༄༅།། ཕྱི་ཟླ་༡༡་པའི་ཚེས་༢༤་ཉིན་ཧོང་ཀོང་ལ་ས་གནས་འོས་འདེམས་བྱས་ནས་དམངས་གཙོའི་ཤོག་ཁག་ལ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་ཁ་ཐོབ། ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་གྱིས་ས་གནས་འོས་འདེམས་ཀྱི་གྲུབ་འབྲས་ལ་བལྟས་ན་མི་མང་རྣམས་སྲིད་གཞུང་ལ་འདོད་བློ་མ་ཚིམས་པའམ། ཡང་ན་ཧོང་ཀོང་གཞུང་གིས་ལས་དོན་སྒྲུབ་ཕྱོགས་འཐུས་སྒོ་མ་ཚང་བ་ཡོད་ཅིང་། ལྷག་པར་དུ་ཧོང་ཀོང་ལ་ངོ་རྒོལ་བྱུང་བ་དེར་མི་མང་རྣམས་དགའ་མོས་མ་བྱུང་བའི་རྟགས་མཚན་གསལ་པོར་བསྟན་སོང་། ངས་ཧོང་ཀོང་གཞུང་ལ་ཉེས་སྐྱོན་ཡོད་པ་ཁས་ལེན་བྱེད་ཆོག་ཅེས་བཤད་ཀྱང་ཧོང་ཀོང་གི་ངོ་རྒོལ་བ་ཚོས་དགོས་འདུན་དོན་ཚན་ལྔ་བཏོན་ཡོད་པ་དེའི་ནང་གི་དོན་ཚན་བཞི་སྟེ། ད་ལོའི་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་ཟིང་འཁྲུག་ཅེས་ཉེས་མིང་འདོག་མི་ཆོག ཧོང་ཀོང་གི་ཉེན་རྟོག་པས་མི་མང་ངོ་རྒོལ་བ་ཚོར་དྲག་གནོན་བྱས་པར་རང་བཙན་གྱི་ཚོགས་ཆུང་ཞིག་བཙུགས་ཏེ་ཞིབ་འཇུག་བྱ་དགོས། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་ཞུགས་ནས་འཛིན་བཟུང་བྱས་པ་རྣམས་ཉེས་ཡངས་བཏང་ནས་གློད་གྲོལ་གཏོང་དགོས། ཧོང་ཀོང་གི་སྤྱི་ཁྱབ་དང་གྲོས་ཚོགས་འཐུས་མི་རྣམས་མངའ་ཁུལ་དེའི་མི་མང་ལ་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དུ་འཇུག་དགོས་ཞེས་དགོས་འདུན་བཏོན་ཡོད་པ་རྣམས་བསྒྲུབ་རྒྱུའི་ཁས་བླངས་མེད་པ་རེད།
རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་ཧོང་ཀོང་གི་ས་གནས་འོས་འདེམས་ཀྱི་གྲུབ་འབྲས་ནི་གནད་འགག་ཆེན་པོ་མ་རེད། འོས་འདེམས་ཀྱི་གྲུབ་འབྲས་ཀྱང་ཡིད་རྟོན་རུང་བ་ཞིག་མིན། ཧོང་ཀོང་གི་དམིགས་བསལ་ས་ཁུལ་གྱི་རྒྱ་ཆེའི་མང་ཚོགས་རྣམས་སྔར་བཞིན་རྒྱ་ནག་ལ་དགའ་ཞེན་དང་ས་གནས་དེའི་སྲིད་གཞུང་ལ་རྒྱབ་སྐྱོར་ཡོད་པའི་གསར་འགྱུར་སྤེལ། དཔེར་ན་མི་དམངས་ཉིན་རེའི་ཚགས་པར་ལ་ཧོང་ཀོང་གི་སྤྱི་ཚོགས་སུ་ཟིང་འཁྲུག་བསླངས་པ་དེས་འོས་འདེམས་ཀྱི་རྒྱུད་རིམ་ཁག་ལ་གཏོར་བརླག་ཆེན་པོ་བྱུང་སོང་ཞེས་རྩོམ་ཡིག་བཀོད། རྒྱ་ནག་ཉིན་རེའི་ཚགས་པར་གྱི་དབྱིན་ཡིག་གི་པར་མའི་མདུན་ཤོག་ལ་ཧོང་ཀོང་གི་ས་གནས་འོས་འདེམས་དུས་སུ་མི་ལ་འཇིགས་སྣང་བསྐུལ། གཡོ་ཐབས་སྣ་ཚོགས་ཤིག་སྤྱད་ནས་པེ་ཅིང་གི་ཕྱོགས་གཏོགས་འོས་མི་ཚོར་ཕམ་ཉེས་བྱུང་བ་རེད་ཅེས་ཆེད་བརྗོད་སྤེལ། གཟའ་མཇུག་གི་འོས་འདེམས་སྐབས་སུ་ཧོང་ཀོང་གི་ས་གནས་ཁག་གི་འཐུས་མི་བརྒྱ་ཆ་༩༠་ལྷག་དམངས་གཙོའི་ཤོག་ཁག་གི་འཐུས་མི་ཚོར་ཐོབ་སྟེ་རྒྱ་ནག་གི་ཕྱོགས་གཏོགས་པ་ཧོང་ཀོང་གི་སྲིད་དོན་པ་ཚོར་ཕམ་ཉེས་ཆེན་པོ་བྱུང་ཞིང་། ༢༠༡༥་ནས་ད་ལྟའི་བར་དུ་ཧོང་ཀོང་ས་གནས་ཀྱི་འཐུས་མི་འོས་འདེམས་དུས་སུ་རྒྱ་ནག་གི་ཕྱོགས་གཏོགས་པ་ཚོར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་འདུག
ད་ལྟ་ཧོང་ཀོང་གི་དམངས་གཙོའི་ཤོག་ཁག་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་པས་སྤྱི་ཁྱབ་ཁེ་རི་ལམ་ལ་ཧོང་ཀོང་གི་སྤྱི་ཁྱབ་དང་གྲོས་ཚོགས་འཐུས་མི་རྣམས་མངའ་ཁུལ་དེའི་མི་དམངས་ལ་ཐད་ཀར་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དུ་འཇུག་དགོས། ཁེ་རི་ལམ་གྱིས་ཧོང་ཀོང་ལ་དམངས་གཙོའི་སྒྱུར་བཅོས་གཏོང་དགོས། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཁག་ལ་ཉེན་རྟོག་པས་དྲག་གནོན་བྱས་པར་ཞིབ་འཇུག་བྱ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད། འོན་ཀྱང་ཁེ་རི་ལམ་གྱི་བདུན་རེའི་གསར་འགོད་ལྷན་ཚོགས་སྐབས་སུ་མི་མང་གི་དགོས་འདུན་བཏོན་པ་རྣམས་ཟུར་དུ་བཞག་སྟེ་ཧོང་ཀོང་ལ་ཟིང་ཆ་ལངས་པའི་འགག་རྩ་དེར་ཞིབ་འཇུག་བྱ་དགོས་ཞེས་ལངས་ཕྱོགས་གསལ་སྟོན་བྱས་ཤིང་། ཉམས་ཞིབ་པ་མང་པོ་ཞིག་གིས་ཁེ་རི་ལམ་གྱིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཁག་ཞོད་འཇགས་ཡག་པོ་ཞིག་གཏོང་ཐུབ་མེད་པར་མ་ཟད། གཟའ་འཁོར་འདིའི་ས་གནས་འོས་འདེམས་དུས་སུའང་ཧོང་ཀོང་གི་དམངས་གཙོའི་ཤོག་ཁག་ལ་རྒྱལ་ཁ་ཆེན་པོ་ཐོབ། རྒྱ་ནག་གི་ཕྱོགས་གཏོགས་པ་ཚོར་ཕམ་ཉེས་ཆེན་པོ་བྱུང་བའི་ལན་ཁག་རྣམས་ཁེ་རི་ལམ་ལ་ཐུག་ཡོད། དེར་བརྟེན་ལོ་རྗེས་མའི་སྤྱི་ཟླ་༣་པར་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུ་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུའི་དུས་སུ་ཁེ་རི་ལམ་གནས་དབྱུང་གཏོང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གི་མགྲིན་ཚབ་པ་ཞིག་གིས་ཁེ་རི་ལམ་ལ་སྔར་བཞིན་དབུས་གཞུང་གི་རྒྱབ་སྐྱོར་ཡོད་ཅེས་བསྐྱར་ཟློས་བྱས་འདུག
ཧོང་ཀོང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལམ་ཆུག་ཐིང་ཞེས་པ་ཞིག་གིས་ཁེ་རི་ལམ་གྱི་སྐད་ཆ་བཤད་སྟངས་ལ་ཉན་ཚེ། ཁོ་མོས་ཧོང་ཀོང་གི་དཀའ་ངལ་འདི་སེལ་དགོས་པའི་བསམ་གཞིག་བྱེད་ཀྱི་མེད་པ་དང་འགན་འཁྲི་ལེན་གྱི་མེད་པ། ཁོ་མོ་སེམས་ཐག་གཙང་བཅད་མིན་པའི་རྣམ་འགྱུར་ཞིག་ཐོན་སོང་། རྒྱ་ནག་གི་ཕྱོགས་གཏོགས་པ་ཚོར་ཕམ་ཉེས་བྱུང་ནས་གཉིད་སད་ཀྱང་ཁེ་རི་ལམ་ད་དུང་ཡང་དྲན་ཤེས་བརླགས་པ་ལྟར་གཉིད་སྟུག་པོ་ཞིག་ཁུག་རྒྱུ་བདམས་པ་རེད་ཅེས་ཉེས་སྐྱོན་བགྲངས། ༢༠༡༥་ལོའི་ཧོང་ཀོང་གི་ས་གནས་འཐུས་མི་འོས་འདེམས་སྐབས་སུ་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༤༥་ལས་བྱུང་མེད། ༢༠༡༩་ལོའི་ཧོང་ཀོང་གི་ས་གནས་འཐུས་མི་འོས་འདེམས་དུས་སྐབས་སུ་མི་མང་འོས་ཤོག་འཕེན་མཁན་ས་ཡ་༣་མ་ཟིན་ཙམ་གྱིས་འོས་ཤོག་འཕངས་ཡོད་པ་སྟེ། ད་ལོའི་འོས་འདེམས་ལ་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༧༡་བྱུང་ཡོད། འདི་ནི་རྒྱ་ནག་གཞུང་གིས་རྒྱུད་སྐུལ་བྱས་པ་ལྟར་ཧོང་ཀོང་གི་འགོ་ཁྲིད་ཚོས་ས་གནས་དེར་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་རྒྱུའི་འཆར་འགོད་བྱས་ནས་བཟུང་། འདས་པའི་ཟླ་བ་༦་ལྷག་ལ་ཧོང་ཀོང་མི་མང་གིས་ངོ་རྒོལ་བྱས་ནས་ཟིང་ཆ་ཆེན་པོ་ལངས། མཐར་ཧོང་ཀོང་གཞུང་གིས་བཅའ་ཁྲིམས་དེ་ཕྱིར་བསྡུ་བྱ་དགོས་བྱུང་རུང་རྒྱ་ནག་གིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་རྣམས་བརྩི་མེད་གཏོང་རྒྱུ་ལོ་རེ་བཞིན་དུ་ཇེ་སྡུག་ལ་འགྲོ་བཞིན་ཡོད་པས་ཧོང་ཀོང་མི་དམངས་ཀྱིས་ས་གནས་འོས་འདེམས་དུས་སུ་དམངས་གཙོའི་ཤོག་ཁག་ལ་རྒྱབ་སྐྱོར་བྱས་ཏེ། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པར་ངོ་རྒོལ་ཡོད་པའི་རྣམ་འགྱུར་བསྟན་འདུག
ཉེ་ཆར་ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོ་ངོ་རྒོལ་ལས་འགུལ་འབྱུང་ས་ལྟེ་བ་ཞིག་དང་ཉེན་རྟོག་པས་མཐའ་སྐོར་ས། ཧོང་ཀོང་གི་སློབ་ཕྲུག་མང་པོ་ཞིག་ཉེན་རྟོག་པའི་འཛིན་བཟུང་ལ་གཡོལ་ཐབས་སུ་སློབ་གྲྭའི་ནང་དུ་སྐུང་། སློབ་ཕྲུག་མང་པོ་ཞིག་བྲོས་ཐར་པ་དང་ཁག་ཅིག་ཉེན་རྟོག་པས་འཛིན་བཟུང་། དེ་རིང་ཕྱི་ཟླ་༡༡་པའི་ཚེས་༢༦་ཉིན་ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོའི་ལས་སྣེ་ཚོས་སློབ་ཕྲུག་ན་གཞོན་མ་ཞིག་བཀྲས་ལྟོགས་དང་སྐོམ་གདུང་། ངལ་དུབ་སོགས་ཀྱིས་མནར་ཏེ་ལུས་སྟོབས་ཤོར། ཁོ་མོ་སློབ་གྲྭའི་ནང་དུ་སྐུང་ཡོད་པ་རྙེད་ནས་སྐྱོབ་ཐུབ་འདུག སློབ་ཆེན་དེའི་གཙོ་འཛིན་གཞོན་པ་ཨ་ལིཀ་ཟན་ཌར་ཝེ་ཞེས་པ་ཞིག་གིས་ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོ་ནི་ཧ་ཅང་གི་རྒྱ་ཆེན་པོ་རེད། ད་དུང་ཡང་སློབ་ཕྲུག་ཁག་ཅིག་སློབ་གྲྭའི་ནང་དུ་སྐུང་ཡོད་སྲིད། དེ་རིང་རྙེད་པའི་སློབ་ཕྲུག་བུ་མོ་དེ་ལོ་༡༨་ཡན་ཆད་རེད། ཁོ་མོ་སྨན་ཁང་ལ་འཁྱེར་ནས་སྨན་བཅོས་བྱེད་བཞིན་ཡོད་ཅེས་བཤད། སློབ་ཆེན་དེའི་ལས་སྣེ་ཚོས་ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོར་སློབ་ཕྲུག་ཉུང་ཤས་ཤིག་སྐུང་ཡོད་པ་རྣམས་རང་ཁྱིམ་དུ་ལོག་དགོས་པའི་སྐུལ་ལྕག་གཏོང་གི་ཡོད་པ་དང་སློབ་ཆེན་དེར་སྨན་ཞབས་པ་དང་སེམས་ཁམས་རིག་པ་བ། སྨན་པ་དང་གྲོས་མོལ་བྱེད་མཁན་རྣམས་འགྲེམ་འཇོག་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱས་མེད་པ་དང་། ཧོང་ཀོང་གི་ཉེན་རྟོག་པ་རྣམས་ཀྱང་སྔར་བཞིན་སློབ་ཆེན་དེར་བཀྲམ་ཡོད་པ་རེད།།