ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་གཞི་ཕྱིར་འཐེན།


༄༅།། ཕྱི་ཟླ་༩་ཚེས་༤་ཉིན་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་ཁྲིམས་བྱོལ་བའམ། དོགས་ཅན་པ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱ་དགོས་པའི་ཁྲིམས་གཞི་ཕྱིར་བསྡུ་བྱས་པ་ཡིན་ཞེས་བསྒྲགས། ཁོ་མོས་འདས་པའི་ཟླ་བ་གསུམ་ལ་ཧོང་ཀོང་མི་མང་གིས་ངོ་རྒོལ་ཁྲོམ་སྐོར་བྱས་པ་ཞི་འཇམ་གཏོང་ཐབས་དང་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་མངའ་ཁུལ་དེ་ལོ་༢༢་གོང་དུ་རྒྱ་ནག་གིས་རྩིས་བླངས་ནས་བཟུང་། ད་བར་ཧོང་ཀོང་གི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་ཆབ་སྲིད་ཀྱི་དཀའ་ངལ་ཚབས་ཆེན་ཞིག་འཕྲད་པ་མཇུག་བསྡུ་ཐབས་བྱེད་ཀྱི་ཡོད་ཀྱང་ཧོང་ཀོང་མི་མང་གི་ངོ་རྒོལ་ལས་འགུལ་ཁག་མཚམས་འཇོག་བྱ་རྒྱུ་ཡིན་མིན་ངེས་གཏན་བྲལ། ཁ་སྔོན་ཕྱི་ཟླ་༦་པའི་ནང་དུ་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་གཞི་ངང་འཐེན་བྱས་པ་ཡིན་ཞེས་བསྒྲགས། དེ་ནས་ཁོ་མོས་ཁྲིམས་གཞི་དེ་ནུས་མེད་དུ་གྱུར་པ་རེད་ཅེས་ཁྱབ་བསྒྲགས་སྔ་རྗེས་ཐེངས་གཉིས་བྱས་ཀྱང་ཧོང་ཀོང་གི་ངོ་རྒོལ་བ་ཚོས་ཁྲིམས་གཞི་དེ་གཏན་འབེབས་བྱ་རྒྱུ་རྦད་དེ་ཕྱིར་བསྡུ་བྱ་དགོས་ཞེས་དགོས་འདུན་བཏོན། ཧོང་ཀོང་གི་ངོ་རྒོལ་བ་ཚོས་དུས་ཡུན་གང་འཚམ་ཞིག་གི་རྗེས་སུ་ཧོང་ཀོང་ས་གནས་གཞུང་གི་འགོ་ཁྲིད་ཚོས་སླར་ཡང་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་གཏན་འབེབས་བྱ་སྲིད་ཅེས་དོགས་ཟོན་བྱས་ཡོད་པ་རེད།

ཐོག་མར་ཧོང་ཀོང་གི་ངོ་རྒོལ་བ་ཚོས་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེར་བྲོས་བྱོལ་དུ་སླེབས་པའི་ཁྲིམས་བྱོལ་བ་རྣམས་རྒྱ་ནག་ལ་ཕྱིར་སློག་བྱེད་མི་ཆོག་ཅེས་ངོ་རྒོལ་འགོ་ཚུགས། རིམ་བཞིན་ཧོང་ཀོང་གི་ངོ་རྒོལ་བ་ཚོས་ཉེན་རྟོག་པས་དྲག་གནོན་བྱས་པར་རང་དབང་ཅན་གྱི་ཚོགས་ཆུང་ཞིག་བཙུགས་ནས་ཞིབ་འཇུག་བྱ་དགོས། ཧོང་ཀོང་ས་གནས་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་ངོ་རྒོལ་ཁྲོམ་སྐོར་བ་རྣམས་གློད་གྲོལ་བཏང་ནས་ཉེས་ཡངས་གཏོང་དགོས། ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་དང་གྲོས་ཚོགས་འཐུས་མི་རྣམས་ཧོང་ཀོང་མི་དམངས་ལ་དམངས་གཙོའི་ལམ་ནས་ཐད་ཀར་འོས་འདེམས་བྱེད་དུ་འཇུག་དགོས། ཧོང་ཀོང་ས་གནས་གཞུང་གིས་མི་མང་གི་ངོ་རྒོལ་ལས་འགུལ་ལ་དྲག་ཟིང་དང་ཟིང་ཆ་ཞེས་མིང་འདོགས་བྱེད་མི་ཆོག་ཅེས་དགོས་འདུན་གྱི་དོན་ཚན་མང་དུ་བཏང་ཞིང་། ད་ལོའི་དབྱར་དུས་འདིར་ཧོང་ཀོང་མི་མང་ས་ཡ་༢་ལྷག་བརྒལ་བས་ངོ་རྒོལ་བྱས་པར་མ་ཟད། ཉེ་བའི་བདུན་ཕྲག་འགའ་ཞིག་ནས་ཧོང་ཀོང་གི་ངོ་རྒོལ་ཆུང་ཁག་དེ་ཚོས་ཉེན་རྟོག་པར་སོ་ཕག་དང་རྡོ། རླངས་སྣུམ་གྱི་འབར་མདེལ་སོགས་ཀྱིས་ཚུར་རྒོལ་བྱས་པ། ཧོང་ཀོང་གི་ཉེན་རྟོག་པ་ཚོས་ཀྱང་ངོ་རྒོལ་བ་རྣམས་སྡེབ་ཚོགས་བྱས་ནས་འཛིན་བཟུང་དང་མི་ཚོགས་ཁྲོད་དུ་ཆུ་མདའ་བརྒྱབ་ནས་མཆི་སྦྱིན་དུག་རླངས་འཕངས་པ། མི་ཚོགས་ལ་འགྱིག་གི་མདེའུ་བརྫངས་པའི་མེ་མདའ་བརྒྱབ་པ། ཁ་སྔོན་ཕྱི་ཟླ་༦་ནས་ཧོང་ཀོང་གི་ཉེན་རྟོག་པ་ཚོས་མི་མང་ངོ་རྒོལ་བ་༡༢༠༠་ཡས་མས་ཤིག་འཛིན་བཟུང་བྱས་པས་ཧོང་ཀོང་ཕྱི་ནང་གཉིས་སུ་ཉེན་རྟོག་པའི་གདུག་རྩུབ་ལ་ཁ་རྡུང་དྲག་པོ་ཕོག་འདུག

ཁ་སང་གཟའ་མིག་དམར་ཉིན་རྒྱ་ནག་གི་ཧོང་ཀོང་དང་ཨེ་མེན་དམིགས་བསལ་ས་ཁུལ་གྱི་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་དབྱང་ཀྭོང་གིས་ཧོང་ཀོང་གི་ངོ་རྒོལ་བའི་དགོས་འདུན་ལ་རྒྱ་ནག་གཞུང་གིས་མོས་མཐུན་མི་བྱེད་པའམ། ཡང་ན་རྒྱ་ནག་གཞུང་གིས་དེ་ལ་གུ་བཤངས་བྱ་རྒྱུ་མིན་པའི་ལངས་ཕྱོགས་གསལ་པོར་བསྟན་པའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས། སྐབས་དེར་མགྲིན་ཚབ་པ་དབྱང་ཀྭོང་གིས་ཧོང་ཀོང་ལ་ངོ་མར་དགའ་ཞེན་ཡོད་པའི་མི་ཚོས་མིག་གིས་གསལ་པོར་བལྟས་ནས་ལངས་ཕྱོགས་བརྟན་པོ་འཛིན་དགོས། ཧོང་ཀོང་གི་དྲག་ཟིང་དང་ཟིང་ཆ་རྣམས་འགོག་སྡོམ་བྱེད་པར་དབུ་མའི་ལམ་གྱི་ལངས་ཕྱོགས་ཤིག་བདམས་པ་དང་ཐེ་ཚོམ་འཛིན་པ། བློ་རྩེ་གཉིས་བྱས་ནས་སྡོད་ས་ཞིག་གཏན་ནས་མེད་པ་ཧ་ཅང་གསལ་པོ་ཡིན་ཞེས་བསྒྲགས། ཡིན་ནའང་གཟའ་མིག་དམར་ཉིན་སྲིད་འཛིན་ཞིས་ཅིན་ཕིང་གིས་དབུས་དམར་ཤོག་ཚོགས་པའི་སློབ་གྲྭར་གཏམ་བཤད་བྱས་པའི་སྐབས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་ཡུན་རིང་གི་འཐབ་རྩོད་ལ་བློ་ཐག་གཙང་བཅད་ཀྱི་འཐབ་རྩོད་བྱ་དགོས། འོན་ཀྱང་ང་ཚོས་དམིགས་ཡུལ་བསྒྲུབ་པར་ཐབས་ཇུས་ལ་བཅོས་སྒྲིག་བྱེད་ཆོག