ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཧོང་ཀོང་གི་གྲོས་ཚོགས་འཐུས་མི་གཉིས་ཚུད་པའི་མི་༡༦་འཛིན་བཟུང་། 


ཧོང་ཀོང་གི་གྲོས་ཚོགས་འཐུས་མི་དང་དམངས་གཙོ་དོན་གཉེར་བ་ཧུའི་ཊི་ཧྥང་འཛིན་བཟུང་བྱས་པ། ༢༠༢༠།༨།༢༦ 
ཧོང་ཀོང་གི་གྲོས་ཚོགས་འཐུས་མི་དང་དམངས་གཙོ་དོན་གཉེར་བ་ཧུའི་ཊི་ཧྥང་འཛིན་བཟུང་བྱས་པ། ༢༠༢༠།༨།༢༦ 

༄༅།། དེ་རིང་གཟའ་ལྷག་པའི་ཉིན་ཧོང་ཀོང་གི་ཉེན་རྟོག་པས་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་གཉིས་ཚུད་པའི་མི་༡༦་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག ཉེན་རྟོག་པས་གསར་འགོད་པ་ཚོར་བཤད་པ་ལྟར་ན་དེ་རིང་འཛིན་བཟུང་བྱས་པ་དེ་རྣམས་ལོ་ན་༢༦་ནས་༤༨་བར་དུ་ཡོད་ཅིང་། ཁོ་ཚོ་ན་ནིང་ཕྱི་ཟླ་༧་ཚེས་༢༡་ཉིན་གྱི་དྲག་ཟིང་ལས་འགུལ་ལ་ཞུགས་པའི་དོགས་གཞིའི་ཐོག་ཏུ་འཛིན་བཟུང་བྱས་པ་ཡིན། ཉིན་དེར་སྟོད་གོས་དཀར་པོ་གྱོན་པའི་མི་ཚོགས་ཤིག་གིས་ལྕགས་རིང་འཕྱར་ཏེ་མི་ཚོགས་ལ་རྡུང་རྡེག་བཏང་བ་རེད་ཅེས་བསྒྲགས། གྲོས་ཚོགས་འཐུས་མི་ལཱམ་གྱིས་རང་ཉིད་རྡུང་རྡེག་གཏོང་མཁན་ཚོར་འབྲེལ་བ་མེད། ཁོ་པར་ཉིན་དེའི་རྡུང་རྡེག་ཁྲོད་དུ་རྨས་སྐྱོན་ཕོག་སྟེ་འཚེམ་བུ་༡༨་བརྒྱབ་ནས་རྨ་ཁ་བཙེམས་པ་ཡིན་ཞེས་དག་འབུད་བྱས་ཀྱང་གྲོས་ཚོགས་འཐུས་མི་ལཱམ་དང་དམངས་གཙོ་ཚོགས་པའི་འཐུས་མི་ཧུའི་ཊི་ཧྥང་། ད་དུང་སྐྱེས་པ་གཞན་པ་གཉིས་དང་བུད་མེད་གཅིག་བཅས་མི་༦་ལ་ན་ནིང་ཕྱི་ཟླ་༦་པའི་ཚེས་༦་ཉིན་ཧོང་ཀོང་གི་ཐུན་མུན་སྤྱི་གླིང་གི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱས་འདུག ཁོ་ཚོ་ཁྲིམས་འགལ་འདུ་འཛོམས་ལ་ཞུགས་པ་དང་གཏོར་བཅོམ་གྱི་ཁྲིམས་འགལ་ལ་འབྲེལ་བ་འདུག ཧོང་ཀོང་གི་གྲོས་ཚོགས་འཐུས་མི་དེ་ཚོས་ཁྲིམས་ལ་བརྩི་མེད་དང་རྒྱབ་འགལ་བྱས་སོང་། ཁོ་ཚོས་ཀུན་སློང་ངན་པ་བཅངས་ནས་གློག་ཀླད་ཅིག་སྒོ་ཕྱེ་པ་རེད་ཅེས་ནག་ཉེས་བཙུགས།།

ཧོང་ཀོང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལཱམ་དང་ངོ་རྒོལ་ལས་འགུལ་བ་ཚོས་ན་ནིང་ཕྱི་ཟླ་༧་ཚེས་༢༡་ཉིན་ཧོང་ཀོང་གི་ཉེན་རྟོག་ཚོས་མི་མང་ལ་རྡུང་རྡེག་གཏོང་མཁན་ཚོར་གནོན་སྡོམ་མ་བྱས་པ་དང་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་དེར་འཐུས་ཤོར་བཏང་སོང་། མི་མང་ངོ་རྒོལ་བ་ཚོར་ལྕགས་རིང་གིས་རྡུང་རྡེག་གཏོང་མཁན་སྟོད་གོས་དཀར་པོ་གྱོན་པ་རྣམས་དང་ཧོང་ཀོང་གི་ཉེན་རྟོག་པ་ཚོ་ཁ་མཐུན་རེད་ཅེས་ཉེས་སྐྱོན་བཙུགས། ད་ལྟའི་བར་དུ་ཧོང་ཀོང་གི་ཉེན་རྟོག་པས་སྔ་རྗེས་སུ་ཁྱོན་བསྡོམས་ན་ནིང་གི་དྲག་ཟིང་དེར་འབྲེལ་བ་ཡོད་པའི་མི་༤༣་འཛིན་བཟུང་བྱས་པ་དང་མི་༧་ལ་དྲག་ཟིང་བསླངས་པའི་ནག་ཉེས་ཕོག ཕྱི་ཟླ་༨་ཚེས་༢༦་གི་ཞོགས་པར་ཧོང་ཀོང་གི་ཉེན་རྟོག་པ་ཚོས་གྲོས་ཚོགས་འཐུས་མི་ལཱམ་དང་ཧུའི་ཊི་ཧྥང་གཉིས་ཀྱིས་ཐུན་མུན་སྤྱི་གླིང་ཕྱི་ལོགས་སུ་སྐྱེས་པ་ཞིག་གི་ཁ་པར་ནང་དུ་ཕབ་ལེན་བྱས་ཡོད་པའི་འདྲ་པར་དང་བརྙན་འཕྲིན་རྣམས་བསུབ་ཏུ་བཅུག་པའི་ནག་ཉེས་ཐོག་ཏུ་འཛིན་བཟུང་བྱས་པ་ཡིན་ཞེས་བཀྲལ། གྲོས་ཚོགས་འཐུས་མི་ལཱམ་གྱིས་ཧོང་ཀོང་ནི་མི་ཚོས་འཕྱ་འོས་པའི་ས་གནས་ཤིག་ཏུ་གྱུར་པ་རེད། ཇག་ཚོགས་ཀྱི་ཉེན་རྟོག་པ་རྣམས་དབང་འཛིན་པར་གྱུར་པ་དང་ཁྱོད་ཚོ་སྲིད་དོན་གྱི་ལྟ་བ་མི་མཐུན་པ་རྣམས་མགོ་བོ་གནོན་སྤྱད་ཅ་ལག་ལྟ་བུ་ཞིག་ཏུ་གྱུར་འདུག ད་ལྟ་ཉེན་རྟོག་པ་རྣམས་ལེགས་ཉེས་ཀྱི་དབྱེ་བ་འབྱེད་མི་ཤེས་པའི་མཚམས་དེར་སླེབས་འདུག ཁོ་ཚོས་བསམ་ངན་གྱི་སྒོ་ནས་ཉེས་རྡུང་ཕོག་མཁན་ཞིག་ཉེས་རྡུང་གཏོང་མཁན་ཚོར་འབྲེལ་བ་ཡོད་ལུགས་ཀྱི་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད་ཅེས་ཉེན་རྟོག་པར་ཁ་རྡུང་བཏང་འདུག

ཧོང་ཀོང་གི་དམངས་གཙོ་ཚོགས་པའི་གཙོ་འཛིན་ཝུ་ཊི་ཝེས་ཉེན་རྟོག་པས་དགྲ་ལན་སློག་གི་འདུག ཧོང་ཀོང་གཞུང་གིས་རང་གི་དབང་ཚད་བཀོལ་ནས་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པར་མ་ཟད། ཧོང་ཀོང་གི་་སྤྱི་ཚོགས་འཆམ་མཐུན་ཡོང་རྒྱུ་དེར་འབད་བརྩོན་བྱ་རྒྱུའི་ཚབ་ཏུ་ཧོང་ཀོང་གི་སྤྱི་ཚོགས་ལ་འགལ་ཟླ་ཆེ་རུ་གཏོང་གི་འདུག སྔ་ལོ་གྲོས་ཚོགས་འཐུས་མི་ལཱམ་དང་ཧུའི་ཊི་ཧྥང་གཉིས་ཐུན་མུན་སྤྱི་གླིང་ལ་མང་ཚོགས་ཀྱི་ངོ་རྒོལ་ཞོད་འཇགས་གཏོང་དུ་ཕྱིན་པ་རེད། ད་ལྟ་ང་ཚོས་ཕྱོགས་གང་ནས་བལྟས་ཀྱང་ཧོང་ཀོང་གཞུང་གིས་དཀར་པོ་ནག་པོར་སྒྱུར་གྱི་ཡོད་པ་དང་བདེན་རྫུན་གོ་ལྡོག་གི་ཡོད་པ་ཧ་ཅང་གསལ་པོ་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་ནས་ངོ་རྒོལ་བྱས་ཡོད་ཅིང་། ད་ལོའི་མགོ་སྟོད་དེར་གྲོས་ཚོགས་འཐུས་མི་ལཱམ་དང་ཕྱི་ཟླ་༧་པའི་ཚེས་༢༡་ཉིན་རྨས་སྐྱོན་ཕོག་པའི་མི་བདུན་གྱིས་ཧོང་ཀོང་གི་ཉེན་རྟོག་པའི་སྤྱི་ཁྱབ་ལ་ཁ་མཆུ་བཙུགས་ཏེ་སྟོད་གོས་དཀར་པོ་གྱོན་པའི་དྲག་སྤྱོད་པ་རྣམས་དང་ཧོང་ཀོང་གི་ཉེན་རྟོག་པ་འབྲེལ་བ་འདུག ང་ཚོར་ཧོང་ཀོང་གཞུང་གིས་ཨ་སྒོ་༣༥༠༠༠༠་གྱོང་གསབ་སྤྲོད་དགོས་ཞེས་ཁྲིམས་ལ་གཏུགས། ཧོང་ཀོང་གི་ཉེན་རྟོག་པ་ཚོས་རང་ཉིད་སྟོད་གོས་དཀར་པོ་གྱོན་པའི་དྲག་སྤྱོད་པ་ཚོར་འབྲེལ་བ་མེད་ཅེས་ངོས་ལེན་བྱེད་ཀྱི་མེད་མོད། འོན་ཀྱང་ཉམས་ཞིབ་པ་ཚོས་ན་ནིང་ཕྱི་ཟླ་༧་པའི་ཚེས་༢༡་ཉིན་མེ་འཁོར་འབབ་ཚུགས་སུ་གདོང་འབག་དང་སྟོད་གོས་དཀར་པོ་གྱོན་པའི་མི་ཚོགས་ཤིག་གིས་མི་མང་ངོ་རྒོལ་བ་ཚོར་ལྕགས་རིང་གིས་རྡུང་རྡེག་བཏང་བ་དེར་ཧོང་ཀོང་གཞུང་གིས་རྩད་གཅོད་ནན་པོ་ཞིག་བྱེད་ཀྱི་མེད་པའི་རྒྱུ་མཚན་ཅི་ཡིན། ཧོང་ཀོང་གི་ཉེན་རྟོག་པའམ། ཡང་ན་རྒྱ་ནག་གི་ཕྱོགས་གཏོགས་པ་ཚོང་པ་ཚོས་ཇག་ཚོགས་ཤིག་གླས་ནས་མི་མང་ངོ་རྒོལ་བ་ཚོར་རྡུང་རྡེག་གཏོང་དུ་བཅུག་པ་ཡིན་སྲིད་པའི་དོགས་སློང་བྱེད་ཀྱི་ཡོད་པ་རེད།།

༢༠༡༩་ལོར་ཧོང་ཀོང་གཞུང་གིས་ས་གནས་དེའི་གྲོས་ཚོགས་ལ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས་ཞེས་གནོན་ཤུགས་སྤྲད། ཧོང་ཀོང་གི་དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་པ་ཚོས་རྩིས་སྤྲོད་བཅའ་ཁྲིམས་དེའི་དམིགས་ཡུལ་ནི་རྒྱ་ནག་སྐམ་ས་ཆེན་མོ་ནས་སྲིད་དོན་གྱི་ལྟ་བ་མི་མཐུན་པ་དང་དམངས་གཙོ་དོན་གཉེར་བ་རྣམས་ཧོང་ཀོང་ལ་བྲོས་བྱོལ་དུ་ཡོང་ཡོད་པ་རྣམས་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱ་རྒྱུའི་དམིགས་ཡུལ་རེད་ཅེས་གྲོས་ཚོགས་ཁང་མཐའ་བསྐོར་ནས་ངོ་རྒོལ་མགོ་བརྩམས། མཐར་ཧོང་ཀོང་གཞུང་གིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་ཕྱིར་འཐེན་བྱས་ཀྱང་མངའ་ཁུལ་དེའི་མི་མང་གིས་ཟླ་བ་མང་པོར་ངོ་རྒོལ་ཁྲོམ་སྐོར་བྱས་ནས་ཉེན་རྟོག་པའི་དྲག་གནོན་ལ་ཞིབ་འཇུག་བྱ་དགོས། ཧོང་ཀོང་མི་མང་གི་ངོ་རྒོལ་ལས་འགུལ་ལ་ཟིང་འཁྲུག་ཅེས་ཉེས་འཛུགས་བྱེད་མི་ཆོག ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་ངོ་རྒོལ་བ་རྣམས་གློད་གྲོལ་གཏོང་དགོས། ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་རང་གི་ལས་གནས་ནས་དགོངས་པ་ཞུ་དགོས། ཧོང་ཀོང་ལ་ཡོངས་ཁྱབ་ཀྱི་དམངས་གཙོའི་འོས་འདེམས་བྱ་དགོས་ཞེས་དགོས་འདུན་ཁག་ཅིག་བཏོན། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་དེར་རྒྱབ་སྐྱོར་པ་ཆེས་མང་བའི་དུས་མི་གྲངས་ས་ཡ་༢་ཡས་མས་རེ་འདུས་པ་དང་མི་ཚོགས་ཆུང་བའི་དུས་མི་མང་ཁྲི་ཚོ་འགའ་ཤས་ཀྱིས་ཧོང་ཀོང་གི་ས་གནས་ཁག་ཏུ་མངའ་ཁུལ་དེའི་འགོ་ཁྲིད་ཚོར་ངོ་རྒོལ་བྱས་པ་དང་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་ངོ་རྒོལ་སྐད་འབོད་བྱས་འདུག

ད་ལོའི་ཕྱི་ཟླ་༥་པར་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཧོང་ཀོང་གི་གྲོས་ཚོགས་དང་མངའ་ཁུལ་དེའི་ས་གནས་གཞུང་གཉིས་མ་བརྒྱུད་པར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པའི་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ནས་ཧོང་ཀོང་ལ་ལག་ལེན་བསྟར། དེར་བརྟེན་དབྱིན་ཇི་དང་རྒྱ་ནག་གཉིས་ཀྱིས་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་སྐབས་སུ་མངའ་ཁུལ་དེར་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་དགོས་ཞེས་གྲོས་མཐུན་བཞག་པ་བརྩི་མེད་དུ་སོང་། ༡༩༩༧་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་མཚམས་བཞག་སྟེ་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་རྣམས་འཛིན་བཟུང་དང་བཙོན་འཇུག ཧོང་ཀོང་གི་སློབ་དེབ་ཁག་ལ་ཞིབ་བཤེར་བྱས་ནས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་སྐྱོན་བརྗོད་འཁོད་པ་རྣམས་ནག་སུབ་བྱས་པ་དང་དམངས་གཙོ་དོན་གཉེར་བ་རྣམས་མངའ་ཁུལ་དེར་འཚོ་གནས་མ་ཐུབ་པར་ཐེ་ཝན་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཙན་བྱོལ་ལ་འགྲོ་དགོས་བྱུང་བ། ཨ་མི་རི་ཀས་ཧོང་ཀོང་ལ་དམིགས་བསལ་ཚོང་འབྲེལ་གྱི་གནས་བབ་ཅིག་སྤྲོད་ཀྱི་ཡོད་པ་ཕྱིར་བསྡུ། ཨ་མི་རི་ཀའི་དངོས་ཟོག་ཁག་ཅིག་སྔར་བཞིན་ཧོང་ཀོང་ལ་ཕྱིར་ཚོང་བྱེད་མི་ཆོག་པ་དང་ཧོང་ཀོང་བ་ཚོ་ཐོངས་མཆན་ཞུ་མི་དགོས་པར་ཨ་མི་རི་ཀར་ཡོང་ཆོག་པའི་ཐོབ་ཐང་ཕྱིར་བསྡུ། ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གཙོས་ས་གནས་དེའི་འགོ་ཁྲིད་༡༡་ལ་ཨ་མི་རི་ཀས་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ། ཁོ་ཚོ་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་མིན་པ་དང་དེ་དག་གི་བཟའ་ཟླ་བུ་ཕྲུག་རྣམས་ཀྱང་ཨ་མི་རི་ཀར་སྤྲོ་འཆམ་དང་སློབ་ཆེན་ཁག་ལ་སློབ་སྦྱོང་བྱེད་དུ་མི་ཡོང་མི་ཆོག་པའི་ཉེས་ཆད་བཅད། ད་ལྟ་རྒྱལ་ཁབ་མང་དག་ཅིག་གིས་ཧོང་ཀོང་ལ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་གྲོས་མཐུན་ཞིག་བཞག་ཡོད་པ་རྣམས་ལག་ལེན་བསྟར་རྒྱུ་ངང་འཐེན་བྱེད་ཀྱི་ཡོད་པ་དང་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་རྣམས་འཛིན་བཟུང་བྱེད་ཀྱི་ཡོད་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG