ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཧོང་ཀོང་གི་དམངས་གཙོའི་ཤོག་ཁག་ལ་འོས་འདེམས་ཀྱི་རྒྱལ་ཁ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། གཟའ་མཇུག་དེར་ཧོང་ཀོང་གི་ས་ཁུལ་༡༨་ལ་ས་གནས་འཐུས་མིའི་འོས་འདེམས་བྱས་ནས་ས་ཁུལ་༡༧་ནམ། ཡང་ན་ཧོང་ཀོང་གི་རྫོང་ཁག་༡༨་ལ་ཁྱོན་བསྡོམས་འཐུས་མི་༤༥༢་ཀྱི་གདན་གྲངས་ཡོད་པ་དེའི་ཁོངས་ནས་དམངས་གཙོ་དོན་གཉེར་བ་ཚོར་གདན་གྲངས་༣༤༧་ཐོབ། རྒྱ་ནག་གི་ཕྱོགས་གཏོགས་པ་ཚོར་གདན་གྲངས་༦༠་ཐམ་པ། དམངས་གཙོའི་ཕྱོགས་སུ་བློ་ཁ་ཕྱོགས་པའི་རང་བཙན་གྱི་འཐུས་མི་ཚོར་གདན་གྲངས་༤༥་བཅས་ཐོབ་ཡོད་པའི་འོས་འདེམས་ཀྱི་གྲུབ་འབྲས་ཁག་གསལ་བསྒྲགས་བྱུང་ཞིང་། ལོ་འདིའི་ཧོང་ཀོང་གི་ས་གནས་འོས་འདེམས་ལ་ཐོ་འགོད་བྱས་ཡོད་པའི་མི་མང་འོས་ཤོག་འཕེན་མཁན་ས་ཡ་༣་མ་ཟིན་གྱིས་འོས་ཤོག་འཕངས། ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་གྱིས་ང་ཚོས་འོས་འདེམས་ཀྱི་གྲུབ་འབྲས་དེར་བསམ་གཞིག་བྱ་ངེས་ཡིན་ཞེས་བསྒྲགས། རྒྱ་ནག་གི་ཕྱོགས་གཏོགས་ཧོང་ཀོང་གི་སྲིད་དོན་པ་ཚོར་སྔོན་ཆད་བྱུང་མྱོང་མེད་པའི་ཕམ་ཉེས་ཆེན་པོ་ཞིག་བྱུང་འདུག

རྒྱ་ནག་གི་ཕྱོགས་གཏོགས་པ་ཚོར་ས་ཁུལ་ཁག་གཅིག་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡུལ་ས་ཁུལ་ཁག་དེར་འཐུས་མི་༡༨་ཀྱི་ས་མིག་ཡོད་ཀྱང་དེའི་ཁོངས་ནས་ས་མིག་༨་རང་བཞིན་གྱིས་གྲོང་གསེབ་ཁག་གི་འགོ་ཁྲིད་ཚོར་སྤྲོད་དགོས། ༢༠༡༥་ལོའི་འོས་འདེམས་གཞུག་ནས་ད་ལྟའི་བར་དུ་ཧོང་ཀོང་གི་ས་ཁུལ་ཁག་གི་འཐུས་མིའི་གདན་ཐོབ་རྣམས་ཚོང་པ་འབྱོར་ལྡན་པ་དང་བཟོ་ཚོང་བདག་པོ། རྒྱ་ནག་སྐམ་ས་ཆེན་མོར་མ་རྩ་བཙུགས་ཡོད་པའི་རྒྱ་ནག་གི་ཕྱོགས་གཏོགས་པ་ཚོས་བཟུང་། ཁ་སང་གི་འོས་འདེམས་རྗེས་སུ་ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་གྱིས་འོས་འདེམས་ཀྱི་གྲུབ་འབྲས་དེར་དཔྱད་ཞིབ་བྱེད་སྟངས་དང་མཚན་ཉིད་འཇོག་སྟངས་མ་འདྲ་བ་ཡོད་སྲིད་ཀྱང་ཁྱད་པར་མེད། ཐེངས་འདིའི་འོས་འདེམས་གྲུབ་འབྲས་དེས་ཧོང་ཀོང་མི་དམངས་རྣམས་ད་ལྟའི་གནས་སྟངས་ལ་འདོད་བློ་གཏན་ནས་ཚིམས་མེད་ཅིང་། ང་ཚོའི་སྤྱི་ཚོགས་ལ་དཀའ་ངལ་ཆེན་པོ་ཞིག་ཡོད་པ་གསལ་སྟོན་བྱུང་སོང་། ཧོང་ཀོང་གཞུང་གིས་མང་ཚོགས་ཀྱི་ལྟ་ཚུལ་ལ་གཟབ་ནན་གྱིས་ཉན་འཇོག་བྱས་ནས་བསམ་གཞིག་བྱ་འཆར་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ།

༢༠༡༩་ལོའི་ཧོང་ཀོང་གི་ས་གནས་འོས་འདེམས་དུས་སུ་རྒྱལ་ཁ་ཐོབ་པའི་འཐུས་མི་མང་ཆེ་བ་ནི་ན་གཞོན་དང་འདས་པའི་ཟླ་བ་མང་པོར་ཧོང་ཀོང་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་རྣམས་ཡིན་པ་སྟེ། ཁོ་ཚོའི་སྐུལ་སློང་འོག་ཏུ་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༧༡་གིས་འོས་ཤོག་འཕངས། ༢༠༡༥་ལོའི་ཧོང་ཀོང་གི་ས་གནས་འོས་འདེམས་དུས་སུ་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༤༥་ལས་བྱུང་མེད། ཉམས་ཞིབ་པ་ཚོས་ལོ་འདིའི་ཧོང་ཀོང་གི་ས་གནས་འཐུས་མིའི་འོས་འདེམས་ལ་མཚོ་སྐྱོམ་ལྟ་བུའི་འོས་འདེམས་ཞེས་དཔེ་མཚོན་བཀོད། ཧོང་ཀོང་གི་དམངས་གཙོ་ལེགས་བཅོས་ཚོགས་པ་གཅིག་པུར་གདན་གྲངས་༢༡་ཐོབ་ཡོད་པར་མ་ཟད། ཧོང་ཀོང་གི་དམངས་གཙོ་ཚོགས་པར་འཐུས་མི་༩༡་དང་སྤྱི་དམངས་སྲིད་དོན་ཚོགས་པར་འཐུས་མི་༣༢་ཀྱི་གདན་གྲངས་ཐོབ། དེར་བརྟེན་ཧོང་ཀོང་གི་འདེམས་བསྐོ་ལྷན་ཚོགས་ཁོངས་སུ་དམངས་གཙོའི་ཕྱོགས་གཏོགས་ལ་འཐུས་མི་༡༡༧་གྱི་གདན་གྲངས་སྤྲོད་དགོས། ཧོང་ཀོང་གི་འདེམས་བསྐོ་ལྷན་ཚོགས་ཀྱིས་མངའ་ཁུལ་དེའི་སྤྱི་ཁྱབ་འོས་འདེམས་བྱེད་ཀྱི་ཡོད་མོད། ཧོང་ཀོང་གི་འདེམས་བསྐོ་ལྷན་ཚོགས་ཀྱི་འཐུས་མི་མང་ཆེ་བའི་ས་མིག་རྣམས་རྒྱ་ནག་གི་ཕྱོགས་གཏོགས་པ་ཚོར་སྤྲད་ཡོད་པས་ཧོང་ཀོང་གི་འོས་འདེམས་ལམ་ལུགས་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་དཀའ།

ཉམས་ཞིབ་པ་ཚོས་ཀྱང་ཧོང་ཀོང་གི་ས་གནས་འཐུས་མི་ཚོས་རང་གི་ས་གནས་ཀྱི་ལས་དོན་ཁག་ཐག་གཅོད་བྱེད་དགོས། ཁོ་ཚོ་ཧོང་ཀོང་གི་སྤྱི་ཁྱབ་འོས་འདེམས་ལ་ཐད་ཀར་འབྲེལ་བ་མེད། འོན་ཀྱང་ས་གནས་འོས་འདེམས་འདིས་ཧོང་ཀོང་མི་དམངས་རྣམས་རྒྱ་ནག་གཞུང་དང་རྒྱ་ནག་གི་ཕྱོགས་གཏོགས་པ། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་སྤྱི་ཁྱབ་ཁེ་རི་ལམ་ལ་རྒྱབ་སྐྱོར་ཡོད་པའམ། ཡང་ན་ཧོང་ཀོང་མི་དམངས་རྣམས་རྒྱ་ནག་གཞུང་གི་ཐེ་གཏོགས་དང་སྤྱི་ཁྱབ་ཁེ་རི་ལམ་གྱི་ལས་དོན་སྒྲུབ་ཕྱོགས་ལ་རྒྱབ་སྐྱོར་མེད་པའི་རྣམ་འགྱུར་གསལ་པོར་ཐོན་པ་རེད། ཁེ་རི་ལམ་གྱིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་དེར་ཐག་གཅོད་ཡག་པོ་ཞིག་བྱེད་མ་ཐུབ་པའི་སྟབས་ཀྱིས་རྒྱ་ནག་གི་ཕྱོགས་གཏོགས་པ་ཚོར་ཕམ་ཉེས་ཆེན་པོ་བྱུང་བ་རེད་ཅེས་གླེང་། ད་ལོ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཁག་ལ་སྡང་ཟུག་བྱེད་མཁན་ས་གནས་འཐུས་མི་རྣམས་བསྐྱར་དུ་བདམས་ཐོན་བྱུང་མེད། ཁོ་ཚོས་རང་གི་ངོ་དེབ་ནང་དུ་འོས་འདེམས་ཀྱི་རྒྱལ་ཁ་མ་ཐོབ་པ་ནི་ཁྱད་མཚར་དང་བློ་ཕམ་བྱ་དགོས་པ་ཞིག་རེད་ཅེས་འཕྲིན་ཐུང་སྤེལ། འཐུས་མི་ཧོ་ཞེས་པ་ཞིག་གིས་ངའི་ཁ་གཏད་པ་ཚོར་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ་ཆོག ཁོ་ཚོས་གདུག་རྩུབ་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་འཆམ་མཐུན་ཞིག་ལ་འགྱུར་ན་དགེ་མཚན་འདུག་ཅེས་བཤད། ས་གནས་འཐུས་མི་ཐེན་ཞེས་པ་ཞིག་གིས་ཀྱང་ངས་འོས་འདེམས་ཀྱི་གྲུབ་འབྲས་ལ་བརྩི་འཇོག་བྱ་རྒྱུ་ཡིན། ང་ལ་འོས་ཤོག་ཐེངས་དང་པོར་འཕེན་མཁན་ཚོས་རྒྱབ་སྐྱོར་བྱས་མེད་པ་འདྲ། དེ་འདྲ་ཡིན་ན་ཁོ་ཚོས་ཆབ་སྲིད་ཀྱི་གནད་འགག་མ་རྟོགས་པའི་རྟགས་མཚན་ཡིན་སྲིད། ཡིན་ནའང་ཧོང་ཀོང་གཞུང་གིས་ན་གཞོན་ཚོའི་མངོན་འདོད་ལ་ཉན་དགོས་ཞེས་བཤད།

