནས་འཁོད་ཨེ་ལི་མའི་ཨ་མ་གཉིས་ཀྱིས་རང་གི་བུ་མོར་དྲྭ་ལམ་དུ་འཕྲིན་ཐུང་འདྲ་མིན་སྤེལ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་སླར་ཡང་ཁ་ཏ་བྱས་འདུག ཨེ་ལི་མའི་སྲུ་མོ་སྨན་ཁང་ལ་བཙན་ཁྲིད་བྱས་ནས་ཡུན་རིང་ཞིག་ལ་གང་དུ་ཡོད་མེད་དང་ཅི་ཞིག་བྱུང་ཡོད་མེད་ཤེས་རྟོགས་མི་ཐུབ་པ། ཁོ་མོར་ཐུག་འཕྲད་བྱེད་མི་ཆོག་པ་དང་ཁ་པར་གཏོང་ཆོག་གི་མེད་པས་ཨེ་ལི་མས་རང་གི་ཕ་མའི་མངགས་བཀོད་ལ་མཉན་ནས་ཟླ་བ་ཕྱེད་ཀ་ལྷག་གི་རིང་དུ་ཊོས་ཊར་དྲྭ་ལམ་དུ་ཅི་ཡང་མ་བྲིས་པར་ཁ་བཙུམས་ནས་བསྡད་པ་ཡིན། ངའི་སྲུ་མོའི་བུ་ཕྲུག་ཚོས་ཀྱང་ང་ལ་དྲྭ་ལམ་དུ་འཕྲིན་ཐུང་གཅིག་ཀྱང་མ་སྤེལ་ན་ལེགས་ཞེས་ཞུ་བ་འཐེན་གྱི་འདུག གལ་སྲིད་རྒྱ་ནག་གཞུང་གིས་ང་ལ་སྙིང་ནད་རྩོད་རྒྱུ་ཡོད་ན་ང་ཡོད་སར་ཐད་ཀར་ཤོག ངས་རྒྱ་ནག་གཞུང་ལ་སྐད་ཆ་བཤད་ཆོག ངའི་ཕ་མ་དང་སྤུན་མཆེད་སོགས་གཉའ་གནོན་དང་བཙན་དྲག་བཀོལ་ནས་གནོན་ཤུགས་སྤྲོད་དགོས་པ་ཅི་ཡིན། རྒྱ་ནག་གཞུང་གིས་ངའི་ཕ་མ་དང་སྤུན་མཆེད་སོགས་ལ་ཐུབ་ཚོད་བྱེད་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་དྲྭ་ལམ་དུ་གནས་ཚུལ་སྤེལ།།

ཨེ་ལི་མས་འཕྲིན་ཐུང་དེ་སྤེལ་ནས་སྐར་མ་༣༠་ཐམ་པའི་རྗེས་སུ་རྒྱ་གཞུང་གི་ཉེན་རྟོག་པ་ཚོས་ཕ་མ་གཉིས་ལ་ལྟོས་ཤིག ཁྱོད་ཚོའི་བུ་མོ་ཁ་བཙུམས་ནས་མ་བསྡད་པར་སླར་ཡང་དྲྭ་ལམ་དུ་རྒྱ་ནག་དམར་ཤོག་ཚོགས་པར་ངན་བཤད་བྱས་ནས་དཀྲོག་གཏམ་སྒྲོགས་ཀྱི་འདུག ཁོ་མོའི་རྒྱ་ནག་གཞུང་ལ་མིང་ཤས་ཧ་ཅང་ངན་པ་ཞིག་བཟོ་ཡི་འདུག ཁྱོད་ཚོས་རང་གི་བུ་མོར་ཁ་ཏ་བྱས་ནས་དཀྲོག་གཏམ་སྒྲོགས་རྒྱུ་མཚམས་འཇོག་བྱེད་དུ་ཆུགས་ཞེས་ཕ་མ་གཉིས་ལ་གནོན་ཤུགས་སྤྲད་འདུག་ཅེས་བཤད། དབྱིན་ཇིའི་ནོ་ཊིང་ཧམ་སློབ་གྲྭ་ཆེན་མོའི་ཡུ་གུར་བའི་ལོ་རྒྱུས་ཉམས་ཞིབ་པ་རེན་ཐུམ་གྱིས་རྒྱ་ནག་གཞུང་གིས་ཕ་མ་དང་སྤུན་མཆེད་སོགས་ལ་གནོན་ཤུགས་སྤྲད་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་ཡུ་གུར་བ་ཚོ་ཁ་འགོག་ཐབས་ཀྱི་སྲིད་ཇུས་གསར་པ་ཞིག་ལག་ལེན་བསྟར་གྱི་འདུག རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་ཚུལ་སྤེལ་གྱི་ཡོད་པར་དོ་སྣང་བྱེད་སྟངས་ལ་གཞིགས་ཚེ། རྒྱལ་སྤྱིའི་ཐོག་ཏུ་ཞིན་ཅང་གི་ཡུ་གུར་བ་རྣམས་བཀག་ཉར་ཁང་དུ་བཙོན་འཇུག་བྱེད་ཀྱི་ཡོད་པ་དང་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་ཡོད་པའི་གླེང་སློང་ཤུགས་ཆེན་འབྱུང་བཞིན་པ་དེས་རྒྱ་ནག་གཞུང་ལ་གནོད་ཀྱི་ཡོད་པའི་རྟགས་མཚན་རེད་ཅེས་བཤད། རྒྱ་ནག་གཞུང་གིས་ཨེ་ལི་མའི་ཕ་མ་སོགས་སྐྱིད་པོ་ཡོད་པའི་འདྲ་པར་རྣམས་གཞུང་འབྲེལ་གྱི་གསར་འགྱུར་ལས་ཁང་ཁག་ལ་འགྲེམ་སྤེལ་བྱེད་དུ་བཅུག ཨེ་ལི་མས་ངའི་ཕ་མ་སོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་རོལ་བཞིན་ཡོད་ཟེར་བ་ནི་གཡོ་གཏམ་རེད། གལ་སྲིད་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རྣམས་བདེན་པ་ཡིན་ན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་ཡུ་གུར་བ་སྟོང་ཕྲག་མང་པོས་རང་གི་ཕ་མ་དང་སྤུན་མཆེད་རྣམས་རྩད་གཅོད་བྱེད་དགོས་དོན་མེད་ཅེས་དགག་པ་བརྒྱབ་འདུག

XS
SM
MD
LG