ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༢༧

ཧོང་ཀོང་གི་གསར་འགོད་པ་པཱའོ་ཆོ་ཡེ་ལ་ཁྲིམས་བཤེར། 


༄༅།། ཧོང་ཀོང་གི་སྤྱི་དམངས་བརྙན་འཕྲིན་ཁང་གི་གསར་འགོད་པ་སྐད་གྲགས་ཅན་པཱའོ་ཆོ་ཡེ་གཟའ་ལྷག་པའི་ཉིན་ཁྲིམས་ཁང་ལ་ཁྲིད་ནས་ཁྲིམས་བཤེར་བྱས་འདུག ཁོང་ལ་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱས་པ་དང་ཧོང་ཀོང་གི་རླངས་འཁོར་བདག་པོ་རྣམས་རྩད་གཅོད་བྱས་ནས་གནས་ཚུལ་བསྡུ་རུབ་བྱས་པའི་ནག་ཉེས་བཙུགས། ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གསར་འགོད་པ་པཱའོ་ཆོ་ཡེས་རང་ལ་ནག་ཉེས་བཀལ་ཡོད་པ་དེར་ངོས་ལེན་མ་བྱས་པར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གསར་འགོད་རང་དབང་རྩ་མེད་གཏོང་གི་ཡོད་པ་དང་དམངས་གཙོའི་དོན་དུ་ངོ་རྒོལ་བྱེད་མི་ཆོག་པ་ཞིག་ཏུ་སྒྱུར་གྱི་ཡོད་པར་བློ་འཚབ་ཆེན་པོ་ཡོད་ཅེས་ལན་བཏབ། ཕྱི་ཟླ་༣་པའི་ཚེས་༢༤་ཉིན་གསར་འགོད་པ་པཱའོ་ཆོ་ཡེའི་ལས་རོགས་ཁག་ཅིག་ཁྲིམས་ཁང་གི་ཕྱི་ལོགས་སུ་འདུས་ནས་གསར་འགོད་ལས་རིགས་ནི་ཁྲིམས་འགལ་མིན། འཇིགས་སྣང་དང་ཕྱོགས་འཛིན་མེད་ཅེས་བཀོད་པའི་ཡིག་བྱང་འཕྱར། ཁྲིམས་ཁང་གིས་གསར་འགོད་པ་པཱའོ་ཆོ་ཡེ་ལ་ནག་ཉེས་ཡོད་པའི་ཐག་གཅོད་བྱེད་ན་ཧོང་ཀོང་སྒོར་མོ་༥༠༠༠་ལྷག་གི་དཔལ་འབྱོར་ཉེས་ཆད་དང་དུས་ཡུན་ཟླ་བ་༦་གི་བཙོན་འཇུག་ཁྲིམས་ཐག་གཅོད་སྲིད་པའི་ཉེན་ཁ་ཡོད་པ་རེད།།

གསར་འགོད་པ་པཱའོ་ཆོ་ཡེས་ཧོང་ཀོང་གི་རླངས་འཁོར་གྱི་ཨང་རྟགས་དང་རླངས་འཁོར་གྱི་བདག་པོ་སུ་ཡིན་གྱི་ཡིག་ཆ་རྣམས་དྲྭ་ལམ་དུ་འཚོལ་ཞིབ་བྱས་ཤིང་། ཁོ་མོས་དེ་ལྟར་འཚོལ་ཞིབ་བྱས་པའི་དགོས་པ་ནི་ཧོང་ཀོང་སྤྱི་དམངས་བརྙན་འཕྲིན་ཁང་གི་བདེན་པ་སུ་ལ་ཡོད་པ་རེད་ཅེས་པའི་ལས་རིམ་གྱི་ཆེད་དུ་ཡིན་པར་མ་ཟད། བདེན་པ་སུ་ལ་ཡོད་པ་རེད་ཅེས་པའི་བརྙན་འཕྲིན་ལས་རིམ་ནང་དུ་༢༠༡༩་ལོར་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཚོར་རྒྱུག་པ་དང་ལྕགས་རིང་ཐོགས་པའི་ཇག་ཚོགས་ཤིག་གི་གཏོར་རྒོལ་ཕོག ཧོང་ཀོང་ས་གནས་གཞུང་གིས་ཇག་ཚོགས་དེ་གླས་ནས་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་ངོ་རྒོལ་བ་ཚོར་གཏོར་རྒོལ་བྱེད་དུ་བཅུག་པ་ཡིན་མིན། རྒྱ་ནག་དབུས་གཞུང་དང་ཧོང་ཀོང་ས་གནས་གཞུང་གཉིས་ཇག་ཚོགས་དེར་འབྲེལ་བ་ཡོད་མེད། ཧོང་ཀོང་གི་ཉེན་རྟོག་པས་འཕྲལ་དུ་ཇག་ཚོགས་བཀག་སྟེ་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་མི་མང་ངོ་རྒོལ་བ་ཚོར་སྲུང་སྐྱོབ་མ་བྱས་པའི་རྒྱུ་མཚན་ཅི་ཡིན་བཅས་ལ་ཞིབ་འཇུག་བྱས་ནས་གནས་ཚུལ་སྤེལ་གྱི་ཡོད་ཅིང་། ཧོང་ཀོང་གི་ཉེན་རྟོག་ལས་ཁང་གིས་ཇག་ཚོགས་འཕྲལ་དུ་བཀག་ནས་མི་མང་ལ་སྲུང་སྐྱོབ་བྱས་ཡོད་ཅེས་བཤད། ཧོང་ཀོང་སྤྱི་དམངས་བརྙན་འཕྲིན་ཁང་གིས་སྐབས་དེའི་ཇག་ཚོགས་ཀྱི་གཏོར་རྒོལ་དངོས་སུ་མཐོང་བའི་མི་ཚོས་བརྙན་འཕྲིན་བརྒྱབ་པ་དང་ཉེ་འཁོར་གྱི་བདེ་འཇགས་སྲུང་སྐྱོབ་པར་ཆས་ཁག་གི་ནང་དུ་ཐེབས་པའི་བརྙན་འཕྲིན། ཇག་ཚོགས་དེས་བཏང་བའི་རླངས་འཁོར་གྱི་ཨང་རྟགས་སོགས་ལ་རྩད་གཅོད། མི་ལ་བཅར་འདྲི་ཞུས་ཏེ་རླངས་འཁོར་གྱི་བདག་པོ་རྣམས་ལ་རྩད་གཅོད་བྱས་པའི་ལས་རིམ་རྒྱང་སྲིང་བྱས་འདུག

ཧོང་ཀོང་སྤྱི་དམངས་བརྙན་འཕྲིན་ཁང་གིས་ཞིབ་འཇུག་བྱས་པའི་རྒྱུད་རིམ་ཁྲོད་དུ་མི་མང་ངོ་རྒོལ་བ་ཚོར་གཏོར་རྒོལ་བྱེད་མཁན་ཁག་ཅིག་པེ་ཅིང་གི་ཕྱོགས་གཏོགས་པ་ཚོར་འབྲེལ་བ་ཡོད་པ་སྟེ། ཧོང་ཀོང་གི་གྲོང་གསེབ་ཁག་ཏུ་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཚོགས་པ་ཁག་ལ་འབྲེལ་བ་ཡོད་པ་རྩད་ཆོད། ཧོང་ཀོང་སྤྱི་དམངས་བརྙན་འཕྲིན་ཁང་གིས་ཇག་ཚོགས་ཀྱི་གཏོར་རྒོལ་མ་བྱས་པའི་ཆུ་ཚོད་འགའ་ཞིག་གི་སྔོན་ནས་ས་ཁུལ་དེར་ཉེན་རྟོག་པའི་རླངས་འཁོར་ཡོད་ཀྱང་གཏོར་རྒོལ་མ་བཀག་པ་རེད་ཅེས་སྐྱོན་བཙུགས། ན་ནིང་ཕྱི་ཟླ་༡༡་པའི་ནང་དུ་ཧོང་ཀོང་སྤྱི་དམངས་བརྙན་འཕྲིན་ཁང་གི་ཞིབ་འཇུག་ལས་རིམ་དེ་རྒྱང་སྲིང་བྱས་པའི་རྗེས་སུ་གསར་འགོད་པ་པཱའོ་ཆོ་ཡེ་འཛིན་བཟུང་བྱས་འདུག ཧོང་ཀོང་ས་གནས་ཀྱི་རླངས་འཁོར་ཨང་རྟགས་རྣམས་རྒྱ་ནག་གི་ཕྱོགས་གཏོགས་གསར་འགྱུར་ལས་ཁང་ཁག་ཚུད་པའི་གསར་འགོད་པ་ཚོས་དྲྭ་ལམ་དུ་འཚོལ་ཞིབ་བྱེད་ཆོག འོན་ཀྱང་ཉེ་ཆར་ཧོང་ཀོང་གཞུང་གིས་ལྐོག་ཏུ་ཁྲིམས་དེར་སྒྱུར་བཅོས་བཏང་ནས་གསར་འགོད་པ་ཚོས་སྤྱི་དམངས་ཀྱི་རླངས་འཁོར་ཨང་རྟགས་འཚོལ་ཞིབ་བྱེད་མི་ཆོག་པ་ཞིག་ཏུ་བསྒྱུར། ཧོང་ཀོང་གི་ཁྲིམས་སྦྱོར་བ་ཚོས་པཱའོ་ཆོ་ཡེས་འགྲིམ་འགྲུལ་སྟངས་འཛིན་དང་སྐྱེལ་འདྲེན་སོགས་ལ་འབྲེལ་བ་ཡོད་པའི་གཞུང་འབྲེལ་ཡིག་ཆ་ཁག་དྲྭ་ལམ་དུ་སྔོག་ཐབས་བྱས་འདུག སྐྱེ་བོ་སྒེར་གྱི་ཁྱིམ་ཚང་གི་ཁ་བྱང་དང་རླངས་འཁོར་གྱི་བདག་པོ། ཚེས་གྲངས་བྱེ་བྲག་པ་ཞིག་ལ་རླངས་འཁོར་བཀོལ་སྤྱོད་བྱེད་དོན་སོགས་རྩད་གཅོད་བྱས་ནས་མི་ལ་བཅར་འདྲི་བྱས་པ་རྣམས་གསར་འགྱུར་མ་རེད་ཅེས་ཁྲིམས་ལ་གཏུགས།།

གསར་འགོད་པ་པཱའོ་ཆོ་ཡེའི་དག་འབུད་ཁྲིམས་རྩོད་པས་འགྲིམ་འགྲུལ་སྟངས་འཛིན་དང་སྐྱེལ་འདྲེན་གྱི་གནས་ཚུལ་འཚོལ་ཞིབ་བྱས་པ་བདེན་པ་འཚོལ་ཐབས་རེད། མི་མང་ངོ་རྒོལ་བ་ཚོར་གཏོར་རྒོལ་བྱེད་མཁན་ཇག་ཚོགས་དེར་རྒྱུག་པ་དང་ལྕགས་རིང་སོགས་སུ་ཞིག་གིས་མཁོ་སྤྲོད་བྱས་ཡོད་མེད་རྩད་གཅོད་ཐུབ་ཐབས་དང་ཁྲིམས་ཁང་གིས་དེ་ལ་ཕྱོགས་ཡོངས་ནས་བལྟ་དགོས། ད་ལྟ་ཧོང་ཀོང་གཞུང་གིས་གློ་བུར་དུ་སྐྱེ་བོ་སྒེར་གྱི་གནས་ཚུལ་ལ་སྲུང་སྐྱོབ་ཅེས་གསར་འགོད་པར་ནག་ཉེས་བཙུགས་ནས་ཁྲིམས་ལ་སྦྱོར་ཐབས་བྱེད་ཀྱི་ཡོད་པ་ཐབས་རྡུགས་རེད། ཧོང་ཀོང་གཞུང་གི་ཁྲིམས་སྦྱོར་བ་ཚོས་རླངས་འཁོར་གྱི་བདག་པོ་དེ་རྣམས་སུ་སུ་ཡིན་མིན་ཐེར་འདོན་བྱེད་དུ་འཇུག་གི་མེད་པ་ཁྱད་མཚར་ཞིག་མ་རེད་དམ། ཁོ་ཚོའི་རྩོད་པ་དེ་ཁྲིམས་ཁང་ལ་གནས་ལུགས་ལྡན་པ་ཞིག་རེད་དམ་ཞེས་རྩོད་པ་བརྒྱབ་ནས་སྒྲུབ་བྱེད་བཀོད། རྒྱ་ནག་རྒྱལ་ཡོངས་སུ་གསར་འགྱུར་ལ་ཞིབ་བཤེར་དང་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་དམ་དྲག་བྱས་ནས་གསར་འགྱུར་ཐོན་དཀའ། ཧོང་ཀོང་ལ་ས་གནས་སུ་གསར་འགོད་རང་དབང་ཆེན་པོ་ཞིག་ཡོད་པའི་སྟབས་ཀྱི་གསར་འགྱུར་གྱི་འབྱུང་ཁུངས་གཙོ་བོ་ཞིག་ཏུ་གྱུར། དེར་བརྟེན་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་ཧོང་ཀོང་ལ་ཡན་ལག་གསར་འགྱུར་ལས་ཁང་བཙུགས་པ་དང་གསར་འགོད་པ་འགྲེམ་འཇོག རྒྱ་ནག་སྐམ་ས་ཆེ་མོར་གོ་ཐོས་མི་ཐུབ་པ་དང་ཁྱབ་བསྒྲགས་བྱེད་མི་ཐུབ་པ་རྣམས་ཧོང་ཀོང་ས་གནས་སུ་རྒྱང་སྲིང་བྱེད་ཐུབ། སྔ་ལོ་རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས། ཉེ་ཆར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གསར་འགོད་རང་དབང་ལ་དམ་དྲག་བྱ་རྒྱུའི་ཐག་གཅོད་བྱས་ནས་བཟུང་། ཧོང་ཀོང་ས་གནས་སུ་གསར་འགོད་རང་དབང་གི་ཐོབ་ཐང་ཞིག་ཡོད་པ་མེད་པར་འགྱུར་གྱི་ཡོད་པ་རེད།།

དེ་རིང་གཟའ་ལྷག་པའི་ཉིན་རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཨན་ཌི་ལི་ཞེས་པ་ཞིག་ལ་ཕྱི་རྒྱལ་བ་ཚོར་ངན་འབྲེལ་བྱ་ཐབས་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་འཕྲད་དུ་འཇུག་ཐབས་བྱས་པའི་ནག་ཉེས་བཙུགས། ཉི་མ་གཉིས་ཀྱི་སྔོན་དེར་ཨན་ཌི་ལི་རྒྱ་ནག་གི་བཙོན་ཁང་ཞིག་ནས་གློད་གྲོལ་བཏང་སྟེ་ཧོང་ཀོང་ལ་རྩིས་སྤྲོད་བྱས་འདུག ན་ནིང་ཕྱི་ཟླ་༨་པར་ཨན་ཌི་ལི་སོགས་མི་༡༡་ཧོང་ཀོང་ནས་མགྱོགས་གྲུའི་ནང་དུ་ཐེ་ཝན་ལ་བྲོས་བྱོལ་དུ་འགྲོ་ཐབས་བྱས་ཀྱང་རྒྱ་ནག་གི་མཚོ་སྲུང་དམག་གིས་འཛིན་བཟུང་བྱས་ནས་ཧྲེན་ཀྲེན་གྲོང་ཁྱེར་དུ་བཙོན་ལ་བཅུག རྒྱ་ནག་གཞུང་གིས་ཧོང་ཀོང་ལ་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ལྟར་ཁྲིམས་ཐག་བཅད་ཚེ། ཧོང་ཀོང་གཞུང་གིས་ཨན་ཌི་ལི་སོགས་ལ་ཚེ་བཙོན་གྱི་བཙོན་འཇུག་ཁྲིམས་ཐག་གཅོད་སྲིད། ཨན་ཌི་ལ་ཉེས་འཛུགས་བྱས་པའི་ཡིག་ཆའི་ནང་དུ་ཕྱི་རྒྱལ་གྱི་གསར་འགོད་པར་ངན་འབྲེལ་བྱས་པ་དང་ཧོང་ཀོང་གི་དམངས་གཙོའི་ཕྱོགས་གཏོགས་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་ཇཱི་མཱི་ལེ་ལ་ངན་འབྲེལ། ད་དུང་ཨན་ཌི་ལིས་ཨ་རིའི་སྤྱི་དམངས་སེ་མོན་སོགས་ལ་འབྲེལ་བ་བྱས་ནས་ཕྱིའི་རྒྱལ་ཁབ་ཁག་གིས་ཧོང་ཀོང་གི་འགོ་ཁྲིད་ཚོར་ཉེས་ཆད་གཅོད་དགོས་ཞེས་རྒྱུད་སྐུལ་བྱས་པ། ཁོ་ཚོ་ཧོང་ཀོང་དང་རྒྱ་ནག་དགྲར་འཛིན་གྱི་ལས་འགུལ་ལ་ཞུགས་འདུག་ཅེས་བཀོད་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG