ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལྷོ་ཡུལ་སྤྱི་ཏེའི་ཕྱོགས་སུ་དགུན་གྱི་གྲང་ངར་ཁྲོད་དུ་སྨན་ཁབ་རྒྱག་ཐབས།


༄༅།། ད་ལྟ་འཛམ་གླིང་རྒྱལ་ཁབ་མང་དག་ཅིག་ལ་ལྷོ་ཨ་ཧྥི་རི་ཀ་ནས་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་ཞིག་ཁྱབ་ཀྱི་ཡོད་དང་རྒྱ་གར་གྱི་ཧ་མི་ཅལ་མངའ་སྡེའི་དཔལ་འབྱོར་དང་ཚོང་ལས་གཉིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་སྤྲོ་འཆམ་པའི་ཚོང་ལས་ལ་བརྟེན་ཡོད་ཅིང་། རྒྱལ་སྤྱིའི་ཐོག་ཏུ་སླར་ཡང་འགྲིམ་འགྲུལ་བཀག་སྡོམ་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་དགུན་གྱི་གངས་ཤུད་དུས་ཚིགས་སྐབས་སུ་ཧི་མ་ཅལ་མངའ་སྡེའི་དཔལ་འབྱོར་དང་ཚོང་ལས་ལ་སླར་ཡང་གྱོང་གུད་འཕོག་རྒྱུའི་ཉེན་ཁ་ཆེན་པོ་འཕྲད་ཡོད་པར་མངའ་སྡེའི་གཞུང་གིས་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག བདུན་ཕྲག་སྔོན་མར་ཧི་མ་ཅལ་མངའ་སྡེའི་འཕྲོད་བསྟེན་ལས་སྣེ་ཚོས་དགུན་གྱི་གྲང་ངར་ཁྲོད་དུ་ལྷོ་ཡུལ་སྤྱི་ཏེ་དང་ཁུ་ནུའི་ཕྱོགས་ཀྱི་རི་ཁུག་ལུང་ཁུག་གི་མི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་པའི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོན། དགུན་གྱི་གངས་ཤུད་དུས་ཚིགས་སྐབས་སུ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་ཐུབ་རྒྱུའི་རེ་ལྟོས་འཆང་། དེ་ཡང་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཚེས་༢༥་ཉིན་རྒྱ་གར་གྱི་དབུས་འཕྲོད་བསྟེན་ལྷན་ཁང་གི་བློན་ཆེན་མན་དྷ་ཝྭི་ཡས་ཊོས་ཊར་དྲྭ་ལམ་དུ་འཕྲོད་བསྟེན་ལས་སྣེ་ཚོས་རི་ལུང་རྫ་ལུང་གི་གྲོང་གསེབ་ཁག་ལ་འགོག་ཁབ་བརྒྱབ་ནས་སྐོར་སྐྱོད་བྱེད་ཀྱི་ཡོད་པའི་འདྲ་པར་ཞིག་བཀྲམ། ཁོང་གིས་རྒྱ་གར་གྱི་འཕྲོད་བསྟེན་ལས་སྣེ་ཚོས་མཚན་གྱི་མུན་ནག་ནང་དུའང་ཆེད་ལས་སྒྲུབ་ཀྱི་ཡོད་པར་མངོན་པར་བསྟོད། ལྷོ་ཡུལ་སྤྱི་ཏེའི་ཕྱོགས་སུ་རི་གྲོང་དག་ཅིག་ཡོད་པས་འཕྲོད་བསྟེན་ལས་སྣེ་ཚོས་དགུན་གྱི་གྲང་ངར་ཁྲོད་དུ་ཁྱིམ་ཚང་རེ་རེ་བཞིན་སྒོ་བརྡུངས་ནས་མི་མང་བརྒྱ་ཆ་བརྒྱ་ཐམ་པར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་གི་ཡོད་པ་ནི་རླབས་ཆེན་ཞིག་རེད་ཅེས་བསྔགས་བརྗོད་བྱས་ཤིང་། འདྲ་པར་དེའི་ནང་དུ་རྒྱ་གར་གྱི་འཕྲོད་བསྟེན་ལས་སྣེ་ཚོས་མཚན་ལ་ལག་ཐོགས་ཁ་པར་གྱི་གློག་སྦར་ནས་གྲོང་གསེབ་པ་ཚོར་འགོག་ཁབ་རྒྱག་གི་ཡོད་པ་གསལ་འདུག

ལྷོ་ཡུལ་སྤྱི་ཏེ་རྫོང་གི་ཏོག་དབྱིབས་ནད་དུག་རྟོག་ཞིབ་པ་སྨན་པ་རན་ཇཱི་ཏ་ཝྭེ་ཡ་ཌིས་བཤད་པ་ལྟར་ན། འདྲ་པར་ནང་དུ་ཐེབས་པའི་གྲོང་གསེབ་དེ་ཇུང་དྷ་གྲོང་ཚོ་ཡིན་པ་དང་བདུན་ཕྲག་སྔོན་མའི་གཟའ་ཟླ་བ་དང་མིག་དམར་གཉིས་ལ་སྤྱི་དམངས་བགྲེས་པ་ཚོར་སྨན་ཐུན་གཉིས་པའི་འགོག་ཁབ་བརྒྱབ་པའི་སྐབས་ཀྱི་འདྲ་པར་རེད། འཕྲོད་བསྟེན་ལས་སྣེ་ཚོ་གནནས་སྒར་དང་ལྕོག་ཁང་སོགས་རྫ་མགོ་མཐོན་པོར་འཛེགས་དགོས་བྱུང་སོང་། ཁོ་ཚོ་ཕྱིར་ལམ་ས་རུབ་ཀྱང་ལས་དོན་མ་གྲུབ་པར་མཚམས་བཞག་མེད་པ་དང་ང་ཚོས་གྲོང་གསེབ་ཁག་ལ་འཕྲོད་བསྟེན་ལས་སྣེ་ཚོ་འགོག་ཁབ་རྒྱག་ཏུ་ཡོང་གི་རེད་ཅེས་སྔོན་ནས་བརྡ་བཏང་བ་ཡིན། ལྷོ་ཡུལ་སྤྱི་ཏེའི་ཁུལ་གྱི་རི་ལུང་རྫ་ལུང་ལ་འགྲོ་སྐྱོད་བྱེད་དཀའ་ཡང་འཕྲོད་བསྟེན་ལས་སྣེ་ཚོས་སྡུག་ཡུས་སོགས་གང་ཡང་མ་བཤད་པར་མི་མང་ལ་འགོག་ཁབ་རྒྱག་ཐབས་བྱ་རྒྱུའི་འདུན་པ་བསྐྱེད་སོང་། ལྷོ་ཡུལ་སྤྱི་ཏེའི་ཕྱོགས་སུ་ཡུལ་མི་༡༥༠༠༠་ཡས་མས་ཤིག་ལས་མེད་ཀྱང་ཕྱི་ལོགས་ནས་ངལ་རྩོལ་རྒྱུག་ཏུ་ཡོང་བའི་མི་གྲངས་མང་པོ་ཡོད་པ་རེད་ཅེས་བཀྲལ། ལྷོ་ཡུལ་སྤྱི་ཏེ་རྫོང་གི་སྨན་པ་མ་དྷན་བྷན་གྱིས་བཤད་པ་ལྟར་ན། ཁོ་ཚོས་མི་གྲངས་༢༣༠༠༠་ལྷག་ལ་སྨན་ཐུན་གཉིས་པའི་འགོག་ཁབ་བརྒྱབ་ཟིན་པ་དང་འགོག་ཁབ་སྨན་ཐུན་གཉིས་པ་བརྒྱབ་མེད་པ་ཚོར་ལག་ཐོགས་ཁ་པར་ནང་དུ་འབྲེལ་བ་བྱས་ནས་འགོག་ཁབ་རྒྱག་ཏུ་ཤོག་ཅེས་འབྲེལ་བ་བྱེད་ཀྱི་ཡོད། ངལ་རྩོལ་རྒྱུག་མཁན་ཚོར་སྨན་ཐུན་དང་པོའི་འགོག་ཁབ་༨༠༠༠་ལྷག་བརྒྱབ་པ་ཡིན། ད་ལྟ་དགུན་ཁའི་གངས་མ་བབས་གོང་དུ་འགོག་ཁབ་རྒྱག་རྒྱུའི་ལས་དོན་ཁག་ལེགས་གྲུབ་བྱུང་ཡོད་པ་དང་འགོག་ཁབ་མ་བརྒྱབ་པའི་མི་རྣམས་འཚོལ་ཞིབ་བྱེད་ཀྱི་ཡོད་ཅེས་བཤད་འདུག

རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་གཞུང་གིས་རང་གི་མངའ་ཁུལ་གྱི་མི་དམངས་ལ་སྨན་ཐུན་དང་པོའི་འགོག་ཁབ་བརྒྱ་ཆ་བརྒྱ་ཐམ་པ་རྒྱག་ཐུབ་ཡོད་ཀྱང་དགུན་དུས་བསླེབས་པ་དང་མི་མང་ཁག་ཅིག་གིས་སྨན་ཐུན་དང་པོའི་འགོག་ཁབ་ཀྱིས་འཐུས་པར་བྱས་ནས་སྨན་ཐུན་གཉིས་པ་རྒྱག་རྒྱུ་དེར་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན། དེར་བརྟེན་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཐ་ཁུར་གྱིས་ཕྱི་ཟླ་༡༡་པའི་༣༠་མི་འགྱངས་པར་མི་དམངས་ལ་སྨན་ཐུན་གཉིས་པའི་འགོག་ཁབ་བརྒྱབ་ཚར་དགོས་པའི་དུས་ཚོད་གཏན་ལ་ཕབ། འདས་པའི་ཉིན་བཅོ་ལྔ་ཡས་མས་ཤིག་གི་གོང་ནས་ཧ་མ་ཅལ་མངའ་སྡེའི་ལྷོ་ཡུལ་སྤྱི་ཏེ་དང་ཁུ་ནུ། ཀུ་ལུ་དང་ཅམ་བྷ། སིར་མོ་སོགས་ས་གནས་མང་དག་ཅིག་ལ་གཞུང་གི་འཕྲོད་བསྟེན་ལས་སྣེ་ཁག་དང་མི་མང་དང་བླངས་པ་རྣམས་མཉམ་འབྲེལ་གྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གཉིས་པ་རྒྱག་རྒྱུ་དེར་ཤུགས་སྣོན་རྒྱག་གི་ཡོད་འདུག ལྷོ་ཡུལ་སྤྱི་ཏེ་ཁུལ་གྱི་ས་གནས་ཁག་ཅིག་རྒྱ་མཚོ་ནས་མཐོ་ཚད་ཁྲུ་༡༠༠༠༠་ལྷག་ཡོད་པས་གློག་ཀྱང་མེད་པར་འཕྲོད་བསྟེན་ལས་སྣེ་ཚོས་དཔལ་འབར་བཀར་ནས་མི་མང་ལ་འགོག་ཁབ་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG