༄༅།། གཟའ་ཟླ་བའི་ཞོགས་པར་ལྭ་བ་ནག་པོ་གྱོན་པའི་ཧོང་ཀོང་གི་ངོ་རྒོལ་བ་ཚོས་རྒྱ་ལམ་བཀག་ནས་འགྲིམ་འགྲུལ་བཀག་སྡོམ་གྱི་ངོ་རྒོལ་ལས་འགུལ་མགོ་བརྩམས། ཧོང་ཀོང་གི་ཉེན་རྟོག་པ་ཞིག་གིས་ལྭ་བ་ནག་པོ་གྱོན་པའི་ངོ་རྒོལ་བ་གཉིས་ཀྱི་ཕྱོགས་སུ་མེ་མདའ་ཐེངས་འགའ་ཞིག་བརྒྱབ། ངོ་རྒོལ་བ་གཅིག་ལ་མདེའུ་ཕོག་ཀྱང་འཕྲལ་དུ་སྨན་ཁང་ལ་འཁྱེར་ནས་སྲོག་སྐྱོབ་བྱེད་ཐུབ་ཡོད་ཅིང་། ཕྱི་ཟླ་༡༡་པའི་ཚེས་༡༡་ཉིན་ཧོང་ཀོང་གི་ས་ཁུལ་ཕལ་ཆེ་བར་མི་མང་ངོ་རྒོལ་བ་ཚོས་རྒྱ་ལམ་དང་འགྲིམ་འགྲུལ་བཀག་ནས་ངོ་རྒོལ་ལས་འགུལ་རྒྱ་ཆེ་རུ་བཏང་སྟེ་ཧོང་ཀོང་རྒྱལ་ཡོངས་སུ་ལས་བཤོལ་ངོ་རྒོལ་དང་ཁྲོམ་སྐོར། ཉེན་རྟོག་པ་དང་ངོ་རྒོལ་བ་རྣམས་རྒོལ་འཛིང་ཐུག་ནས་དྲག་ཟིང་ལངས་འདུག
གསར་འགོད་པ་ཁྲེན་ཀུའི་ཧིན་ཞེས་པ་ཞིག་གིས་གཟའ་ཟླ་བའི་ཞོགས་པའི་ཆུ་ཚོད་༧་ཙམ་ལ་སེ་ཧན་ཧོ་ས་ཁུལ་དུ་རྒྱ་ལམ་བཀག་ནས་འགྲིམ་འགྲུལ་བཀག་སྡོམ་གྱི་ངོ་རྒོལ་ལས་འགུལ་མགོ་བརྩམས་སོང་། སྟོད་གོས་དཀར་པོ་གྱོན་པའི་ཉེན་རྟོག་པ་ཞིག་གིས་མེ་མདའ་བཏོན་ནས་ཉེ་འཁོར་གྱི་མི་ཚོགས་ཕྱོགས་སུ་མེ་མདའ་བརྒྱབ་སྟེ་མི་ཞིག་ལ་མདེའུ་ཕོག་ནས་འཕྲལ་དུ་ས་ལ་འགྱེལ་སོང་། མེ་མདའ་ཕོག་པའི་ངོ་རྒོལ་བ་དེ་ས་ཐོག་ཏུ་རིལ་ནས་གཡོ་འགུལ་བྱེད་ཐུབ་ཀྱི་མེད་ཀྱང་ཉེན་རྟོག་པས་ངོ་རྒོལ་བ་རྨས་མ་དེའི་ཐོག་ཏུ་པུས་མོ་བཙུགས་ནས་ས་ལ་མནན་སོང་། ཁོ་པ་ཁྲག་འཁྱིལ་ཡོད་པ་དེའི་ནང་དུ་མནན་ཡོད་ཀྱང་ཤི་ཡོད་པའི་རྣམ་པ་མི་འདུག་ཅེས་ཨ་རིའི་ནེའུ་ཡོག་དུས་བབ་ཚགས་པར་གྱི་གསར་འགོད་པར་བཤད་འདུག
ཧོང་ཀོང་གི་ཉེན་རྟོག་ལས་ཁང་གིས་མི་མང་ངོ་རྒོལ་བ་ཚོར་མེ་མདའ་བརྒྱབ་པ་ངོས་ལེན་དང་ཉེན་རྟོག་པ་ཚོར་མེ་མདའ་རྒྱག་ཆོག་མིན་གྱི་ལམ་སྟོན་གསལ་པོ་བྱས་ཡོད་ཅེས་ངེས་གཏན་བྱས་ཡོད་པར་མ་ཟད། ཧོང་ཀོང་སྨན་ཁང་གིས་ཀྱང་ཉེན་རྟོག་པའི་མདེའུ་ཕོག་པའི་རྨས་མ་དེ་ཛ་དྲག་གི་གནས་སུ་ལྷུང་འདུག་ཅེས་བཤད། ཉེན་རྟོག་པའི་དྲག་གནོན་ལ་ངོ་རྒོལ་བྱེད་པའི་ཆེད་དུ་ཧོང་ཀོང་གི་ལས་ཁུངས་ཁག་གི་ལས་བྱེད་པ་རྣམས་ཀྱང་ངོ་རྒོལ་ཁྲོམ་སྐོར་ལ་མཉམ་ཞུགས་བྱས་འདུག
ཧོང་ཀོང་གི་ཉེན་རྟོག་པ་ཚོས་ཚོང་དོན་ལྟེ་གནས་དང་གྲོང་ཁྱེར་སྲིད་གཞུང་གི་ལས་ཁུངས་སོགས་ཀྱི་མཐའ་བསྐོར། ཁོ་ཚོས་མཆི་སྦྱིན་དུག་རླངས་གཏོར་པ་དང་འགྱིག་གི་མདེའུ་བརྫངས་པའི་མེ་མདའ་བརྒྱབ་སྟེ་ངོ་རྒོལ་ཁྲོམ་སྐོར་བ་རྣམས་བཀག ཧོང་ཀོང་གི་ཉེན་རྟོག་པའི་ཁ་གཏད་དུ་ལངས་ཡོད་པའི་མི་སྟོང་ཕྲག་མང་པོ་ལས་ཁུངས་ཀྱི་སྒྲིག་ཆས་གྱོན་པའི་ལས་བྱེད་པ་རྣམས་ཡིན་པ་སྟེ། ཁོ་ཚོས་ཧོང་ཀོང་གི་ཉེན་རྟོག་པ་རྣམས་སྡུག་ཤི་རྒྱོབས། རང་དབང་གི་དོན་དུ་འཐབ་རྩོད་བྱ་དགོས། ཧོང་ཀོང་གི་རྒྱབ་རྩར་ལོངས་ཤོག་ཅེས་འབོད་ཚིག་བསྒྲགས། ལོ་ན་༢༦་ལ་སོན་པའི་མར་ཀེ་སི་ལི་ཞེས་པའི་ཁྲིམས་རྩོད་པ་ཞིག་གིས་ནུབ་ལྭ་སྐྱ་མདོག་ཅན་ཞིག་གྱོན་ནས་རོགས་པ་ཁག་དང་མཉམ་དུ་ཚོང་ཁང་ཞིག་གི་ཕྱི་ལོགས་སུ་ལངས། ཁོ་ཚོས་ཉེན་རྟོག་པར་ཁྱེད་ཚོས་མེ་མདའ་རྒྱག་རྒྱུ་ལྟ་ཞོག ཐ་ན་མི་མང་ངོ་རྒོལ་བའི་ཐོག་ཏུ་མེ་མདའ་བཏོན་ནས་རྫིག་རྫིག་ཀྱང་བྱ་དགོས་དོན་མེད། ཁྱེད་ཚོས་མེ་མདའ་བརྒྱབ་པར་མི་མང་གིས་བརྡ་ལན་ཇི་ལྟར་སློག་གི་ཡོད་མེད་ལྟོས་དང་། མི་མང་ལ་ཁོང་ཁྲོ་མ་སློང་། ཁྱེད་ཚོའི་ལས་སྟངས་དེ་ཅོལ་ཆུང་རེད་ཅེས་ཁ་རྡུང་བཏང་འདུག
ཕྱི་ཟླ་༡༡་པའི་ཚེས་༡༡་ཉིན་ཧོང་ཀོང་གི་ངོ་རྒོལ་བ་ཚོས་རྫོང་ཁག་འགའ་ཞིག་གི་རྒྱ་ལམ་བཀག་ནས་འགྲིམ་འགྲུལ་བཀག ས་གནས་ཁག་ཅིག་གི་མེ་འཁོར་འགྲིམ་འགྲུལ་ཡང་རྗེས་ལུས་ཐེབས། མི་མང་ངོ་རྒོལ་བ་ཚོས་བདུན་ཕྲག་སྔོན་མར་སློབ་ཕྲུག་ངོ་རྒོལ་བ་ཞིག་གྲོངས་པ་དེའི་ཆེད་དུ་འགྲིམ་འགྲུལ་བཀག་ནས་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བཤད། བདུན་ཕྲག་སྔོན་མར་ངོ་རྒོལ་བྱ་ཡུལ་གྱི་རླངས་འཁོར་འཇོག་ས་ཞིག་ཏུ་སློབ་ཕྲུག་ངོ་རྒོལ་བ་ཞིག་ཁང་པའི་ཐོག་ནས་མར་ལྷུང་སྟེ་སྲོག་སྐྱོན་ཕོག ཁ་སྔོན་ཕྱི་ཟླ་༨་པར་ཧོང་ཀོང་གི་ངོ་རྒོལ་བ་ཚོས་འགྲིམ་འགྲུལ་དང་ཚོང་ལས་བཀག་ནས་ངོ་རྒོལ་བྱས་པ་དེར་བསྡུར་ཚེ། དེ་རིང་གི་ངོ་རྒོལ་འདི་ཕྱི་ཟླ་༨་པའི་ངོ་རྒོལ་ལྟར་ཚབས་ཆེན་ཞིག་ཏུ་གྱུར་མེད་ཅིང་། ཧོང་ཀོང་གི་དངུལ་ཁང་དང་ལས་ཁུངས་ཁག་ཅིག་གིས་གྲོང་ཁྱེར་དེའི་འགྲིམ་འགྲུལ་བཀག་འགོག་གི་ལས་འགུལ་ཤུགས་ཆེ་རུ་འགྲོ་སྲིད་པའི་དོགས་ཟོན་གྱིས་རང་གི་ལས་བྱེད་པ་རྣམས་བདེ་འཚམས་དང་སྔ་པོ་ནས་རང་ཁྱིམ་ལ་ཕྱིར་ལོག་བྱེད་ཆོག་ཅེས་ནང་ཁུལ་གྱི་བརྡ་ཐོ་ཞིག་བཀྲམ།
ཧོང་ཀོང་གི་སློབ་ཆེན་ཁག་གི་སློབ་ཕྲུག་ཚོས་ཀྱང་ཉེན་རྟོག་པས་མེ་མདའ་བརྒྱབ་པར་ངོ་རྒོལ་ཡོད་ཅེས་ས་སྣུམ་གྱི་འབར་མདེལ་བརྒྱབ་ནས་ཉེན་རྟོག་པར་རྒོལ་ལན་སློག ཉེན་རྟོག་པས་སློབ་ཕྲུག་གི་ཁྲོད་དུ་མཆི་སྦྱིན་དུག་རླངས་གཏོར་པ་དང་འགྱིག་གི་མདེའུ་བརྫངས་པའི་མེ་མདའ་བརྒྱབ། ཧོང་ཀོང་ལྷོ་ཕྱོགས་ཀྱི་མ་ཨོན་ཧྲན་ས་ཁུལ་དུ་སྲིད་གཞུང་གི་རྒྱབ་སྐྱོར་པ་ཞིག་ཡིན་སྲིད་པའི་མི་ཞིག་གིས་ངོ་རྒོལ་བ་ཚོར་རྩོད་པ་རྒྱག་གི་ཡོད་པ་དང་ངོ་རྒོལ་བ་ཚོས་མི་དེའི་ཐོག་ཏུ་ས་སྣུམ་བྱོ་ནས་མེར་སྒྲོན་ཡོད་པའི་བརྙན་འཕྲིན་ཞིག་དྲྭ་ལམ་དུ་ཁྱབ།
གཟའ་སྤེན་པའི་ཉིན་མི་ཁྲི་ཚོ་འགའ་ཞིག་ཧོང་ཀོང་ས་གནས་གཞུང་གི་ལས་ཁུངས་ཕྱི་ལོགས་སུ་འདུས་ནས་ངོ་རྒོལ་བྱས་པ་དང་། བདུན་ཕྲག་སྔོན་མའི་གཟའ་ཟླ་བའི་ཉིན་ལོ་ན་༢༢་ལ་སོན་པའི་སློབ་ཕྲུག་ངོ་རྒོལ་བ་ཆའོ་ཚུ་ལོཀ་ཟེར་པ་ཞིག་རླངས་འཁོར་འཇོག་ས་ནས་ལྷུང་སྟེ་སྲོག་སྐྱོན་བྱུང་། དེ་ནས་བཟུང་སྟེ་མི་མང་སྟང་ཕྲག་མང་པོས་སློབ་ཕྲུག་དེ་གྲོངས་སར་མེ་ཏོག་བཞག་པ་དང་ལཱ་སྒྲོན་སྦར་བ། མི་ཚོས་གཏམ་བཤད་བྱས་ནས་སློབ་ཕྲུག་འདས་པོ་དེར་རྗེས་དྲན་དང་མྱ་ངན་བྱ་རྒྱུ་མཚམས་མ་ཆད། ཧོང་ཀོང་བ་མང་པོ་ཞིག་གིས་སློབ་ཕྲུག་དེར་སྲོག་སྐྱོན་བྱུང་བའི་ལན་ཁག་ཉེན་རྟོག་པར་ཡོད་ཅེས་སྐྱོན་བཙུགས།
གཟའ་ཟླ་བའི་ངོ་རྒོལ་རྗེས་སུ་ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་གྱིས་གསར་འགོད་ལྷན་ཚོགས་བསྐོངས་ཏེ་ཧོང་ཀོང་གི་ངོ་རྒོལ་བ་ཚོས་དྲག་ཟིང་སློང་གི་འདུག མི་ཁག་ཅིག་གིས་ཧོང་ཀོང་གཞུང་གིས་ངོ་རྒོལ་དེའི་གནོན་ཤུགས་ལ་མགོ་སྒུར་རྒྱུ་རེད་བསམ་གྱི་ཡོད་ན་འཁྲུལ་སྣང་རེད་ཅེས་ཁ་རྡུང་བཏང་ཞིང་། ཁོ་མོས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་ཞུགས་ནས་འཛིན་བཟུང་བྱས་ཡོད་པ་རྣམས་གློད་གྲོལ་གཏོང་རྒྱུ་མིན། ཁྲིམས་འགལ་བྱས་པའི་མི་ཚོར་དཀར་འདོན་བྱ་ཐུབ་ཐབས་མེད། གལ་སྲིད་ཁོ་ཚོ་ཉེས་ཡངས་སུ་བཏང་ན་ཧོང་ཀོང་ལ་ཆབ་སྲིད་ཀྱི་ཟིང་འཁྲུག་སློང་གི་ཡོད་པ་ཚབས་ཆེན་མིན་པའི་རྣམ་འགྱུར་བསྟན་པར་འགྱུར་རྒྱུ་རེད་གཏམ་བཤད་བྱས་འདུག