ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཧོང་ཀོང་བ་ཞིག་ལ་ཝུ་ཧན་ནད་དུག་ཕོག་ནས་ཤི།


༄༅།། ཕྱི་ཟླ་༢་ཚེས་༤་ཉིན་ལོ་ན་༣༩་ལ་སོན་པའི་ཧོང་ཀོང་གི་སྐྱེས་པ་ཞིག་ལ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འགོས་ཁྱབ་བྱུང་བའི་ཏོག་དབྱིབས་ནད་དུག་ཕོག་སྟེ་འཆི་སྐྱོན་བྱུང་ད་དུང་ལོ་ན་༦༠་རེ་གྲངས་སུ་སོན་པའི་ཧོང་ཀོང་བ་གཉིས་ལའང་རྒྱ་ནག་གི་རིམས་ནད་དེ་འགོས་ཡོད་པ་རྩད་གཅོད་ཐུབ་ཀྱང་ནད་པ་དེ་དག་རྒྱ་ནག་ལ་འགྲིམ་འགྲུལ་བྱས་མེད་པས་ནད་དུག་དེ་ཧོང་ཀོང་གི་ས་ཐོག་ཏུ་འགོས་ཁྱབ་བྱུང་ཡོད་པའི་དོགས་པ་བྱེད་ཀྱི་ཅིང་། ཕྱི་ཟླ་༢་པའི་ཚེས་༤་ཉིན་རྒྱ་ནག་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ད་ལྟའི་བར་དུ་ཁྱོན་བསྡོམས་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་ནད་དུག་གིས་མི་༤༢༠་ལྷགལ་འཆི་སྐྱོན་དང་མི་༢༠༤༣༨་ལ་ནད་དུག་འགོས་འདུག་ཅེས་གནས་ཚུལ་སྤེལ། ཧོང་ཀོང་དམིགས་བསལ་ས་གནས་གཅིག་པུར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ནད་དུག་འགོས་ཡོད་པའི་ནད་པ་༡༧་ཡོད་པ་དང་གཟའ་མཇུག་དེར་ཧྥི་ལི་ཕིན་གྱི་མི་ཞིག་ལརྒྱ་ནག་གི་ཏོག་དབྱིབས་ནད་དུག་ཕོག་ནས་འཆི་སྐྱོན་བྱུང་། འདི་ནི་རྒྱ་ནག་གི་ཕྱི་ལོགས་སུ་ཧུ་ཝན་ནད་དུག་གི་རྐྱེན་པས་མི་ལ་འཆི་སྐྱོན་བྱུང་བ་མི་དང་པོ་ཡིན་ཞིང་། ཕྱི་ཟླ་༢་ཚེས་༤་ཉིན་ཧོང་ཀོང་བ་ཞིག་འདས་གྲོངས་སུ་གྱུར་པ་ནི་རྒྱ་ནག་ཕྱི་ལོགས་སུ་ཝུ་ཧན་ནད་དུག་གི་རྐྱེན་གྱིས་མི་ལ་འཆི་སྐྱོན་བྱུང་བ་ཐེངས་གཉིས་པ་ཡིན། ཧོང་ཀོང་གི་འཕྲོད་བསྟེན་ལྟ་སྐྱོང་དང་ནད་རིགས་སྔོན་འགོག་ཁང་གི་སྨན་པ་ཁང་ཧྲུག་ཁན་གྱིས་མི་༤་ལ་ཏོག་དབྱིབས་ནད་དུག་ཕོག་ཡོད་པ་གསར་དུ་ཤེས་རྟོགས་བྱུང་སོང་། ནད་དུག་ཇི་ལྟར་འགོས་པ་ནི་རྩད་གཅོད་ཐུབ་དཀའ། ཧོང་ཀོང་ས་གནས་སུའང་རིམས་ནད་དེ་ཁྱབ་གདལ་འགྲོ་སྲིད་པའི་ཉེན་ཀ་ཆེན་པོ་འདུག་ཅེས་ཉེན་བརྡ་བཏང་ཡོད་པ་རེད།

ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་དབུས་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོ་སླར་ཡང་ཚོགས་འདུར་བསྐོངས་པར་བཤད། ཞིས་ཅིན་ཕིང་གིས་ཝུ་ཧན་གྲོང་ཁྱེར་ནས་རྒྱ་ནག་རྒྱལ་ཡོངས་དང་འཛམ་གླིང་ཁྱོན་ཡོངས་་ཁྱབ་བཞིན་པའི་ཏོག་དབྱིབས་ནད་དུག་འགོག་རྒྱུ་དེར་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་གཙོ་འགན་འཁུར་རྒྱུའི་རྣམ་འགྱུར་བསྟན། འདས་པའི་ཉིན་མང་རིང་ཞིས་ཅིན་ཕིང་དང་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོས་ཝུ་ཧན་གྱི་རིམས་ནད་སྔོན་འགོག་ལ་དངོས་སུ་འགན་འཁྲི་ལེན་གྱི་ཡོད་པའི་རྣམ་པ་ཅི་ཡང་བསྟན་མེད་ཅིང་། ཕྱི་ཟླ་དང་པོའི་ཚེས་༢༣་ཉིན་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཆེས་མཐོའི་འགོ་ཁྲིད་ཚོ་ཚོགས་འདུ་ཚོགས་ནས་ཝུ་ཧན་གྲོང་ཁྱེར་ལ་འགྲིམ་འགྲུལ་དང་སྐྱེལ་འདྲེན་བཀག་སྡོམ་བྱ་རྒྱུའི་ཐག་བཅད། དེ་ནས་བདུན་ཕྲག་སྔོན་མར་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ཝུ་ཧན་གྲོང་ཁྱེར་གྱི་གནས་སྟངས་ལ་རྟོག་ཞིབ་ཏུ་བསྐྱོད་ཀྱང་རིམས་ནད་དེའི་རྐྱེན་གྱིས་མི་ལ་འཆི་སྐྱོན་འབྱུང་རྒྱུ་དང་གསར་དུ་ནད་དུག་འགོ་རྒྱུ་འགོག་དཀའ་བ་ཞིག་ཏུ་གྱུར་ཡོད་པར་བརྟེན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་ཛ་དྲག་གི་འགོས་ནད་ཅིག་ལ་ངོས་འཛིན་བྱས་པ་དང་། འཛམ་གླིང་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་ལ་འགྲིམ་འགྲུལ་བཀག རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་མང་དག་ཅིག་གིས་ཀྱང་རེ་ཞིག་རྒྱ་ནག་ལ་གནམ་གྲུ་འཕུར་སྐྱོད་བྱ་རྒྱུ་མཚམས་བཞག ད་ལོའི་རྒྱ་ནག་གི་ནད་ཡམས་འདི་༢༠༠༣་ལོར་པེ་ཅིང་ལ་སཱར་སི་ཞེས་པའི་གློ་ཚད་འགོས་ནད་ཅིག་བྱུང་བ་དེ་ལས་ཀྱང་ཉེན་ཚབས་ཆེ་བ་ཞིག་ཏུ་གྱུར་འདུག

ཞིས་ཅིན་ཕིང་གིས་ཛ་དྲག་གི་དཀའ་ངལ་སེལ་རྒྱུ་ནི་རྒྱ་ནག་གི་ལམ་ལུགས་དང་འཛིན་སྐྱོང་གཉིས་ལ་ནུས་པ་ཡོད་མེད་ཚོད་ལྟ་ཆེན་པོ་ཞིག་ཡིན་ཞེས་བཤད་པ་རྒྱ་གཞུང་གི་གསར་འགྱུར་ལས་ཁང་གིས་ལུང་འདྲེན་བྱས། འོན་ཀྱང་ཞིས་ཅིན་ཕིང་གིས་ཝུ་ཧན་གྲོང་ཁྱེར་ནས་ཚབས་ཆེའི་འགོས་ནད་ཅིག་ཁྱབ་ཀྱི་ཡོད་པ་ཇི་ལྟར་འགོག་རྒྱུ་ཡིན་མིན་གྱི་འཆར་གཞི་གསལ་པོ་ཞིག་བཤད་མེད་པ་སྟེ། ཞིས་ཅིན་ཕིང་གི་སྐད་ཆ་དེས་རྒྱ་ནག་ལ་ཛ་དྲག་གི་དཀའ་ངལ་ཞིག་ཡོད་པ་དང་རྒྱ་ནག་གི་ལམ་ལུགས་དེ་ཉིད་འཐུས་སྒོ་ཚང་བ་ཞིག་ཡིན་མིན། མདོར་ན་རྒྱ་ནག་གཞུང་ལ་ཞན་ཆ་ཆེན་པོ་ཞིག་ཡོད་པ་ཤུགས་ཀྱིས་ཁས་ལེན་བྱས་པ་ཞིག་མཚོན་ཐུབ་ཅེས་ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་བཀོད་འདུག ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཏུ་ཞིས་ཅིན་ཕིང་གིས་རྒྱ་ནག་གི་ལས་སྣེ་ཚོས་སྒྲིག་སྲོལ་གཙིགས་འཛིན་དང་དཔོན་ཉམས་སྟོན་པ། སྲིད་གཞུང་གིས་ནད་ཡམས་འགོག་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད་པར་འགོག་རྐྱེན་བརྒྱབ་ནས་ལས་དོན་མྱུར་སྒྲུབ་བྱ་དགོས་པ་ནར་འགྱངས་གཏོང་མི་ཆོག སུ་ཞིག་གིས་ཏང་གི་གཅིག་གྱུར་བཀོད་འདོམས་ལ་ཉན་འཇོག་མི་བྱེད་པ་དང་ལས་འགན་ལ་གཡོལ་གཟུར་བྱས་ན་ཉེས་དྲག་གཅོད་རྒྱུ་ཡིན་ཞེས་ནན་བརྗོད་བྱས་ཤིང་། ད་སྔ་ཝུ་ཧན་གྱི་ནད་དུག་སྔོན་འགོག་གི་རྒྱུད་རིམ་ཁྲོད་དུ་གཞུང་འབྲེལ་མི་སྣ་ཉུང་ཤས་ཤིག་ལས་གནས་དབྱུང་བཏང་མེད་ཀྱང་རིམ་བཞིན་འབྲེལ་ཡོད་ལས་སྣེ་མང་པོ་ཞིག་གནས་དབྱུང་གཏོང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་ཚོས་རྒྱ་ནག་གི་གཙང་སྦྲ་འཕྲོད་བསྟེན་གྱི་ལམ་ལུགས་ལ་ཕྱོགས་ཡོངས་ནས་ལེགས་བཅོས་གཏོང་དགོས་པ་དང་། རྒྱ་ནག་གི་སྤྱི་ཚོགས་སུ་སྲོག་ཆགས་སྣ་ཚོགས་ཤིག་གསོན་པོར་བཙོངས་ནས་ཤ་ཟ་ཁྲག་འཐུང་གི་གོམས་སྲོལ་ངན་པ་ཞིག་དར་ཡོད་པ་མེད་པར་གཏོང་རྒྱུ། ད་ཐེངས་ཀྱི་ནད་ཡམས་འདིའི་འབྱུང་ཁུངས་ཝུ་ཧན་གྲོང་ཁྱེར་གྱི་ཁྲོམ་རའི་ནང་དུ་ཕ་ཝང་སོགས་རི་སྐྱེས་སེམས་ཅན་མང་པོ་ཞིག་གསོན་པོར་བཙོངས་ནས་ཤ་ཚོང་རྒྱག་གི་ཡོད་པ་དེ་ནས་བྱུང་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་མི་དམངས་བཅིངས་འགྲོལ་དམག་གི་སྨན་པ་དང་སྨན་ཞབས་པ་སྟོང་ཕྲག་མང་པོ་གནམ་གྲུའི་ནང་དུ་ཝུ་ཧན་ལ་གཏོང་གི་ཡོད་པའི་བརྙན་འཕྲིན་སོགས་རྒྱལ་ཡོངས་མི་དམངས་ལ་བསྟན་ནས་བློ་སེམས་བདེ་ལ་འགོད་ཐབས་བྱེད་ཀྱི་ཡོད་རུང་། ཐོག་མར་རྒྱ་ནག་གཞུང་གིས་ཝུ་ཧན་གྲོང་ཁྱེར་ལ་འགོས་ནད་ཅིག་ཁྱབ་ཀྱི་ཡོད་པ་སྦ་གསང་བྱས་ཡོད་པས་གཞུང་གི་ཁྱབ་བསྒྲགས་དེ་ཚོ་རྒྱ་ནག་མི་དམངས་རྣམས་ཡིད་ཆེས་མེད་པ་ཞིག་ཏུ་གྱུར། དཔེར་ན་ཕྱི་ཟླ་དང་པོའི་ཚེས་༡་ཉིན་ཝུ་ཧན་གྲོང་ཁྱེར་གྱི་ཉེན་རྟོག་པས་དྲྭ་ལམ་དུ་དཀྲོག་གཏམ་སྒྲོགས་ཀྱི་ཡོད་པ་རྣམས་ནག་སུབ་བཏང་བ་ཡིན། གློ་ཚད་ལྟ་བུའི་ནད་ཡམས་ཤིག་ཁྱབ་ཀྱི་འདུག་ཅེས་འུར་སྒྲོགས་བྱས་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཀྱི་འདུག དྲྭ་ལམ་ནི་ཁྲིམས་ཀྱི་འོག་ཏུ་མ་འདུས་པ་ཞིག་མིན། དཀྲོག་གཏམ་སྒྲོགས་པ་དང་རྟོག་བཟོ་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལ་གཏོར་བརླག་བྱས་ན་ཉེན་རྟོག་པས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་བསྒྲགས།

གལ་སྲིད་ཁ་སྔོན་ཕྱི་ཟླ་༡༢་པ་ནས་ལོ་ན་༣༤་ལ་སོན་པའི་སྨན་པ་ལི་ཝེན་ལེང་ཞེས་པ་ཞིག་གིས་སྐད་འཕྲིན་ནང་དུ་རང་གི་སློབ་གྲོགས་ཚོར་ཝུ་ཧན་གྲོང་ཁྱེར་ལ་༢༠༠༣་ལོར་པེ་ཅིང་ལ་བྱུང་བའི་སཱར་སི་གློ་ཚད་ལྟ་བུའི་ནད་ཡམས་ཤིག་ཁྱབ་ཀྱི་འདུག་ཅེས་ཉེན་བརྡ་བཏང་བ་རྒྱ་ནག་གཞུང་གིས་བཀག་མེད་ཚེ། དེང་སྐབས་འཛམ་གླིང་ཡོངས་སུ་ཁྱབ་གདལ་འགྲོ་བཞིན་པའི་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་འགོས་ནད་འདི་འགོག་སླ་བ་ཞིག་ཡིན་སྲིད། སྨན་པ་ལི་ཝེན་ལེང་གིས་ཏོག་དབྱིབས་ནད་དུག་འདི་གློ་ཚད་ཀྱི་རིགས་ཤིག་རེད། མི་ཞིག་ལ་ནད་དུག་འདི་འགོས་ན་དབུགས་འབྱིན་རྔུབ་དཀའ་བ་དང་ཚ་བ་འཕར་བ་སོགས་ཀྱི་ནད་རྟགས་ཐོན་གྱི་འདུག ཝུ་ཧན་གྲོང་ཁྱེར་གྱི་མཚོ་ཟས་ཁྲོམ་རར་སྲོག་ཆགས་གསོན་པོ་འཚོང་གི་ཡོད་ས་དེའི་མི་༧་ལ་གློ་ཚད་ཕོག་ནས་སྨན་ཁང་དུ་ལོགས་སུ་འགོག་ཉར་བྱས་འདུག ༢༠༠༣་ལོར་རྒྱ་ནག་གཞུང་གིས་སཱར་སི་གློ་ཚད་འགོས་ནད་སྦ་གསང་བྱས་ནས་མི་བརྒྱ་ཕྲག་མང་པོར་འཆི་སྐྱོན་བྱུང་ཡོད་པ་རྒྱ་ནག་མི་དམངས་ཀྱི་སེམས་ལ་གསལ་པོར་འཇགས་ཡོད་ཤས་ཆེ། ངས་རང་གི་སློབ་ཆེན་གྱི་སློབ་ཕྲུག་ཚོར་གཟབ་ནན་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གནས་ཚུལ་སྤེལ། སྨན་པ་ལིས་རང་གི་སློབ་གྲོགས་ཚོར་ནང་ཚགས་ཀྱི་གནས་འཕྲིན་ཞིག་བཏང་བ་ཡུན་རིང་མ་འགོར་པར་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་སྤེལ་བྱུང་བས་དོ་བདག་གིས་གྲོགས་པོ་ཚོར་བྲིས་པའི་སྒེར་འཕྲིན་དེ་འགོག་མི་ཐུབ་པ་ཞིག་ཏུ་གྱུར། དེ་ནས་ཝུ་ཧན་གྲོང་ཁྱེར་གྱི་ཉེན་རྟོག་པས་སྨན་པ་ལི་ལ་དཀྲོག་གཏམ་བསྒྲགས་པའི་ནག་ཉེས་བཙུགས། སྨན་པ་ལི་དང་རོགས་པ་མི་༧་ཝུ་ཧན་གྲོང་ཁྱེར་གྱི་ཉེན་རྟོག་པའི་དམིགས་འབེན་དུ་གྱུར། ད་ལྟ་སྨན་པ་ལི་ཝེན་ལེང་ལ་ཏོག་དབྱིབས་ནད་དུག་ཕོག་ནས་སྨན་ཁང་དུ་འཚོ་རླུང་ཁ་སྣོན་བཏང་ནས་ཉེན་སྐྱོབ་བྱ་དགོས་པའི་གནས་སུ་ལྷུང་འདུག ཁོ་པས་ཝུ་ཧན་གྲོང་ཁྱེར་གྱི་སྨན་ཁང་ཞིག་གི་མལ་ཁྲིའི་ཐོག་ནས་ང་ལ་ཏོག་དབྱིགས་ནད་དུག་འགོས་ཡོད་ཅེས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་བཤད་འདུག

XS
SM
MD
LG