ཧོང་ཀོང་གི་ངོ་རྒོལ་བ་ཚོས་རྩིས་སྤྲོད་ཁྲིམས་གཞི་ཕྱིར་བསྡུ་བྱ་དགོས་པ་དང་ཕྱི་ཟླ་༦་པའི་ཚེས་༡༢་ནས་འགོ་ཚུགས་པའི་ངོ་རྒོལ་ལས་འགུལ་དེར་ཟིང་འཁྲུག་ཅེས་ཉེས་མིང་འདོགས་མི་ཆོག ཧོང་ཀོང་གི་ཉེན་རྟོག་པ་ཚོས་མི་མང་ངོ་རྒོལ་བར་དྲག་གནོན་བྱས་པར་རང་བཙན་གྱི་ཚོགས་ཆུང་ཞིག་བཙུགས་ནས་ཞིབ་འཇུག་བྱ་དགོས། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་ཞུགས་ནས་འཛིན་བཟུང་བྱས་པ་རྣམས་ཉེས་ཡངས་བཏང་ནས་གློད་གྲོལ་གཏོང་དགོས། ཧོང་ཀོང་གི་སྤྱི་ཁྱབ་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དུ་འཇུག་དགོས་ཞེས་དགོས་འདུན་དོན་ཚན་༥་བཏོན་པ་རྣམས་འོས་འདེམས་ཀྱི་དྲིལ་བསྒྲགས་བརྗོད་གཞི་གཙོ་བོ་ཞིག་ཏུ་གྱུར། ཧོང་ཀོང་གཞུང་གིས་རྩིས་སྤྲོད་བཅའ་ཁྲིམས་ཕྱིར་བསྡུས་བྱས་ཀྱང་དགོས་འདུན་དོན་ཚན་གཞན་ཁག་ལ་མོས་མཐུན་བྱས་མེད་པས་རྒྱ་ནག་གི་ཕྱོགས་གཏོགས་པ་ཚོར་འོས་འདེམས་སྐབས་སུ་ཕམ་ཉེས་བྱུང་། མི་མང་འོས་ཤོག་འཕེན་མཁན་ཚོས་གསར་དུ་འདེམས་ཐོན་བྱུང་བའི་ས་གནས་ཀྱི་འཐུས་མི་ཚོས་མི་མང་གི་དགོས་འདུན་རྣམས་རྒྱུན་འཁྱོངས་བྱས་ནས་བསྒྲུབ་ཐབས་བྱ་དགོས། ཁོ་ཚོས་ཧོང་ཀོང་ལ་དམངས་གཙོའི་འོས་འདེམས་ཡང་དག་པ་ཞིག་བྱེད་ཐུབ་པའི་འབད་བརྩོན་བྱ་དགོས་ཞེས་ནན་སྐུལ་བྱེད་ཀྱི་ཡོད་ཅིང་། ད་ལྟ་ཧོང་ཀོང་གི་དམངས་གཙོའི་ཕྱོགས་ཁག་ལ་ས་གནས་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་པས་ཁ་སྔོན་ཕྱི་ཟླ་༦་པ་ནས་ལངས་པའི་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་མཚམས་ཆད་སྲིད་པའི་རེ་བ་འཆང་གི་ཡོད་པ་རེད།།

XS
SM
MD
LG