ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་༣་ལ་ཁྲིམས་ཐག་བཅད་པ། 


ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇཱོ་ཤི་ཝ་ཝང་དང་ ཨི་ཝྭན་ལམ། ཨེ་གྷ་ནེ་སི་ཆའོ་གསུམ།

༄༅།། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇཱོ་ཤི་ཝ་ཝང་དང་ཨེ་གྷ་ནེ་སི་ཆའོ། ཨི་ཝྭན་ལམ་གསུམ་ལ་མངའ་ཁུལ་དེའི་ཁྲིམས་འགལ་གྱི་ངོ་རྒོལ་ལས་འགུལ་ཁག་ལ་ཞུགས་པ་དང་ཁྲིམ་འགལ་ཐོག་ཏུ་མི་ཚོགས་བསྡུ་སྐོང་བྱས་པ། ཁོ་ཚོས་མི་མང་ལ་ངོ་རྒོལ་བྱ་དགོས་པའི་ངན་སྐུལ་བྱས་པ། ཨེ་གྷ་ནེ་སི་ཆའོ་ལ་ཕྱི་རྒྱལ་གྱི་སྟོབས་ཤུགས་ལ་ལག་འབྲེལ་བྱས་ནས་ལྐོག་གཡོ་ངན་ཇུས་བཤམས་པའི་ནག་ཉེས་བཙུགས། དེ་རིང་ཕྱི་ཟླ་༡༢་པའི་ཚེས་༢་ཉིན་ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་ཇཱོ་ཤི་ཝ་ཝང་ལ་ལོ་གཅིག་ཟླ་བ་གཅིག་དང་ཉིན་བཅོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད། ཨེ་གྷ་ནེ་སི་ཆའོ་ལ་ཟླ་བ་བཅུའི་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་ཨི་ཝྭན་ལམ་ལ་ཟླ་བ་བདུན་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད། གཟའ་ལྷག་པའི་ཉིན་ཧོང་ཀོང་གི་ཁྲིམས་ཁང་དེས་ཁྲིམས་ཐག་གཅོད་ཡུལ་དམངས་གཙོ་དོན་གཉེར་པ་གསུམ་གྱིས་རང་ཉིད་སྔ་ལོའི་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ཁག་ལ་ཞུགས་པ་ཡིན། དམངས་གཙོའི་ངོ་རྒོལ་ལས་འགུལ་ཁག་ལ་སྣེ་ཁྲིད་བྱས་པ་ཡིན། མི་ཚོགས་བསྡུ་སྐོང་དང་མི་མང་ལ་ངོ་རྒོལ་བྱ་དགོས་པའི་སྐུལ་ལྕག་བཏང་བ་ཡིན་ཞེས་ཉེས་འཛུགས་ཁག་ངོས་ལེན་བྱས་ཤིང་། ཁྲིམས་དཔོན་ཝང་ཙི་ལེ་ཡིས་ལས་འགུལ་བ་དེ་དག་གིས་སྐད་འབོད་བྱས་པ་དང་ཧོང་ཀོང་གི་གྲོས་ཚོགས་མཐའ་བསྐོར་དགོས་པའི་སྐུལ་སློང་བྱས་ནས་ཉེན་རྟོག་པའི་ལས་དོན་སྒྲུབ་ཕྱོགས་ལ་འགོག་རྐྱེན་བཟོས་འདུག དེར་བརྟེན་ལས་འགུལ་བ་དེ་དག་འཕྲལ་དུ་བཙོན་འཇུག་བྱ་དགོས་པའི་གདམ་ཀ་ལས་མི་འདུག་ཅེས་བཅད་ཁྲ་བསྒྲགས། ཇཱོ་ཤི་ཝ་ཝང་དང་ཨེ་གྷ་ནེ་སི་ཆའོ། ཨི་ཝྭན་ལམ་གསུམ་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་འཛིན་པའི་སྲིད་ཇུས་དེར་སྐྱོན་བརྗོད་དྲག་པོ་དང་ངོ་རྒོལ་བྱེད་མཁན་གཙོ་བོ་གསུམ་དུ་གྱུར་ཡོད་པ་རེད།།

ཁོ་ཚོ་ཁྲིམས་ཁང་ནས་བཙོན་ཁང་དུ་འཁྲིད་ཁ་དེར་ཇཱོ་ཤི་ཝ་ཝང་གིས་མ་འོངས་པའི་ལོ་ཟླ་དེ་ཚོར་དཀའ་ངལ་འཕྲད་རྒྱུ་ཡིན་རུང་ང་ཚོ་ཞུམ་པ་མེད་པར་འཚོ་ཐབས་བྱ་རྒྱུ་ཡིན་ཞེས་འབོད་ཚིག་བསྒྲགས། བཅད་ཁྲ་སྒྲོགས་སྦྱང་དུས་སུ་ཨེ་གྷ་ནེ་སི་ཆའོ་ཡི་མིག་མཐར་མཆི་མ་འཁྱིལ། སྔ་ལོ་ཧོང་ཀོང་ལ་དུས་ཡུན་ཟླ་བ་བདུན་གྱི་རིང་དུ་ངོ་རྒོལ་ལས་འགུལ་མཚམས་མ་ཆད་པར་བསྟུད་མར་ལངས་ཏེ་མི་གྲངས་ས་ཡ་མང་པོ་མངའ་ཁུལ་དེའི་དམངས་གཙོའི་ལས་འགུལ་ལ་ཞུགས། རྒྱ་ནག་གཞུང་གིས་ཧོང་ཀོང་གི་འགོ་ཁྲིད་དང་ས་གནས་དེའི་གྲོས་ཚོགས་འཐུས་མི་ཚོ་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དུ་མ་བཅུག་པར་ཧོང་ཀོང་མི་མང་གིས་ངོ་རྒོལ་བྱས་མོད། འོན་ཀྱང་རྒྱ་ནག་གཞུང་གིས་དམངས་གཙོའི་ཐོབ་ཐང་རྩོད་པའི་ངོ་རྒོལ་ལས་འགུལ་དེ་ཚོར་ཁྲིམས་འགལ་དང་རྒྱལ་ཁབ་ལ་ངོ་ལོག ཁ་བྲལ་བཅས་ཀྱི་ཉེས་མིང་སྣ་ཚོགས་ཤིག་བཏགས་ནས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཚོར་ཁྲིམས་འགལ་ཉེས་ཅན་གྱི་ནག་ཉེས་བཙུགས་ནས་བཙོན་ལ་འཇུག་གི་ཡོད་ཅིང་། རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ཚོ་བཙོན་འཇུག་བྱས་པའི་སྟབས་ཀྱིས་མངའ་ཁུལ་དེར་ཕྱི་ཚུལ་གྱི་ཞི་བདེ་བརྟན་ལྷིང་ཞིག་སླར་གསོ་བྱེད་ཐུབ་ཡོད་ཀྱང་དོན་དངོས་སུ་ཧོང་ཀོང་གི་སྤྱི་ཚོགས་དེ་ཉིད་རྒྱ་ནག་གི་ཕྱོགས་གཏོགས་དང་དམངས་གཙོའི་ཕྱོགས་གཏོགས་བཅས་དུམ་བུ་གཉིས་སུ་ཆད། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཧོང་ཀོང་ལ་ཚོང་ལས་བཀག་སྡོམ་དང་མངའ་ཁུལ་དེའི་འགོ་ཁྲིད་ཚོར་འགྲིམ་འགྲུལ་བཀག་སྡོམ། དེང་སྐབས་ཧོང་ཀོང་ནི་རྒྱ་ནག་སྐམ་ས་ཆེན་མོའི་གྲོང་ཁྱེར་ལྟ་བུ་ཞིག་ཏུ་གྱུར་ཏེ་མངའ་ཁུལ་དེར་ཚོང་ལས་འཕེལ་རྒྱས་དང་དངུལ་རྩའི་ལྟེ་གནས། ཉིན་མཚན་མེད་པར་འཁྲུག་ཆ་དོད་པའི་གྲོང་ཁྱེར་ཞིག་གི་རྣམ་པ་ལྡན་པ་རྣམས་ཡོངས་སུ་ཉམས་ཡོད་པའི་གནས་ཚུལ་ཐོན་འདུག

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དེ་རྣམས་ལོ་ན་ཉི་ཤུ་རྩ་གྲངས་ཡིན་རུང་ཇཱོ་ཤི་ཝ་ཝང་དང་ཨི་ཝྭན་ལམ་གཉིས་བཙོན་ཁང་དུ་བཅུག་པ་ཐེངས་དང་པོ་མིན་པ་སྟེ། ཁོ་ཚོ་སྔོན་ཆད་ཀྱང་ཟླ་བ་འགའ་ཤས་ལ་བཙོན་ཁང་དུ་བཅུག་མྱོང་ཡོད་པ་དང་ཁྲིམས་ཐག་མ་བཅད་པའི་སྔོན་དེར་ཇཱོ་ཤི་ཝ་ཝང་གིས་ང་ཚོའི་དཀའ་ངལ་དང་སྡུག་བསྔལ་གྱིས་དམངས་གཙོ་དང་དྲང་བདེན་འཐབ་རྩོད་ཀྱི་ཕུགས་བསམ་ཇེ་བརྟན་དུ་གཏོང་བ་ལས་ནམ་ཡང་ཞུམ་མི་སྲིད། མིའི་སྙིང་སྟོབས་ནི་ལྕགས་ཁྲའི་ནང་དུ་བཅུག་ནས་འགོག་ཐུབ་པ་ཞིག་མིན་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཇཱོ་ཤི་ཝ་ཝང་དང་ཨེ་གྷ་ནེ་སི་ཆའོ་གཉིས་ལོ་༢༣་ཡིན་པ་དང་ཨི་ཝྭན་ལམ་ལོ་༢༦་ཡིན་ཞིང་། ཁོ་ཚོ་ལོ་ན་༢༠་མ་སོན་པའི་སྔོན་ནས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ཁག་ལ་ཞུགས་མགོ་བརྩམས། ནེ་ཐན་ལའོ་ཞེས་པའི་ཧོང་ཀོང་བའི་སློབ་ཕྲུག་གི་ངོ་རྒོལ་བའི་འགོ་ཁྲིད་ཅིག་ཡོད་པ་ལོ་འདིའི་མགོ་སྟོད་དུ་ཧོང་ཀོང་ནས་དབྱིན་ཡུལ་ལ་བྲོས་བྱོལ་དུ་སོང་། ཁོ་པས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་རྣམས་བཙོན་འཇུག་བྱས་ནས་མི་དེ་དག་གི་ཤུགས་རྐྱེན་འགོག་མི་ཐུབ། ངས་བལྟས་ན་བཙོན་འཇུག་གིས་མི་དེ་ཚོ་གཉའ་གཅོག་ཐུབ་རྒྱུ་ཁག་པོ་རེད། ཁོ་ཚོ་མ་འོངས་པར་ཧོང་ཀོང་མི་དམངས་ལ་གལ་འགངས་ཆེ་བའི་མི་སྣ་ཁག་ལ་འགྱུར་རྒྱུ་ཡིན་པར་མ་ཟད། ལས་འགུལ་ཞེས་པ་ནི་སྐོར་བ་བརྒྱབ་ནས་འཁོར་ཡོང་གི་རེད། དེར་བརྟེན་ང་ཚོའི་ལས་འགུལ་དེར་དར་རྒུད་ཅི་ཞིག་བྱུང་ཡང་སྙིང་སྟོབས་མ་ཞུམ་པ་དང་ཕུགས་བསམ་མངོན་དུ་འགྱུར་བར་འཐབ་རྩོད་རྒྱུན་འཁྱོངས་བྱ་རྒྱུ་གནད་འགག་ཆེན་པོ་རེད་ཅེས་བཤད། རྒྱ་གཞུང་གིས་དྲག་གནོན་དང་བཙོན་འཇུག་བྱེད་འགོ་ཚུགས་པའི་རྗེས་སུ་ཧོང་ཀོང་གི་སློབ་ཕྲུག་དང་དམངས་གཙོའི་ལས་འགུལ་བ་མང་དག་ཅིག་དབྱིན་ཇི་དང་ཨ་རི། ཁེ་ན་ཌ་དང་ཨོ་གླིང་རྒྱལ་ཁབ། ཐེ་ཝན་སོགས་ལ་བཙན་བྱོལ་དུ་འབྲོ་དགོས་བྱུང་འདུག

