ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཧོང་ཀོང་སློབ་ཆེན་གྱིས་དྲུག་བཞིའི་རྗེས་དྲན་རྡོ་རིང་སྤོར་དགོས་ཟེར། 


༄༅།། ༡༩༨༩་ལོར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱུང་། ཧོང་ཀོང་སློབ་གྲྭ་ཆེན་མོར་ངོ་གནོང་གི་རྡོ་རིང་ཞེས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་རྗེས་དྲན་གྱི་རྡོ་རིང་ཞིག་བཤམས། ད་ལོ་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་ནས་ལོ་༣༢་འཁོར་ཡོད་པ་དང་ཧོང་ཀོང་སློབ་གྲྭ་ཆེན་མོས་རང་གི་ས་ཐོག་ཏུ་བཤམས་ཡོད་པའི་དྲུག་བཞིའི་རྗེས་དྲན་རྡོ་རིང་དེ་ས་གནས་གཞན་ལ་སྤོར་དགོས་ཞེས་ཧོང་ཀོང་གི་མནའ་འབྲེལ་མཐུན་ཚོགས་ལ་བརྡ་སྦྱོར་བཏང་ཞིང་། ཕྱི་ཟླ་༡༠་པའི་ཚེས་༡༡་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་ཧོང་ཀོང་སློབ་གྲྭ་ཆེན་མོའི་ཁྲིམས་རྩོད་པས་བཏང་བའི་ཡིག་ཆ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཧོང་ཀོང་སློབ་གྲྭ་ཆེན་མོའི་ཁྲིམས་རྩོད་པ་ཚོས་ཧོང་ཀོང་མནའ་འབྲེལ་མཐུན་ཚོགས་ལ་ཕྱི་ཟླ་༡༠་པའི་ཚེས་༡༣་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པའི་གོང་དུ་ཧོང་ཀོང་སློབ་གྲྭ་ཆེན་མོའི་ས་ཐོག་ཏུ་བཤམས་ཡོད་པའི་དྲུག་བཞིའི་རྗེས་དྲན་རྡོ་རིང་སྤོར་དགོས། གལ་སྲིད་རྡོ་རིང་དེ་མ་སྤོར་ན་བདག་པོ་མ་བརྒྱབ་པར་དོར་ཟིན་པར་བརྩི་རྒྱུ་ཡིན། དེ་ནས་ཧོང་ཀོང་སློབ་གྲྭ་ཆེན་མོས་སྔོན་བརྡ་སོགས་གང་ཡང་མེད་པར་རྡོ་རིང་དེར་ཅི་བྱ་གང་འགབ་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཀོད། ཧོང་ཀོང་ས་གནས་གཞུང་གིས་མནའ་འབྲེལ་མཐུན་ཚོགས་འཐོར་དགོས། ཁོ་ཚོས་ལོ་ལྟར་ཧོང་ཀོང་གི་ས་ཐོག་ཏུ་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་རྗེས་དྲན་གྱི་མར་མེའི་ཁྲོམ་སྐོར་བཀོད་སྒྲིག་བྱེད་ཀྱི་ཡོད་པ་རྒྱུན་སྐྱོང་བྱེད་མི་ཆོག་ཅེས་བཀའ་བསྒྲགས།།


ལོ་བཅུ་ཕྲག་གཉིས་ལྷག་གི་གོང་དུ་ཧོང་ཀོང་སློབ་གྲྭ་ཆེན་མོར་བཤམས་པའི་དྲུག་བཞིའི་རྗེས་དྲན་རྡོ་རིང་དེའི་ངོས་སུ་ལུས་ལ་མནར་གཅོད་ཕོག་སྟེ་ཟུག་ངུ་དྲག་པོ་མྱོང་བཞིན་པའི་གདོང་པ་དང་ལུས་པོ་གཅིག་གི་ཐོག་ཏུ་གཅིག་བརྩེགས་ཡོད་པ་༥༠་ཐམ་པ་ཡོད་པ་ཞིག་བཞེངས་ཏེ་རྡོ་རིང་དེར་རྒྱ་ནག་གི་ངོ་གནོང་ཞེས་མིང་བཏགས། གཟའ་འཁོར་སྔོན་མར་ཧོང་ཀོང་སློབ་གྲྭ་ཆེན་མོས་རྡོ་རིང་དེ་ས་གནས་གཞན་ལ་སྤོར་དགོས་པའི་བཀའ་བཏང་བར་རྡོ་རིང་བཞེང་མཁན་ཌན་མག་གི་འཇིམ་བཟོ་བ་ཇཱེན་སི་གྷེལ་ཤུ་ཊིས་སྐྱོན་བརྗོད་བྱས་ཤིང་། ཁོང་གིས་ཧྥ་རན་སི་གསར་འགྱུར་ལས་ཁང་ལ་སྔོན་ཆད་ཧོང་ཀོང་ནི་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཕོད་པའི་གྲོང་ཁྱེར་ཞིག་རེད། ད་ལྟ་ཧོང་ཀོང་ས་གནས་གཞུང་གིས་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་ཚོར་དྲག་གནོན་བྱེད་ཀྱི་འདུག རྡོ་རིང་དེ་རྒྱ་ནག་གི་བྱུང་རབས་ནང་གི་ཧ་ཅང་གལ་གནད་ཆེ་བ་དང་གནད་འགག་ཅན་གྱི་རྗེས་དྲན་གྱི་རྡོ་རིང་འབའ་ཞིག་དེ་ཡིན་པར་མ་ཟད། ད་ལྟ་རྡོ་རིང་དེར་ཉམས་ཆག་འཕོག་སྲིད་པར་སེམས་ཁྲལ་ཆེན་པོ་ཡོད། ང་ལ་རྡོ་རིང་དེ་ཐོག་མར་གང་དུ་བཤམས་ཡོད་ས་དེར་སོར་འཇོག་ཐུབ་རྒྱུའི་རེ་བ་ཡོད། དེ་ནི་ལོ་རྒྱུས་ལ་མཐུན་པ་དང་རྡོ་རིང་དེ་ཧོང་ཀོང་གི་ས་ཐོག་ཏུ་རྒྱ་ནག་གི་བྱུང་རབས་ལ་འབྲེལ་བ་ཡོད་པའི་སྒྱུ་རྩལ་གྱི་ཐོན་རྫས་རྩ་ཆེན་ཞིག་ཡིན་ཞེས་གསར་འགོད་པའི་དྲི་བར་ལན་བཏབ། ཧོང་ཀོང་མནའ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ཟུར་པ་རི་ཆར་ཌི་ཚའོ་ཡིས་ཧོང་ཀོང་སློབ་གྲྭ་ཆེན་མོས་རྡོ་རིང་དེ་སྤོར་དགོས་པའི་རེ་འདུན་བཏོན་པ་ནི་གནས་ལུགས་ཡོད་པ་ཞིག་མ་རེད། ང་ཚོས་ཧོང་ཀོང་སློབ་གྲྭ་ཆེན་མོའི་རིགས་བདག་ལ་རྡོ་རིང་སོར་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད། ཧོང་ཀོང་སློབ་གྲྭ་ཆེན་མོ་ནི་སྨྲ་བརྗོད་རང་དབང་དང་སློབ་གཉེར་རང་དབང་གི་ཁོར་ཡུག་ཅིག་ཡིན་པས་ངོ་གནོང་གི་རྡོ་རིང་དེ་སྤྱི་ཚོགས་ལ་གཅེས་ཉར་བྱ་དགོས་པའི་འགན་འཁྲི་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ།།

རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཟེར་བ་ཞིག་གཏན་འབེབས་བྱས་ནས་མངའ་ཁུལ་དེའི་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་། འདུ་འཛོམ་དང་ཞི་བའི་སྒོ་ནས་ངོ་རྒོལ་བྱེད་ཆོག་པའི་ཐོབ་ཐང་རྣམས་བཙན་གྱིས་འཕྲོག ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་ཤེས་ཡོན་ཅན་རྣམས་བརྒྱ་ཕྲག་མང་པོ་འཛམ་གླིང་ཡུལ་གྲུ་གང་སར་རྒྱང་ཕུད་བཏང་བའམ། ཡང་ན་ཁོ་ཚོར་ནག་ཉེས་འདྲ་མིན་ཞིག་བཙུགས་ནས་བཙོན་འཇུག་གི་ཁྲིམས་ཐག་བཅད། གཟའ་ཟླ་བའི་ཉིན་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེའི་གཞུང་འབྲེལ་མི་སྣ་ཚོས་ཧོང་ཀོང་མནའ་འབྲེལ་མཐུན་ཚོགས་དང་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམར་གསོད་ཆེན་མོར་རྗེས་དྲན་གྱི་རྡོ་རིང་འཇོག་ཡུལ་གཉིས་ཀྱང་དམིགས་འབེན་དུ་བཟུང་ནས་མགོ་བོ་གནོན་འགོ་ཚུགས། ༡༩༩༧་ལོ་ནས་ཧོང་ཀོང་མནའ་འབྲེལ་མཐུན་ཚོགས་ཀྱིས་དྲུག་བཞིའི་རྗེས་དྲན་རྡོ་རིང་གཏན་དུ་ཧོང་ཀོང་སློབ་གྲྭ་ཆེན་མོར་བཤམས་སྟོན་བྱས་ནས་འཇོག་ཆོག་པའི་ཐག་བཅད། ཉེ་ཆར་ཧོང་ཀོང་མནའ་འབྲེལ་མཐུན་ཚོགས་ཀྱི་འགོ་ཁག་ཅིག་འཛིན་བཟུང་བྱས་པའི་རྗེས་སུ་ཟླ་བ་སྔོན་མར་ཚོགས་པ་དེ་ཁ་འཐོར་རྒྱུའི་གྲོས་མཐུན་བྱུང་། འཇིམ་བཟོ་བ་གྷེལ་ཤུ་ཊིའི་དྲྭ་ཚིགས་སུ་རྡོ་རིང་དེ་ངོ་གནོང་དགོས་པའི་ལོ་རྒྱུས་ཀྱི་བྱུང་བ་དེའི་རིགས་ནམ་ཡང་བསྐྱར་ཟློས་འབྱུང་མི་ཉེན་ཞེས་འགྲོ་བ་མི་རྣམས་ལ་ཉེན་བརྡ་གཏོང་སྤྱད་ཅིག་ཡིན་ཞེས་འཁོད། འཇིམ་བཟོ་བས་དྲུག་བཞིའི་ལས་འགུལ་གྱི་མཚོན་བྱེད་རྗེས་དྲན་རྡོ་རིང་དེ་བཞེངས་ནས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་འབྲེལ་བ་ཡོད་པའི་ཧོང་ཀོང་བ་ཧོ་ཁྲུན་ཡན་དང་ལི་ཀྲུའོ་རེན་གཉིས་ལ་སྤྲད། ཕྱིས་སུ་ཧོ་ཁྲུན་ཡན་དང་ལི་ཀྲུའོ་རེན་གཉིས་ཀ་ཧོང་ཀོང་མནའ་འབྲེལ་མཐུན་ཚོགས་ཀྱི་འགོ་ཁྲིད་ལ་གྱུར།།

བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་འཇིམ་བཟོ་བ་གྷེལ་ཤུ་ཊིས་རྡོ་རིང་དེ་ངའི་བདོག་པ་ཡིན། གལ་སྲིད་རྡོ་རིང་དེ་ཧོང་ཀོང་སློབ་གྲྭ་ཆེན་མོར་འཇོག་ཏུ་མ་བཅུག་པར་སྤོར་དགོས་བྱུང་ན་ངས་ཁྲིམས་གཏུགས་བྱས་ནས་ཁ་མཆུ་འཛུགས་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད། ཁོ་ཚོར་ཉི་མ་ལྔའི་ནང་ཚུད་དུ་རྡོ་རིང་དེ་སྤོར་དགོས་པའི་དུས་ཚོད་སྤྲད་འདུག དེ་ནི་དྲང་བདེན་མིན་པ་དང་ཡོང་ཐབས་མེད་པའི་སྨྱོ་སྤྱོད་ཅིག་རེད། ཧོང་ཀོང་གི་སློབ་ཕྲུག་མང་དག་ཅིག་བཙོན་དུ་བཅུག་ཡོད་པ་རེད། ང་དང་ཧོང་ཀོང་སློབ་གྲྭ་ཆེན་མོས་རྡོ་རིང་དེ་གཏན་དུ་ཧོང་ཀོང་སློབ་གྲྭ་ཆེན་མོར་འགྲེམ་སྟོན་བྱས་ནས་འཇོག་ཆོག་པའི་གྲོས་མཐུན་བཞག་ཡོད། གལ་སྲིད་རྒྱ་ནག་གཞུང་གིས་རྡོ་རིང་དེ་སྤོར་དུ་བཅུག་ན་གནམ་བདེ་སྒོ་མོ་ཆེའི་ཐང་གི་དྲག་གནོན་ལ་རྗེས་དྲན་གྱི་རྡོ་རིང་གཅིག་པུ་དེ་མེད་པར་གཏོང་གི་ཡོད་པས་ཀུན་སྤྱོད་ལ་རྒྱབ་འགལ་རེད་ཅེས་དགག་པ་བརྒྱབ། ཕྱི་ཟླ་༡༠་པའི་ཚེས་༡༡་ཉིན་ཧོང་ཀོང་རང་དབང་གསར་ཁང་གིས་མངའ་ཁུལ་དེར་དྲག་ཆར་རླུང་འཚུབ་གཉིས་བསྟུད་མར་ཡོང་གི་འདུག དེས་ན་དུས་བཀག་ལྟར་ཧོང་ཀོང་སློབ་གྲྭ་ཆེན་མོར་བཤམས་ཡོད་པའི་རྡོ་རིང་དེ་སྤོར་ཐུབ་རྒྱུ་ཡིན་མིན་བཤད་ཁག་པོ་རེད་ཅེས་གནས་ཚུལ་སྤེལ། ཧོང་ཀོང་རང་དབང་གསར་ཁང་གིས་ཧོང་ཀོང་སློབ་གྲྭ་ཆེན་མོར་རྡོ་རིང་དེའི་བདག་པོ་སུ་རེད་ཅེས་དྲིས་ཀྱང་ལན་འདེབས་གསལ་པོ་ཞིག་མ་བྱུང་། ཧོང་ཀོང་མནའ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ཟུར་པ་རི་ཆར་ཌི་ཚའོ་ཡིས་རྡོ་རིང་གི་བདག་པོ་ནི་འཇིམ་བཟོ་བ་རེད། ང་ཚོས་ཕྱི་ཟླ་༡༠་པའི་ཚེས་༨་ཉིན་ཧོང་ཀོང་སློབ་གྲྭ་ཆེན་མོར་སྙན་ཞུ་ཕུལ་ཡོད། ང་ཚོར་ཡིག་ལན་མ་འབྱོར་བར་དུ་ཧོང་ཀོང་སློབ་གྲྭ་ཆེན་མོར་བཤམས་ཡོད་པའི་རྡོ་རིང་དེ་སྤོར་རྩིས་མེད་ཅེས་བཀྲལ།།

གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ
གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ

རྡོ་རིང་དེར་མཐོ་ཚད་མཱི་ཊར་བརྒྱད་ཡོད་པ་དང་འདས་པའི་ལོ་༢༤་རིང་ལ་ཧོང་ཀོང་སློབ་གྲྭ་ཆེན་མོར་བཤམས། རྒྱ་ནག་གཞུང་གིས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཅི་ཙམ་བསད་ཡོད་མེད་ཀྱི་གྲངས་འབོར་གསལ་པོ་ཞིག་གཏན་ནས་ཕྱིར་བསྒྲགས་བྱེད་ཀྱི་མེད་མོད། འོན་ཀྱང་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་དམག་བཏང་ནས་ཉུང་མཐར་ཡང་སློབ་ཕྲུག་སྟོང་ཕྲག་འགའ་ཞིག་དམར་གསོད་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ད་ལྟ་ཧོང་ཀོང་གི་མནའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་ཁག་ཅིག་གིས་སྒྲིག་འཛུགས་དེ་ཁ་འཐོར་གཏོང་རྒྱུ་དེར་མོས་མཐུན་མེད། ཚོགས་པའི་འགོ་ཁྲིད་གཉིས་ཀྱིས་སྒྲིག་འཛུགས་ཁ་འཐོར་དགོས་པའི་འབོད་སྐུལ་ཞུས་པར་མཉན་རྒྱུ་མིན། དེ་ནི་རྒྱ་ནག་གཞུང་ལ་རྦད་དེ་མགོ་སྒུར་པ་ཞིག་མཚོན་གྱི་རེད་ཅེས་རྒྱུ་མཚན་བགྲངས། རྒྱ་ནག་གི་སྤྱི་བདེ་ལྷན་ཁང་གི་བློན་ཆེན་ཀྲའོ་ཁེ་ཀྲིས་ཧོང་ཀོང་གི་ཉེན་རྟོག་པ་ཚོས་མུ་མཐུད་དུ་དྲག་ཐལ་གྱི་ཁ་བྲལ་རིང་ལུགས་པ་ཚོར་དྲག་གནོན་བྱ་དགོས། ཧོང་ཀོང་གི་ཉེན་རྟོག་པ་ཚོས་བསམ་བློ་གསལ་པོ་བཏང་ནས་ཟིང་འཁྲུག་དང་གྱེན་ལོག་གི་ལས་འགུལ་མཐའ་དག་ལ་བློ་སེམས་འགྱུར་མེད་ཀྱིས་དྲག་གནོན་བྱ་དགོས་ཞེས་ནན་སྐུལ་བྱས་འདུག རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོ་རྒྱལ་གཅེས་མནའ་འབྲེལ་ཚོགས་པ་ནི་ཕྱི་རྒྱལ་གྱི་མངོན་འདོད་སྒྲུབ་མཁན་ཚོགས་པ་ཞིག་རེད་ཅེས་ནག་ཉེས་བཙུགས། ཚོགས་པ་དེའི་འགོ་ཁྲིད་ཚོ་འཛིན་བཟུང་བྱས་པ་དང་ཚོགས་པའི་རྒྱུ་དངོས་རྣམས་འགོག་ཉར། ཕྱི་ཟླ་༩་པའི་ཚེས་༢༧་ཉིན་ཧོང་ཀོང་གི་མནའ་འབྲེལ་ཚོགས་པའི་ཚོགས་མི་༤༡་གིས་སྒྲིག་འཛུགས་ཁ་འཐོར་གཏོང་རྒྱུ་དང་ཚོགས་མི་བཞིས་སྒྲིག་འཛུགས་རྒྱུན་འཁྱོངས་བྱེད་དགོས་པའི་འོས་ཤོག་འཕངས། ཧོང་ཀོང་ས་གནས་སུ་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་རྗེས་དྲན་གྱི་ཚོགས་པ་ཞིག་བཙུགས་པ་ལོ་༣༢་ཕྱིན་པའི་གཞུག་ཏུ་ཁ་འཐོར་སོང་། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ལས་རྩོལ་བའི་མཐུན་ཚོགས་སོགས་སྒྲིག་འཛུགས་ཕལ་མོ་ཆེ་གཏོར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG