ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གིས་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་དགྲར་འཛིན། 


རྒྱ་ནག་ཕྱི་སྲིད་ལས་ཁང་གི་མདུན་དུ།
རྒྱ་ནག་ཕྱི་སྲིད་ལས་ཁང་གི་མདུན་དུ།

༄༅།། ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་རྒྱ་ནག་གི་ས་ཐོག་ཏུ་བཀག་འགོག་མེད་པ་དང་རང་དབང་གི་སྒོ་ནས་གསར་འགྱུར་འགོད་རྒྱུ་ནི་ཧ་ཅང་གི་དཀའ་ངལ་ཆེ་བའི་ལས་དོན་ཞིག་ཡིན་ཞིང་། རྒྱ་ནག་གཞུང་གིས་ཀྱང་ཕྱི་རྒྱལ་གྱི་གསར་འགོད་པར་དོགས་ཟོན་བྱ་རྒྱུ་དང་རྒྱལ་ནང་གི་གནས་ཚུལ་ངོ་མ་རྣམས་ཕྱི་ལ་ཁྱབ་ཏུ་འཇུག་འདོད་མེད་པ་གཅིག་མཚུངས་སུ་གྱུར། ད་ལྟ་རྒྱ་ནག་གཞུང་གིས་རང་ལ་འབྲེལ་བ་བཟང་པོ་མེད་པ་དང་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་མེད་པ། རྒྱལ་སྤྱིའི་སྤྱི་ཚོགས་སུ་རྒྱ་ནག་གི་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་འཛིན་པའི་རྒྱལ་ཁབ་ཁག་གི་གསར་འགོད་པ་ཚོར་རྒྱ་ནག་གི་ཉེན་རྟོག་པ་དང་གསང་བའི་ལས་ཁུངས་ཀྱི་ལས་བྱེད་པ་ཚོས་སུན་གཙེར་དང་འཇིགས་སྐུལ། ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་རྡུང་རྡེག་གཏོང་བ་དང་བཙན་ཁྲིད། ཡང་ན་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་རྒྱ་ནག་ནས་ཕྱིར་ཕུད་བཏང་སྟེ་འབྲེལ་ཡོད་རྒྱལ་ཁབ་དེ་དག་གི་སྲིད་གཞུང་ལ་དགྲ་ལན་སློག་རྒྱུའི་སྲིད་ཇུས་གསར་པ་ཞིག་ལག་ལེན་བསྟར་རྒྱུ་འགོ་ཚུགས་འདུག བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་མཚན་དཀྱིལ་དེར་པེ་ཅིང་དུ་བཅའ་སྡོད་ཨོ་གླིང་རྒྱལ་ཁབ་ཀྱི་གསར་འགོད་པ་བྷིལ་བྷར་ཊིལ་སི་དང་ཧྲང་ཧེ་གྲོང་ཁྱེར་དུ་བཅའ་སྡོད་མེཀ་སི་མཱི་ཐེ་གཉིས་ལ་དུས་གཅིག་ཏུ་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་ལས་བྱེད་པ་སྐོར་ཚོགས་ཤིག་གིས་སྒོ་བརྡུངས། ཁོ་ཚོར་རྒྱལ་ཁབ་ཀྱི་བདེ་འཇགས་གནད་དོན་ཐོག་ཏུ་འདྲི་རྩད་བྱ་རྒྱུ་ཡོད། གལ་སྲིད་ཁོ་ཚོ་རང་ཡུལ་ལ་ཕྱིར་ལོག་བྱ་རྩིས་ཡོད་ན་རྒྱ་ནག་ནས་ཕྱི་ལ་འཐོན་མི་ཆོག་པའི་ཐོ་གཞུང་དུ་བཀོད་ཡོད་ཅེས་བརྡ་བརྒྱབ། དེར་བརྟེན་ཨོ་གླིང་གཞུང་གིས་འཕྲལ་དུ་རང་གི་གསར་འགོད་པ་གཉིས་རྒྱ་ནག་ནས་རང་ཡུལ་ལ་ཕྱིར་ལོག་བྱ་དགོས། ཁོ་ཚོ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱ་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཅེས་གསང་བརྡ་བཏང་ནས་སྐྱོབ་ལེན་བྱས་ཤིང་། ཁ་སང་གཟའ་མིག་དམར་ཉིན་ཨོ་གླིང་རྒྱལ་ཁབ་ཀྱི་གསར་འགོད་པ་ཟུང་རང་ཡུལ་ལ་བདེ་འབྱོར་བྱུང་རུང་དེའི་སྔོན་དེར་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་སུ་གྱུར་པའི་གསར་འགོད་པ་ཁྲེང་ལེ་ཞེས་པ་ཞིག་རྒྱ་ནག་གཞུང་གིས་བཀག་ཉར་བྱས་ནས་གློད་གྲོལ་བཏང་མེད་པ་རེད།།

ཨོ་གླིང་གི་གསར་འགོད་པ་སི་མེ་ཐི་ཕྱི་ཚེས་༨ ཉིན་ཕྱིར་ཨོ་གླིང་དུ་སླེབས་པ།(Mike Smith)
ཨོ་གླིང་གི་གསར་འགོད་པ་སི་མེ་ཐི་ཕྱི་ཚེས་༨ ཉིན་ཕྱིར་ཨོ་གླིང་དུ་སླེབས་པ།(Mike Smith)

རྒྱ་ནག་གཞུང་གིས་ཨོ་གླིང་རྒྱལ་ཁབ་ཀྱི་གསར་འགོད་པ་བྷར་ཊིལ་སི་དང་སི་མཱི་ཐེ། ཁྲེང་ལེ་བཅས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་གནད་དོན་ཐོག་ཏུ་འདྲི་རྩད་བྱ་རྒྱུ་ཡོད་ཅེས་སུན་གཙེར་དང་འཇིགས་སྐུལ་བྱེད་ཀྱི་ཡོད་པར་མ་ཟད། དེང་སྐབས་རྒྱ་ནག་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་རྡུང་རྡེག་གཏོང་བ་དང་བཀག་ཉར་བྱེད་པ། ཁོ་ཚོ་བཙན་ཁྲིད་བྱེད་ཀྱི་ཡོད་པ་དེ་ལ་བལྟས་ན་རྒྱ་ནག་གཞུང་གིས་ཡིག་ཐོག་ཏུ་མ་བཀོད་པར་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་ཆེད་ལས་སྒྲུབ་ཆོག་པའི་ཐོབ་ཐང་ཡོད་པར་བརྩི་འཇོག་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཡོད་པའང་བརྩི་མེད་གཏོང་རྒྱུའི་རྟགས་སུ་མངོན། ཞིས་ཅིན་ཕིང་གིས་སླར་ཡང་རྒྱ་ནག་མའོ་ཙེ་ཏུང་གི་དབང་སྒྱུར་དུས་སྐབས་ཀྱི་མུན་ནག་གི་བསྐལ་བ་དེར་ཁ་ལོ་སྒྱུར་གྱི་ཡོད་པས་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་རྒྱ་ནག་གི་ས་ཐོག་ཏུ་གཏན་ནས་འཇོག་འདོད་མེད་པར་གྱུར། རྒྱ་ནག་ཏུ་བཅའ་སྡོད་ཕྱི་རྒྱལ་གྱི་གསར་འགོད་པའི་མཐུན་ཚོགས་ཀྱིས་རྒྱལ་ཁབ་མང་དག་ཅིག་གིས་རང་གི་གསར་འགོད་པ་ཚོར་བདེ་འཇགས་དང་འདོད་པ་མེད་པར་པེ་ཅིང་དང་ཧྲང་ཧེ། རྒྱ་ནག་གི་གྲོང་ཁྱེར་གཞན་ཁག་ཏུ་བཞག་སྟེ་ཆེད་ལས་རྒྱུན་འཁྱོངས་བྱེད་དུ་འཇུག་གི་ཡོད་པ་ནི་ཉེན་ཁ་ཆེན་པོ་ཞིག་རེད། རྒྱ་ནག་གཞུང་གིས་གསར་འགོད་པའི་རང་དབང་ལ་ནམ་ཡང་བརྩི་འཇོག་བྱེད་མི་སྲིད་ཅེས་གསལ་བསྒྲགས་སྤེལ། བདུན་ཕྲག་གཉིས་ཀྱི་སྔོན་དེར་རྒྱ་ནག་གཞུང་གིས་ཨ་རིའི་ལོ་སི་ཨན་ཇཱི་ལི་སི་དུས་བབ་ཚགས་པར་གྱི་གསར་འགོད་པ་ཞིག་དྲག་རྩུབ་ཀྱི་སྒོ་ནས་ནང་སོག་ཏུ་བཀག་ཉར་བྱས་ནས་འདྲི་གཅོད་བྱས་འདུག ཨ་རིའི་གསར་འགོད་པ་དེས་རྒྱ་ནག་གཞུང་གིས་ནང་སོག་ལ་སྐད་གཉིས་སློབ་གསོའི་ལམ་ལུགས་མེད་པར་བཏང་སྟེ་རྒྱ་ཡིག་འབའ་ཞིག་སློབ་ཁྲིད་བྱ་རྒྱུ་འགོ་ཚུགས་པར་སོག་པོ་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་པའི་གསར་འགྱུར་འགོད་ཐབས་བྱས་པས་ཨ་རིའི་གསར་འགོད་པ་དེ་རྒྱ་ནག་ནས་དྲག་རྩུབ་ཀྱིས་ཕྱིར་ཕུད་བཏང་ཞིང་། ༢༠༢༠་ལོའི་མགོ་སྟོད་ཟླ་བ་༦་གི་རིང་ལ་རྒྱ་ནག་གཞུང་གིས་རང་གི་ས་ཐོག་ཏུ་གནས་འཁོད་ཕྱི་རྒྱལ་གྱི་གསར་འགོད་པ་༡༧་ཕྱིར་ཕུད་བཏང་ཡོད་པ་རེད།།

ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པས་རྒྱ་ནག་ཕྱི་སྲིད་ལས་ཁང་གི་གསར་སྤེལ་ཚོགས་འདུའི་རྗེས་གསར་འགོད་པ་གཞན་དང་ཁ་བརྡ་གློད་བཞིན་པ།
ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པས་རྒྱ་ནག་ཕྱི་སྲིད་ལས་ཁང་གི་གསར་སྤེལ་ཚོགས་འདུའི་རྗེས་གསར་འགོད་པ་གཞན་དང་ཁ་བརྡ་གློད་བཞིན་པ།

རྒྱ་ནག་གིས་ཕྱིར་ཕུད་བཏང་བའི་གསར་འགོད་པ་༡༧་གྱི་གྲས་སུ་ལོ་བཅུ་ཕྲག་གཅིག་ཡས་མས་ཤིག་ལ་རྒྱ་ནག་གི་ས་ཐོག་ཏུ་གསར་འགོད་པའི་ལས་རིགས་གཉེར་མཁན་ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་དང་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར། ཝོལ་སི་ཊི་རི་ཊི་ཇཱར་ནལ་ཚགས་པར་གྱི་གསར་འགོད་པ་ཉམས་མྱོང་ཅན་རྣམས་ཡོད་ཅིང་། ཟླ་བ་འདིར་རྒྱ་ནག་གཞུང་གིས་ཨ་རིའི་གསར་འགོད་པ་འགའ་ཞིག་ལ་ཆེད་ལས་གཉེར་ཆོག་པའི་ཐོངས་མཆན་གྱི་དུས་ཡུན་ཕར་འགྱངས་བྱེད་ཐུབ་ཀྱི་མི་འདུག་ཅེས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་ཐོངས་མཆན་འགོག་རྒྱུ་ཤུགས་ཆེ་རུ་ཕྱིན། འོན་ཀྱང་རྒྱ་ནག་གཞུང་གིས་ཨོ་གླིང་རྒྱལ་ཁབ་ཀྱི་གསར་འགོད་པ་གཉིས་རྒྱ་ནག་ནས་རང་ཡུལ་ལ་ཕྱིར་ལོག་བྱེད་མི་ཆོག་པའི་ཐོ་གཞུང་དུ་བཀོད་ཡོད་ཅེས་ཉེན་བརྡ་བཏང་བ་ནི་རྒྱ་ནག་གིས་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་དགྲར་འཛིན་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་རྟགས་མཚན་གསལ་པོར་མཚོན་ཐུབ། ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་དགྲར་འཛིན་བྱེད་ཀྱི་ཡོད་པར་རྒྱུ་མཚན་གཉིས་འདུག རྒྱུ་མཚན་དང་པོ་ནི་ཨ་མི་རི་ཀས་རྒྱ་ནག་གི་གསང་ཉུལ་གསར་འགོད་པ་ཚོར་དམ་དྲག་བྱེད་ཀྱི་ཡོད་པ་དང་ཨ་རིའི་ས་ཐོག་ཏུ་རྒྱ་ནག་གི་གསར་འགོད་པ་ཉུང་དུ་གཏོང་གི་ཡོད་པར་རྒྱ་ནག་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་ཐོངས་མཆན་མི་སྤྲོད་པ་དང་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་ཐོངས་མཆན་སྤྲོད་རྒྱུ་ནར་འགྱངས་གཏོང་བ། ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་རྒྱ་ནག་ནས་ཕྱིར་ཕུད་བཏང་སྟེ་ལན་པ་སློག་གི་འདུག རྒྱུ་མཚན་གཉིས་པ་ནི་རྒྱ་ནག་གི་ས་ཐོག་ཏུ་ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་འཇོག་རྒྱུ་དེར་ཞིས་ཅིན་ཕིང་གཏན་ནས་འཐད་པ་མེད་ཅིང་། སྔོན་ཆད་ཕྱི་རྒྱལ་གྱི་གསར་འགོད་པ་བརྒྱུད་ནས་རྒྱ་ནག་གིས་ཕྱི་རྒྱལ་གྱི་གནས་ཚུལ་ཤེས་རྟོགས་བྱ་དགོས་པ་མང་དག་ཅིག་ཡོད་ཀྱང་ད་ལྟ་དེའི་དགོས་མཁོ་དེ་མེད་པར་གྱུར་པ་རེད་ཅེས་བཤད།།

རྒྱ་ནག་ཉམས་ཞིབ་པ་བྷིལ་བྷི་ཤོབ་ཀྱིས་ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་གི་ལྟ་བ་དང་ལངས་ཕྱོགས་རྣམས་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་བྱ་རྒྱུ་གཙིགས་སུ་བཟུང་སྟེ་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་རྒྱ་ནག་ནས་ཕྱིར་ཕུད་གཏོང་བའམ། ཡང་ན་ཁོ་ཚོར་སུན་གཙེར་དང་འཇིགས་སྐུལ་བྱས་ནས་ཆེད་ལས་བསྒྲུབ་རྒྱུ་དེར་འགོག་རྐྱེན་བཟོ་རྒྱུར་འཛེམ་ཟོན་བྱེད་ཀྱི་མི་འདུག་ཅེས་བཤད། རྒྱ་ནག་གི་ས་ཐོག་ཏུ་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་མེད་ན་པེ་ཅིང་གི་དབང་འཛིན་པ་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་དང་ཞིན་ཅང་གི་ཡུ་གུར་བ་རྣམས་བཀག་ཉར། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོས་ལྐོག་ཟ་དང་ཁྲིམས་འགལ་བྱེད་ཀྱི་ཡོད་པ། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་རང་བྱུང་ཁོར་ཡུག་དང་སྐྱེ་ཁམས་ལ་གཏོར་བཤིག་ཚབས་ཆེན་གཏོང་གི་ཡོད་པ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལ་རྒྱབ་འགལ་བྱས་ནས་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པ། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་ངོ་བོ་དང་རིག་གཞུང་རྣམས་རྩ་མེད་བཏང་སྟེ་རྒྱ་མི་རིགས་ལ་སྒྱུར་ཐབས་བྱེད་ཀྱི་ཡོད་པ། རྒྱ་ནག་གཞུང་གིས་ཉིན་ལྟར་རང་གི་སྤྱི་དམངས་ལ་པར་ཆས་བཙུགས་ནས་འགྲོ་འདུག་སྤྱོད་གསུམ་ལ་ལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་པ། རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་སོགས་ཀྱི་གནས་ཚུལ་ངོ་མ་རྣམས་ཕྱི་ལ་ཁྱབ་སྤེལ་བྱེད་དཀའ། རྒྱ་ནག་གི་གསར་འགོད་པ་ཚོར་གཞུང་གི་ཆོག་མཆན་མེད་པར་གནས་ཚུལ་དེའི་རིགས་ཀྱི་གསར་འགྱུར་གཅིག་ཀྱང་ཁྱབ་སྤེལ་བྱེད་ཆོག་གི་མེད་པ་རེད།།

རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་དམ་དྲག་བྱེད་ཀྱི་ཡོད་པ་དང་ཕྱོགས་གཞན་དེར་ཕྱི་རྒྱལ་གྱི་གསར་འགོད་པའི་སྐད་སྒྱུར་དང་མི་ལ་བཅར་འདྲི་ཞུ་མཁན། བརྙན་འཕྲིན་སོགས་ཕབ་ལེན་བྱེད་མཁན་རྒྱ་ནག་པ་ཚོར་ཁྲིམས་གཅོད་དང་དམ་དྲག ལྷག་པར་དུ་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་སྐད་ཆ་བཤད་མཁན་རྣམས་རྩད་གཅོད་བྱས་ནས་ཁྲིམས་གཅོད་བྱེད་ཀྱི་ཡོད་པས་༢༠༡༩་གཅིག་པུར་རྒྱ་ནག་གི་སྤྱི་ཚོགས་སུ་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་སྐད་ཆ་བཤད་རྒྱུ་མིན་ཟེར་པའམ། ཡང་ན་བཅར་འདྲི་ཕྱིར་འཐེན་བྱེད་མཁན་བརྒྱ་ཆ་༧༠་བྱུང་འདུག དེའི་རྒྱུ་མཚན་ནི་སྲིད་གཞུང་གིས་ཁྲིམས་གཅོད་བྱ་རྒྱུ་དེར་སྐྲག་གི་ཡོད་པས་རེད་ཅེས་གནས་ཚུལ་སྤེལ། ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་སྐད་ཆ་བཤད་པའི་རྒྱ་ནག་གི་མི་མང་དེ་ཚོ་སྲིད་གཞུང་གིས་བཀག་ཉར་བྱེད་པ་དང་འདྲི་གཅོད་བྱེད་པ། ཁོ་ཚོ་རང་ཁྱིམ་ནས་ས་གནས་གཞན་ལ་འགྲིམ་འགྲུལ་བྱེད་མི་ཆོག་པ་སོགས་ཀྱི་ཉེས་ཆད་གཅོད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་གསར་འགོད་པ་སྲུང་སྐྱོབ་ཚོགས་པ་སོགས་ཀྱིས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་ལས་ཀྱང་རྒྱ་ནག་གི་གསར་འགོད་པ་ཚོར་ཉེན་ཁ་ཆེ་བ་འདུག སྔ་ལོ་གཅིག་པུར་རྒྱ་ནག་གཞུང་གིས་གསར་འགོད་པ་༤༨་འཛིན་བཟུང་བྱས་ནས་བཙོན་དུ་བཅུག་སོང་ཞེས་བསྟན། ལཱོ་ཝི་ཞིབ་འཇུག་ཁང་གི་རྒྱ་ནག་ཉམས་ཞིབ་པ་མེཀ་གྷེ་རེ་གྷོར་གྱིས་རྒྱ་ནག་ལ་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་གསར་འགོད་པ་ཚོས་དོ་གཟབ་ནན་པོ་བྱ་དགོས། དཔེར་ན་རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་ཀྱི་གསར་འགོད་པ་གཉིས་ལ་ཅི་ཞིག་བྱ་ཐབས་བྱས་པ་དེས་ར་འཕྲོད། རྒྱ་ནག་གི་མདུང་རྩེ་གཏོད་ས་གཙོ་བོ་ནི་རང་ལ་འབྲེལ་བ་བཟང་པོ་མེད་པའི་རྒྱལ་ཁབ་དེ་དག་གི་སྤྱི་དམངས་དང་གསར་འགོད་པ་ཚོར་འགྱུར་གྱི་འདུག་ཅེས་བསྟན་ནོ།།

XS
SM
MD
LG