༢༠༡༢་ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཤེས་ཡོན་སློབ་གསོའི་ལམ་ལུགས་རྒྱལ་གཅེས་རིང་ལུགས་ཀྱི་ཤེས་ཡོན་སློབ་གསོའི་ལམ་ལུགས་ཤིག་ལ་བསྒྱུར་དགོས་ཞེས་སྲིད་ཇུས་གསར་པ་ཞིག་ལག་ལེན་བསྟར་ཐབས་བྱས་ཀྱང་ཇཱོ་ཤི་ཝ་ཝང་དང་ཨེ་གྷ་ནེ་སི་ཆའོ། ཨི་ཝྭན་ལམ་སོགས་ཀྱིས་རྒྱ་གཞུང་གི་སྲིད་ཇུས་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་གྲུབ་འབྲས་ཐོན། དེ་ནས་༢༠༡༤་ལོར་ཧོང་ཀོང་ལ་ཉི་མ་༧༩་རིང་དུ་ཉི་གདུགས་སེར་པོའི་དམངས་གཙོའི་ལས་འགུལ་ལངས་པའི་སྐབས་སུའང་ཇཱོ་ཤི་ཝ་ཝང་དང་ཨེ་གྷ་ནེ་སི་ཆའོ། ཨི་ཝྭན་ལམ་གསུམ་གྱི་འགན་ཁུར་ཆེན་པོ་ཞིག་བླངས། སྐབས་དེར་ཧོང་ཀོང་བ་ཁྲི་ཚོ་མང་པོས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་དམངས་གཙོའི་སྒྱུར་བཅོས་གཏོང་དགོས་ཞེས་ཁྲོམ་གཞུང་གི་ཚད་པ་དང་ཆར་ཞོད་ཀྱི་དུས་སུ་ཉི་གདུགས་སེར་པོ་ཕུབ་ནས་ངོ་རྒོལ་ལས་འགུལ་སྤེལ་བའི་ལས་འགུལ་དེར་ཧོང་ཀོང་གི་ཉི་གདུགས་སེར་པའི་དམངས་གཙོའི་ལས་འགུལ་ཞེས་མིང་ཐོགས། ༢༠༡༩་ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཚོར་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས། རྒྱ་ནག་གི་གནས་ཁག་ཏུ་ཁྲིམས་འགལ་བྱས་ནས་ཧོང་ཀོང་ལ་བྲོས་བྱོལ་དུ་སོང་བ་རྣམས་རྒྱ་ནག་ལ་ཕྱིར་སློག་བྱེད་ཆོག་པའི་ཁྲིམས་ཤིག་གཏན་འབེབས་བྱ་དགོས་པའི་གནོན་ཤུགས་སྤྲད། དེ་ནས་ཧོང་ཀོང་བ་ས་ཡ་མང་པོས་ཟླ་བ་བདུན་གྱི་རིང་དུ་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་ཧོང་ཀོང་ལ་དམངས་གཙོའི་ཐོབ་ཐང་ཆེ་རུ་གཏོང་དགོས། ཧོང་ཀོང་རང་བཙན་བྱ་དགོས་ཞེས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་སོགས་ལ་ལས་འགུལ་སྤེལ་བར་ཧོང་ཀོང་གི་ཉེན་རྟོག་པས་མེ་མདའ་དང་ཆུ་མདའ། མཆི་འབྱིན་དུག་རླངས་དང་འགྱིག་གི་མདེའུ། ཐེངས་ཤིག་མདེའུ་ངོ་མ་འཕངས་ནས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་དྲག་གནོན་རབ་དང་རིམ་པ་ཞིག་བྱས་པར་ངོ་རྒོལ་བ་ཁག་ཅིག་གིས་རྡོ་དང་སོ་ཕག ས་སྣུམ་གྱི་འབར་མདེལ་སོགས་ཀྱིས་ཉེན་རྟོག་པར་རྒོལ་ལན་སློག་པ་དང་བཅག་གཏོར་གྱི་ཟིང་འཁྲུག་བསླངས།།

ཧོང་ཀོང་གི་ངོ་རྒོལ་བ་རྣམས་ཀྱིས་དགོས་འདུན་དོན་ཚན་ལྔའི་རྣམ་འགྱུར་སྟོན་བཞིན་པ།
ཧོང་ཀོང་གི་ངོ་རྒོལ་བ་རྣམས་ཀྱིས་དགོས་འདུན་དོན་ཚན་ལྔའི་རྣམ་འགྱུར་སྟོན་བཞིན་པ།

༢༠༢༠་ལོའི་ཕྱི་ཟླ་༥་པར་ཚོགས་པའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་ཧོང་ཀོང་ས་གནས་གཞུང་དང་ཧོང་ཀོང་གི་གྲོས་ཚོགས་གཉིས་མ་བརྒྱུད་པར་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པའི་ཁྲིམས་གསར་པ་ཞིག་གཏན་ལ་ཕབ་ནས་ལག་ལེན་བསྟར། ཇཱོ་ཤི་ཝ་ཝང་དང་ཨེ་གྷ་ནེ་སི་ཆའོ་སོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཧོང་ཀོང་གི་འགོ་ཁྲིད་ཚོར་ཉེས་ཆད་གཅོད་དགོས་པའི་རྒྱུད་སྐུལ་བྱས་པར་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་རྒྱལ་བཙོང་བ་ཞེས་ཉེས་མིང་བཏགས། ད་ལོའི་དབྱར་དུས་རྒྱ་ནག་གཞུང་གིས་ཐད་ཀར་ཧོང་ཀོང་གི་བདེ་འཇགས་སྲུང་སྐྱོབ་དང་ཁྲིམས་འཛིན་ལས་དོན་ཁག་རྩིས་བླངས། འདས་པའི་ལོ་གཅིག་དང་ཕྱེད་ཀའི་རིང་དུ་རྒྱ་ནག་གཞུང་གིས་ཧོང་ཀོང་བ་༡༠༠༠༠་ལྷག་འཛིན་བཟུང་བྱས་པ་དང་ཧོང་ཀོང་གི་དམངས་གཙོའི་ཕྱོགས་ཁག་གི་གནད་ཡོད་མི་སྣ་ཕལ་ཆེ་བ་ཁྲིམས་ལ་སྦྱར། ད་ལྟ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་པ་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བའི་འགོ་ཁྲིད་ཚོ་ཁོ་ན་མིན་ཞིང་། ཨི་སཀ་ཁྲེང་ཞེས་པའི་ཇཱོ་ཤི་ཝ་ཝང་གི་གྲོགས་པོ་ཞིག་གིས་བཤད་པ་ལྟར་ན། རྒྱ་ནག་གཞུང་གི་ལྟ་ཚུལ་ལ་མི་མཐུན་པའི་བསམ་བློའི་ལྟ་བ་འཛིན་མཁན་ཡོད་དོ་ཅོག་ཉེས་ཅན་པར་རྩི་བཞིན་འདུག ཧོང་ཀོང་གི་ན་གཞོན་ཚོར་ཧོང་ཀོང་ནི་ཧོང་ཀོང་བ་ཚོར་གཏོགས་པའི་བསམ་བློའི་འདུ་ཤེས་ཤིག་ཡོད། ད་ནས་ཧོང་ཀོང་གི་སློབ་ཕྲུག་ཚོས་སྲིད་གཞུང་གི་ལྟ་བར་མི་མཐུན་པའི་བསམ་བློའི་ལྟ་བ་ཞིག་བཟུང་ན་ཁྲིམས་འགལ་ལ་སྒྱུར་གྱི་འདུག་ཅེས་བཤད། ཉེ་ཆར་ཧོང་ཀོང་གི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་འཐུས་མི་ཚང་མས་རང་རང་གི་ལས་གནས་ནས་རྩ་དགོངས་ཞུས་ཏེ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་དེར་ངོ་རྒོལ་བྱས་འདུག

XS
SM
MD
LG