ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༢/༠༥/༢༩

ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་པ་ཌིཀ་ལར་ཁེ་གཤེགས་པར་ཐུགས་གསོ།


༄༅།། ལྷོ་ཨ་ཧྥི་རི་ཀའི་མི་རིགས་དབྱེ་འབྱེད་ལམ་ལུགས་མཇུག་སྒྲིལ་ལ་མཛད་རྗེས་ཆེ་བའི་མི་རིགས་དཀར་པོའི་སྲིད་འཛིན་མཐའ་མ་ཌིག་ལར་ཁེ་དགུང་གྲངས་༨༥་ཐོག་ཏུ་སྐུ་ཚེའི་འཕེན་པ་རྫོགས་ཡོད་ཅིང་། དེ་རིང་ཕྱི་ཚེས་༡༢་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དམ་པ་དེའི་བཟའ་ཟླ་ཨེ་ལི་ཏ་ཌིཀ་ལར་ཁེ་གཙོས་ཤུལ་ལུས་སྐུ་འཁོར་ཚོར་ཐུགས་གསོའི་གསུང་འཕྲིན་ཞིག་གནང་འདུག དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེན་མོ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་གྱིས་༧གོང་ས་མཆོག་གིས་ལྷོ་ཨ་ཧྥ་རི་ཀས་རྡུལ་ཕྲན་མཚོན་ཆའི་ལས་དྲྭ་མཚམས་འཇོག་བྱས་པར་བསྔགས་བརྗོད་དང་དམ་པ་དེའི་སྐུ་ཚེ་དོན་དང་ལྡན་པ་ཞིག་བྱུང་ཡོད་ཅེས་ཐུགས་གསོའི་གསུང་འཕྲིན་འཁོད། ༧གོང་ས་མཆོག་དང་སྐུ་ཞབས་ཌིཀ་ལར་ཁེ་རྣམ་གཉིས་མཇལ་འཕྲད་ལན་མང་གནང་མྱོང་ཡོད་པ་རེད་ཅེས་ཕྱིར་དྲན་བྱས་ནས་གནས་ཚུལ་མཁོ་སྤྲོད་གནང་འདུག

སྐུ་ཞབས་ཌིཀ་ལར་ཁེ་ལ་ལོ་གཅིག་གི་སྔོན་ནས་སྐྲན་ནད་ཀྱི་སྙུང་གཞི་ཕོག ཁོང་གི་དགེ་རྩ་ཚོགས་པས་རྒྱལ་ཡོངས་ལ་བརྙན་འཕྲིན་བརྒྱུད་ནས་དམ་པ་དེའི་མཐའ་མཇུག་གི་གསུང་འཕྲིན་རྒྱང་སྲིང་ཞུས། སྲིད་འཛིན་ཟུར་པ་ཌིཀ་ལར་ཁེས་གཞོན་དུས་ནས་གྲོས་ཚོགས་འཐུས་མི་དང་བློན་ཆེན་སོགས་ཀྱི་མཚན་གནས་འདྲ་མིན་གྱི་ལས་ཁུར་བཞེས། རྒྱལ་ཁབ་དེའི་མི་རིགས་དབྱེ་འབྱེད་ལམ་ལུགས་འོག་ཏུ་མི་རིགས་ནག་པོ་དང་རྒྱ་གར་བ་སོགས་ལ་དབྱེ་འབྱེད་དང་མཐོང་ཆུང་གི་གཉའ་གནོན་ཕོག་པར་ཐོག་མཐའ་བར་གསུམ་དུ་བཟོད་གསོལ་ཞུས། ཁོང་གིས་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་པ་ནེལ་སན་མན་ཌ་ལར་མཇལ་འཕྲད་དང་ཆ་རྐྱེན་གང་ཡང་མེད་པར་བཙོན་ཁང་ནས་གློད་གྲོལ་བཏང་ཞིང་། སྐུ་ཞབས་མན་ཌ་ལ་དང་མཉམ་འབྲེལ་གྱིས་ལྷོ་ཨ་ཧྥི་རི་ཀར་མི་རིགས་དབྱེ་འབྱེད་ཀྱི་ལམ་ལུགས་རྩ་མེད་བཏང་སྟེ་ཕྱི་ལོ་༡༩༩༣་ལོར་དབུ་ཁྲིད་རྣམ་གཉིས་ལ་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ།།

སྐུ་ཞབས་ཌིཀ་ལར་ཁེ་ལྷོ་ཨ་ཧྥི་རི་ཀའི་མི་རིགས་དབྱེ་འབྱེད་ལམ་ལུགས་རྩ་མེད་བཟོ་ཕྱོགས་སུ་སྲིད་འཛིན་ཟུར་པ་མན་ཌ་ལ་དང་ལྟ་བ་མ་མཐུན་པའི་བཤད་སྲོལ་མང་པོ་ཡོད་མོད། འོན་ཀྱང་ཁོང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པའི་རྗེས་སུ་མན་ཌ་ལའི་དགེ་རྩ་ཚོགས་པས་དབུ་ཁྲིད་རྣམ་གཉིས་ཐུགས་མཐུན་བྱུང་མིན་གྱི་བཤད་སྲོལ་སྣ་ཚོགས་ཤིག་ཡོད་ཀྱང་ལྷོ་ཨ་ཧྥི་རི་ཀའི་ལོ་རྒྱུས་སུ་སྲིད་འཛིན་དམ་པ་རྣམ་གཉིས་ཀྱི་མཚན་ནི་རྟག་ཏུ་མཉམ་གླེང་བྱེད་ངེས་ཡིན་པར་མ་ཟད། ཁོང་གི་མཛད་རྗེས་ནི་རླབས་ཆེན་ཞིག་རེད་ཅེས་བཀོད། ད་ལྟ་རྒྱལ་སྤྱིའི་དབུ་ཁྲིད་ཁག་དང་མང་ཚོགས་སོགས་ཀྱིས་ཊོས་ཊར་དྲྭ་ལམ་སོགས་བརྒྱུད་ནས་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་པ་དེའི་མཛད་རྗེས་རྣམས་གླེང་སློང་དང་དམ་པ་དེར་རྗེས་དྲན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG