ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧུན་དྷུ་ར་སིའི་སྲིད་འཛིན་ཐེ་ཝན་ལ་འཚམས་འདྲིར་ཕེབས་འབྱོར།


༄༅།། དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཧུན་དྷུ་ར་སིའི་སྲིད་འཛིན་ཧར་ནན་དྷེ་ཛི་གཟའ་པ་སངས་ནས་གཟའ་ཉི་མའི་བར་དུ་ཐེ་ཝན་ལ་ཉིན་གསུམ་གྱི་འཚམས་འདྲིར་ཕེབས་ཏེ་ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་༨༠་འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོར་ཞུགས་ཀྱི་ཡོད་ཅེས་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་འདུག ཡིན་ནའང་ཟླ་བ་འདིའི་ཚེས་༢༨་ཉིན་ཧུན་དྷུ་ར་སི་རྒྱལ་ཁབ་ལ་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པ་དང་ཕྱོགས་འགལ་ཚོགས་པའི་སྲིད་འཛིན་འོས་མི་ཁེ་སི་ཊི་རོས་རང་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ཚེ། ཁོང་གིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་ཕྱི་འབྲེལ་འཛུགས་རྒྱུ་ཡིན་ཞེས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་གྱི་ཡོད་ཅིང་། དེ་རིང་གཟའ་པ་སངས་ཉིན་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧུན་དྷུ་ར་སིའི་སྲིད་འཛིན་ཧར་ནན་དྷེ་ཛི་སྟངས་དཔྱལ་གཉིས་དང་ཕྱི་སྲིད་བློན་ཆེན་གཏན་ཞལ་ཟུང་། ཧུན་དྷུ་ར་སིའི་སྲིད་འཛིན་ལས་ཁུངས་ཀྱི་དྲུང་ཡིག་ཆེན་པོ་སོགས་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ཐེ་ཝན་ལ་འཚམས་འདྲིར་ཕེབས་ཡོད། ཐེ་ཝན་གཞུང་གིས་སྲིད་འཛིན་ཧར་ནན་དྷེ་ཛི་ལ་ཆེས་མཐོའི་གཟེངས་འབུལ་འཆར་ཡོད། འདི་ནི་ཧུན་དྷུ་ར་སིའི་སྲིད་འཛིན་ཁོང་ཐེ་ཝན་ལ་འཚམས་འདྲིར་ཕེབས་པ་ཐེངས་བཞི་པ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ཐོག་མར་༢༠༡༠་ལོར་སྐུ་ཞབས་ཧར་ནན་དྷེ་ཛི་རྒྱལ་ཁབ་དེའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོའི་མཚན་ཐོག་ཏུ་ཐེ་ཝན་ལ་འཚམས་འདྲིར་ཕེབས། དེ་ནས་༢༠༡༥་དང་༢༠༡༦་གཉིས་ལ་སྲིད་འཛིན་གྱི་མཚན་ཐོག་ཏུ་ཐེ་ཝན་ལ་འཚམས་འདྲིར་ཕེབས། ད་ལྟ་སྲིད་འཛིན་གྱི་ལས་དུས་མཇུག་མ་སྒྲིལ་གོང་དུ་ཐེ་ཝན་ལ་འཚམས་འདྲི་མཐའ་མ་དེར་ཕེབས་ཡོད་པ་རེད།།

ཁ་སང་གཟའ་ཕུར་བུའི་ཉིན་ཧུན་དྷུ་ར་སིའི་ཕྱི་སྲིད་ལྷན་ཁང་གིས་སྲིད་འཛིན་ཧར་ནན་དྷེ་ཛི་གཟའ་འཁོར་འདིར་ཨ་མི་རི་ཀ་བརྒྱུད་ནས་ཐེ་ཝན་ལ་འཚམས་འདྲིར་ཕེབས་ཡོད། ཁོང་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་མགྲོན་འབོད་གནང་བ་ལྟར་ཐེ་ཝན་ལ་འཚམས་འདྲིར་ཕེབས་རེད་ཅེས་བསྒྲགས། ཟླ་མཇུག་འདིར་སྲིད་འཛིན་ཧར་ནན་དྷ་ཛིའི་ལས་དུས་གཉིས་པ་མཇུག་བསྒྲིལ་ཡོད་པས་ཐེ་ཝན་གཞུང་གིས་ཧུན་དྷུ་ར་སིའི་སྲིད་འཛིན་འོས་འདེམས་དང་སྲིད་གཞུང་འཕོ་འགྱུར་འགྲོ་རྒྱུའི་རྟགས་མཚན་ཡོད་མེད་བཅས་ལ་རྟོག་ཞིབ་གཟབ་ནན་བྱེད་དགོས་པ་ཞིག་ཏུ་གྱུར། ད་ལོའི་ཕྱི་ཟླ་༩་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་ཐེ་ཝན་གྱི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་སུ་འཇུག་དགོས་ཞེས་རྒྱབ་སྐྱོར་གྱི་གླེང་སློང་བྱས་ཀྱང་ཧུན་དྷུ་ར་སིའི་གཞུང་གིས་ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་སུ་འཇུག་དགོས་ཞེས་གླེང་སློང་མ་བྱུང་། འདི་ནི་ཧུན་དྷུ་ར་སིའི་གཞུང་གིས་ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ཁོངས་སུ་འཇུག་དགོས་ཞེས་རྒྱབ་སྐྱོར་གྱི་གླེང་སློང་མ་བྱས་པ་ཐེངས་ཡིན་རུང་ཧུན་དྷུ་ར་སི་ནི་དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཁག་གི་གྲས་སུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་གཙོ་གྲས་ཤིག་ཡིན་འདུག གཟའ་པ་སངས་ཉིན་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་ཀྲུང་ཧྭ་མིན་གོ་དང་ཧུན་དྷུ་ར་སི་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་དང་ཚོང་ལས། རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན། སྤྱི་དམངས་ཀྱི་འཕྲོད་བསྟེན་ལྟ་སྐྱོང་དང་ཞིང་ལས། ཤེས་ཡོན་སློབ་གསོ་དང་བུད་མེད་ཀྱི་ཐོབ་ཐང་སོགས་ཕྱོགས་གང་ཐད་དུ་འབྲེལ་བ་དམ་ཟབ་བྱུང་ཡོད། ཐེ་ཝན་དང་ཧུན་དྷུ་ར་སིའི་མཛའ་འབྲེལ་གྱི་རྨང་གཞི་སྲ་བརྟན་ཡིན་ཞེས་ཁྱབ་བསྒྲགས་བྱས་ཀྱང་རྒྱ་ནག་གིས་དཔལ་འབྱོར་རོགས་རམ་དང་ཚོང་ལས་ཀྱི་གོ་སྐབས་སྒོ་འབྱེད། མ་རྩ་འཛུགས་འཇོག་དང་གནོན་ཤུགས་སོགས་ཐབས་ཇུས་ཡོད་དགུ་རྩལ་སྤྲུག་བཏོན་ནས་ཧུན་དྷུ་ར་སི་རྒྱ་ནག་གི་ཕྱོགས་སུ་འགུགས་ཐབས། རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་གྲོགས་མེད་ཁེར་རྐྱང་དུ་འཇོག་རྒྱུའི་ཐབས་ཇུས་ཤིག་བཟུང་ནས་རྒྱལ་ཁབ་འགའ་ཞིག་གིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས།།

བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ཁག་ཅིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་ཏེ་མཚོ་གླིང་དེའི་ཕྱི་སྲིད་ལྷན་ཁང་དང་སྲིད་འཛིན་ཚེ་དབྱིན་ཝེན་སོགས་ཀྱིས་སྣེ་ལེན་ཞུས། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་མཚོ་གླིང་དེར་བཅའ་སྡོད་ཨ་མི་རི་ཀའི་དོན་གཅོད་ཁང་གིས་གྲོས་ཚོགས་འཐུས་མི་དེ་དག་གི་འཚམས་འདྲི་བཀོད་སྒྲིག་བྱས་པ་རེད་ཅེས་གསལ་བསྒྲགས་སྤེལ། ཨ་རིའི་གྲོས་ཚོགས་འཐུས་མི་དེ་དག་སུ་སུ་ཡིན་མིན་གྱི་མིང་གཞུང་ཕྱིར་བསྒྲགས་མ་བྱས་ཀྱང་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཇཱོན་ཁོར་ཎི་སྐུ་ཚབ་ཚོགས་པའི་ཁོངས་སུ་འདུག་ཅེས་གནས་ཚུལ་སྤེལ། རྒྱ་ནག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་དེ་དག་གི་འཚམས་འདྲིར་ངོ་རྒོལ་བྱེད་པར་ཐེ་ཝན་གྱི་ཉེ་འཁྲིས་སུ་དམག་སྦྱོང་བྱས་པར་མ་ཟད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་མགྲིན་ཚབ་པ་ཝང་ཝེན་པིན་གྱིས་ཨ་རིའི་གཞུང་གིས་ཐེ་ཝན་ལ་གཞུང་འབྲེལ་གྱི་འབྲེལ་བ་འཛིན་གྱི་ཡོད་པ་འཕྲལ་དུ་མཚམས་འཇོག་བྱ་དགོས། འདི་ནི་ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་ཁས་ལེན་བྱེད་ཀྱི་ཡོད་པར་རྒྱབ་འགལ་རེད། ང་ཚོས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་མཚོ་གླིང་དེར་མཉམ་འབྲེལ་བྱས་ནས་ཐེ་ཝན་རང་བཙན་ལ་ངན་སྐུལ་མི་བྱེད་པའི་ནན་སྐུལ་ཞུ་རྒྱུ་ཡིན། ཐེ་ཝན་རང་བཙན་ལ་ཁ་ཆག་སྣ་རལ་གྱི་མཇུག་འབྲས་ཚབས་ཆེན་ཞིག་སྨིན་རྒྱུ་ཡིན་པས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཆག་སྒོ་ཆེན་པོ་ཞིག་མི་སློང་བ་རེད་ཅེས་བཤད།།

དེ་རིང་ཕྱི་ཚེས་༡༢་ཉིན་ཐེ་ཝན་གྱི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་དོན་ལྷན་ཁང་གི་མཐོ་རིམ་ལས་སྣེ་མུ་རཱེས་ཐེ་ཝན་དང་ལི་ཐུ་ཝྭེ་ཎི་ཡའི་འབྲེལ་བར་རྒྱ་ནག་གིས་འགལ་རྐྱེན་སློང་གི་ཡོད་པ་སོགས་ལ་སྐྱོན་བརྗོད་བྱས་ཤིང་། ཁོང་གིས་ལི་ཐུ་ཝྭེ་ཎི་ཡར་རང་གི་ས་ཐོག་ཏུ་བཙུགས་པའི་ཐེ་ཝན་གྱི་ལས་ཁུངས་དེར་མིང་བྱང་གང་འདྲ་ཞིག་འགོད་དུ་འཇུག་རྒྱུ་ཡིན་མིན་ཐག་གཅོད་བྱེད་ཆོག་པའི་ཐོབ་ཐང་ཡོད། རྒྱ་ནག་གིས་དེ་ལ་ཐེ་ཇུས་བྱེད་ཀྱི་ཡོད་པ་ངོས་ལེན་བྱེད་ཐབས་བྲལ། ཐེ་ཝན་དང་ལི་ཐུ་ཝྭེ་ཎི་ཡ་གཉིས་ཀྱི་འབྲེལ་བ་འཛུགས་ཕྱོགས་ལ་རྒྱ་ནག་གིས་ཐེ་ཇུས་བྱེད་ཆོག་པའི་དབང་ཚད་མེད་ཅེས་གཟའ་ལྷག་པའི་ཉིན་ལི་ཐུ་ཝྭེ་ཎི་ཡའི་རྒྱལ་ཡོངས་རླུང་འཕྲིན་དང་བརྙན་འཕྲིན་ཁང་གི་བཅར་འདྲིའི་དུས་སུ་བཤད་འདུག ད་ལོ་ལི་ཐུ་ཝྭེ་ཎི་ཡའི་གཞུང་གིས་རང་གི་རྒྱལ་སར་བཙུགས་ཡོད་པའི་ཐེ་ཝན་གྱི་དཔལ་འབྱོར་དང་ཚོང་དོན་ལས་ཁུངས་ལ་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞིག་མིང་བྱང་བསྒྱུར་དུ་འཇུག་རྒྱུའི་ཐག་བཅད། ཐེ་པེ་གྲོང་ཁྱེར་དུ་ལུ་ཐུ་ཝྭེ་ཎི་ཡའི་དོན་གཅོད་ཁང་འཛུགས་རྒྱུ། ཟླ་བ་སྔོན་མར་ཐེ་ཝན་གྱི་རྒྱལ་ཡོངས་འཛུགས་སྐྲུན་ལྷན་ཁང་གི་བློན་ཆེན་གུང་མིན་ཞིན་གྱིས་འགོ་ཁྲིད་པའི་ཚོགས་མི་༦༦་ཡོད་པའི་ཚོང་དོན་སྐུ་ཚབ་ཚོགས་པ་ཞིག་ལི་ཐུ་ཝྭེ་ཎི་ཡར་འཚམས་འདྲིར་བསྐྱོད། གལ་སྲིད་འཆར་གཞི་རྣམས་ལེགས་གྲུབ་བྱུང་ན་ལོ་འདི་མཇུག་མ་བསྒྲིལ་སྔོན་དེར་ཡུ་རོབ་ཀྱི་ས་ཐོག་ཏུ་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞེས་མིང་བྱང་བཀོད་པའི་དོན་གཅོད་ཁང་ཐོག་མ་དེ་སྒོ་འབྱེད་ཐུབ་རྒྱུའི་རེ་བ་ཆེ། ཨ་རིའི་དཔལ་འབྱོར་དང་ཚོང་དོན་ལྷན་ཁང་གི་མཐོ་རིམ་ལས་སྣེ་མུ་རཱེས་རྒྱ་ནག་གི་ཐེ་ཇུས་དང་གནོན་ཤུགས་འགོག་ཐབས་ནི་དེ་ལ་འགོག་རྒོལ་བྱ་དགོས། རྒྱ་ནག་ལ་འགོག་རྒོལ་མ་བྱས་ན་གནོན་ཤུགས་སྤྲོད་རྒྱུ་དང་བཙན་དྲག་བཀོལ་རྒྱུ་ཤུགས་ཇེ་ཆེར་འགྲོ་ངེས་རེད། འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་བསྙེ་རྒྱུ་ཉུང་དུ་གཏོང་དགོས་ཞེས་བསྟན།།

ཕྱིའི་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་ཅི་ཙམ་རྒྱབ་སྐྱོར་དང་འབྲེལ་བ་བཙུགས་ན་རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་བཙན་འཛུལ་བྱ་རྒྱུ་དང་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དམག་འཐབ་གནམ་གྲུ་བཏང་ནས་སྡིགས་ར་བསྐུལ་རྒྱུ་ཇེ་མང་དུ་སོང་། གཟའ་མིག་དམར་ཉིན་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གིས་ཨ་མི་རི་ཀས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་ནས་ཐེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་མེད་པར་གཏོང་གི་འདུག རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་ཐེ་ཝན་རང་བཙན་ལ་དྲག་གནོན་བྱ་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད། རྒྱལ་ཁབ་ཀྱི་མངའ་ཁོངས་གོང་བུ་གཅིག་གྱུར་དོན་དུ་རྒྱ་ནག་གིས་ཨ་མི་རི་ཀར་དམག་འཁྲུག་རྒྱག་ཐུབ་པའི་སྟོབས་ཤུགས་ཡོད་ཅེས་ཉེན་བརྡ་བཏང་ཞིང་། བདུན་ཕྲག་རྗེས་མའི་གཟའ་ཟླ་བའི་ཉིན་སྲིད་འཛིན་ཇཱོ་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་དྲྭ་ལམ་དུ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པ་དེའི་སྐབས་སུ་ཞིས་ཅིན་ཕིང་གིས་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་བཙོང་གི་ཡོད་པ་དང་ཐེ་ཝན་ལ་འབྲེལ་བ་རྒྱ་སྐྱེད་གཏོང་གི་ཡོད་པ་མཚམས་འཇོག་བྱ་དགོས། ཨ་རིས་རྒྱ་ནག་གཅིག་གི་རྩ་དོན་ཁ་ཞེ་གཉིས་མེད་ཀྱིས་ལག་ལེན་བསྟར་དགོས་པའི་ནན་བརྗོད་བྱ་རྒྱུའི་སྔོན་དཔག་བྱེད་འགོ་ཚུགས། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ང་ཚོ་ཉིན་ལྟར་རྒྱ་ནག་གི་འཇིགས་སྐུལ་དང་བཙན་དྲག་གི་འོག་ཏུ་འཚོ་གནས་བྱེད་བཞིན་ཡོད། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་སྲིད་པའི་ཉེན་ཁ་ཇེ་ཆེ་རེད་ཅེས་བཤད། ད་ལོའི་ཕྱི་ཟླ་༦་པའི་ནང་དུའང་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ལ་འཚམས་འདྲིར་ཕེབས། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཨ་མི་རི་ཀའི་དམག་གིས་ཐེ་ཝན་གྱི་དྲག་གྲས་དམག་དཔུང་ལ་སྦྱོང་བརྡར་སྤྲོད་ཀྱི་ཡོད་ཅེས་ངེས་གཏན་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག

XS
SM
MD
LG