རྩ་དོན་གྱི་ཐོག་ཏུ་ང་ཚོས་རང་གི་ལངས་ཕྱོགས་སོར་གང་གློད་མི་ཉན། ཐབས་ཇུས་ལ་ཐུག་ན་སྒྱུར་རུང་བ་ཞིག་ཡིན་ཆོག་ཅེས་མངོན་གསལ་མེད་པའི་བརྡ་ཞིག་བཏང་འདུག དེར་བརྟེན་ཕྱི་ཟླ་༩་ཚེས་༤་ཉིན་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་གཞི་ཕྱིར་འཐེན་བྱ་ཐུབ་པ་བྱུང་བ་ཡིན་སྲིད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་ཅིང་། ཧོང་ཀོང་གི་ངོ་རྒོལ་འདིར་སློབ་ཕྲུག་དང་ཤེས་ཡོན་ཅན། ཚོང་ལས་ཆུང་ཁག་དང་མཁའ་ལམ་ལས་ཁུངས་ཀྱི་ལས་བྱེད་པ་རྣམས། ཧོང་ཀོང་གི་མི་མང་དཀྱུས་མ་བཅས་སྤྱི་ཚོགས་ཀྱི་གྲལ་རིམ་སྣ་ཚོགས་ཤིག་མཉམ་ཞུགས་བྱས་འདུག

ཧོང་ཀོང་གི་འགོ་ཁྲིད་ཚོས་ངོ་རྒོལ་འགོ་ཚུགས་ནས་ཡུན་རིང་མ་ཕྱིན་གོང་དུ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་གཞི་གཏན་འབེབས་བྱ་རྒྱུ་ཡོངས་སུ་ཕྱིར་བསྡུ་བྱ་དགོས་ཞེས་གྲོས་གཞི་བཏོན་རུང་རྒྱ་ནག་དབུས་གཞུང་གིས་ཁྲིམས་གཞི་དེ་ཕྱིར་བསྡུ་བྱེད་མི་ཆོག གལ་སྲིད་ཁྲིམས་གཞི་དེ་ཕྱིར་བསྡུ་བྱས་ན་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱེད་དགོས་པའི་གྲོས་གཞི་བཏོན་པ་ཐོག་མ་ནས་ནོར་འཁྲུལ་ཡིན་པ་ངོས་ལེན་བྱས་པ་རེད། ཧོང་ཀོང་གི་ངོ་རྒོལ་ཞི་འཇམ་མ་སོང་བར་དུ་ཉེན་རྟོག་པའི་གདུག་རྩུབ་ལ་རང་དབང་ཅན་གྱི་ཚོགས་ཆུང་ཞིག་བཙུགས་ནས་ཞིབ་འཇུག་བྱ་དགོས་པ་དང་དགོས་འདུན་གཞན་པ་རྣམས་ལག་ལེན་བསྟར་རྒྱུ་འགོ་ཚུགས་མི་ཐུབ་ཅེས་སྔོན་འགྲོའི་ཆ་རྐྱེན་བཞག ཉམས་ཞིབ་པ་ཁག་ཅིག་གིས་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་གྱིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་གཞི་ཕྱིར་བསྡུ་བྱས་པ་ནི་ལོ་འདིའི་ཕྱི་ཟླ་༡༠་པའི་ཚེས་༡་གི་རྒྱལ་སྟོན་དུས་ཆེན་ལ་འབྲེལ་བ་ཡོད། ༢༠༡༩་ལོའི་ཕྱི་ཟླ་༡༠་ཚེས་༡་ནི་རྒྱ་ནག་དམར་ཤོག་གི་སྲིད་གཞུང་ཚུགས་ནས་ལོ་༧༠་ཐམ་པ་འཁོར་བའི་དུས་དྲན་ཡིན་པས་རྒྱ་ནག་གཞུང་གིས་རྒྱལ་སྟོན་དུས་ཆེན་སྔོན་དུ་ཧོང་ཀོང་གི་ངོ་རྒོལ་ཞོད་འཇགས་གཏོང་རྒྱུ་གནད་འགག་ཆེན་པོ་ཞིག་ཏུ་བརྩིས་ཡོད་སྲིད། འོན་ཀྱང་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཁག་འཕྲལ་དུ་མཚམས་འཇོག་བྱེད་ཐུབ་པའི་རྟགས་མཚན་མེད་པས་ཧོང་ཀོང་གི་འགོ་ཁྲིད་ཚོར་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་གཞི་ཕྱིར་བསྡུ་བྱེད་དུ་བཅུག་པ་ཡིན་སྲིད་ཅེས་གླེང་།

ཕྱི་ཟླ་༦་མགོ་སྟོད་དེར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་སྣང་མེད་བཏང་བ་དང་དེ་ནས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཁག་ལ་ཁ་རྡུང་དྲག་པོ་བཏང་ཞིང་། མཐར་རྒྱ་ནག་གཞུང་གིས་ཧྲིང་ཀྲེན་གྲོང་ཁྱེར་དུ་དམག་སྦྱོང་བྱས་ནས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་དྲག་གནོན་བྱ་རྒྱུའི་སྡིགས་ར་བསྐུལ། བདུན་ཕྲག་སྔོན་མར་རྒྱ་ནག་གཞུང་གིས་ཧོང་ཀོང་དམིགས་བསལ་ས་གནས་སུ་འགྲེམ་འཇོག་བྱེད་ཡོད་པའི་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེ་ཁག་བརྗེ་སྤོར་བརྒྱབ་ནས་མཚོན་ལྡན་རླངས་འཁོར་དང་ལྕགས་ཁྲབ་འཁོར་ལོ། རྒྱ་ནག་གི་དམག་གྲུ་བཅས་ཀྱི་སྟོབས་ཤུགས་ངོམ། ཧོང་ཀོང་ས་གནས་ཀྱི་འགོ་ཁྲིད་ཚོས་མངའ་ཁུལ་དེར་ཛ་དྲག་གི་ཁྲིམས་གཞི་བསྡམ་སྲིད་པའི་ཉེན་བརྡ་རིམ་པ་ཞིག་བཏང་ཡོད། ད་དུང་ཁ་སང་གཟའ་མིག་དམར་ཉིན་ཧོང་ཀོང་ས་གནས་གཞུང་གིས་མངའ་ཁུལ་དེའི་དམངས་གཙོའི་དོན་གཉེར་བ་ཞིག་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་འོས་འདེམས་ཀྱི་འགྲན་སྡུར་ནང་དུ་ཞུགས་མི་ཆོག་པའི་ཐག་གཅོད་བྱས་པ་ཧོང་ཀོང་གི་མཐོ་རིམ་ཁྲིམས་ཁང་གི་འཕྲུ་སློག་བཏང་བ། ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱི་ནང་མོལ་ཚོགས་འདུ་ཞིག་གི་ཐོག་ཏུ་ང་ལ་གདམ་ཀ་མི་འདུག་ཅེས་རྒྱ་ནག་གཞུང་གིས་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་པའི་སྐད་ཆ་ཞིག་ཕྱི་ལ་འཁྱར་པ་སོགས་ཉི་མ་རེ་ཟུང་ཞིག་གི་ནང་དུ་གནས་ཚུལ་མང་པོ་ཞིག་བྱུང་ཡོད་པ་རེད།།

XS
SM
MD
LG