ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་འབྲུག་ཡུལ་དང་བཅས་ལྷོ་ཨེ་ཤི་ཡ་དབང་དུ་བསྡུ་ཐབས།


༄༅།། ༢༠༡༧་ནས་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་རྒྱ་ནག་གི་མངའ་ཁོངས་རྒྱ་སྐྱེད་བྱ་དགོས་ཞེས་ངར་སྐད་སྒྲོགས་འགོ་ཚུགས། རྒྱ་ནག་གིས་བོད་འབྲུག་ས་མཚམས་ནས་རྒྱ་གར་མཐའ་བསྐོར་ཏེ་ལྷོ་ཨེ་ཤི་ཡར་རྒྱ་གར་གྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་འགོག་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་ཕྱི་ཟླ་༡༡་པའི་ཚེས་༡༨་ཉིན་རྒྱ་གར་གྱི་ཉམས་ཞིབ་པ་ཁ་ནན་གྱིས་རྩོམ་ཡིག་བྲིས་པ་ཞིག་དེ་རིང་གི་རྒྱ་གར་ཞེས་པའི་གསར་འགྱུར་དྲྭ་ལམ་དུ་སྤེལ་འདུག རྩོམ་ཡིག་དེར་ལོ་འདིའི་མགོ་སྟོད་དུ་རྒྱ་ནག་གིས་བོད་འབྲུག་ས་མཚམས་བརྒལ་ནས་འབྲུག་གི་ཐོག་ཏུ་གཞིས་ཆགས་གསར་པ་བཞི་འཛུགས་སྐྲུན་བྱས་པ་འཛམ་གླིང་ཡོངས་ཀྱིས་གསར་དུ་ཤེས་རྟོགས་བྱུང་རུང་དོན་དངོས་སུ་རྒྱ་ནག་གིས་ལོ་ཤས་སྔོན་ནས་འཛུགས་སྐྲུན་བྱ་རྒྱུ་འགོ་བཙུགས་པ་རེད། གྲོང་གསེབ་དེར་རྒྱ་ལ་ཕུག་ཟེར་གྱི་ཡོད་པ་དང་ཐོག་མར་རྒྱ་ནག་གིས་གྲོང་གསེབ་དེ་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཕྱོགས་སུ་སྐར་ལྔའི་དར་དམར་འཛུགས་ས་ཞིག་དགོས་ཀྱི་འདུག་ཅེས་འགྲེལ་བཤད་བརྒྱབ་ནས་རྒྱ་ལ་ཕུག་སྤྱི་ལེ་༧་བརྒལ་ནས་འབྲུག་གི་ས་ཐོག་ཏུ་འཛུགས་སྐྲུན་བྱས་པ་རེད། རྒྱ་ནག་གིས་དུས་རབས་སྔོན་མའི་ལོ་༨༠་པ་ནས་རྒྱ་ལམ་ཕུག་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་རྩོད་པ་རྒྱག་མགོ་བརྩམས། རྒྱལ་སྤྱིའི་ས་ཁྲ་དང་ཡིག་ཆ་ཁག་ཏུ་རྒྱ་ལ་ཕུག་ནི་འབྲུག་གི་མངའ་ཁོངས་གཏོགས་པའི་དཔང་རྟགས་ཡོད་ཀྱང་རྒྱ་ནག་གིས་ས་གནས་དེར་དམངས་སྲིད་དང་དམག་དོན་མི་སྣ་འགྲེམ་འཇོག ཞི་བའི་ལས་དོན་དང་དམག་དོན་ལ་མཁོ་བའི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན། འབྲུག་དང་རྒྱ་ནག་གཉིས་ལ་བོད་འབྲུག་ས་མཚམས་སུ་རྩོད་གཞི་ཡོད་ས་གཞན་པའང་ཡོད་པ་རེད་ཅེས་བཀོད།།

རྒྱ་ལ་ཕུག་གྲོང་གསེབ་ལ་རྒྱ་ནག་གིས་སྤྱི་ལེ་བརྒྱ་ལྷག་གི་རིང་ཚད་ཀྱི་རྒྱ་ལམ་འཛུགས་སྐྲུན་བྱས་ནས་སྣུང་ནག་བཏིངས་ཏེ་རྒྱ་ནག་དམར་ཤོག་ཚོགས་པའི་ལས་སྣེ་དང་དམག་གི་སོ་ཁང་། གློག་ཁང་ཆུང་ཆུང་ཞིག་དང་བརྡ་འཕྲིན་ལྕགས་སྡོང་སོགས་བཙུགས་ནས་མི་བརྒྱ་ཕྲག་འགའ་ཞིག་གྲོང་གསེབ་དེར་འཚོ་གནས་བྱེད་ཐུབ་པའི་ཁང་པ་འཛུགས་སྐྲུན་བྱས་ཟིན་འདུག འཁོར་སྐར་གྱིས་བླངས་པའི་འདྲ་པར་ནང་དུ་གྲོང་གསེབ་བཞིའི་གཞིས་ཆགས་དེ་སྤྱི་ཡོངས་ཀྱི་ཆ་ནས་སྤྱི་ལེ་༣་ནས་༤་ཡས་མས་རེ་ས་མཚམས་བརྒལ་ནས་འབྲུག་ས་ཐོག་ཏུ་ཆགས་ཤིང་། གྲོང་གསེབ་དེ་དག་༢༠༢༠་དང་༢༠༢༡་གི་བར་དུ་འཛུགས་སྐྲུན་བྱས་འདུག་ཅེས་བསྟན། དེ་རིང་གི་རྒྱ་གར་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དུས་རབས་སྔོན་མའི་ལོ་རབས་༨༠་ནང་དུ་རྒྱ་ནག་གི་ས་ཁྲའི་ནང་དུ་རྒྱ་ལ་ཕུག་འབྲུག་གི་མངའ་ཁོངས་སུ་བཀོད་ཀྱང་ཉེ་དུས་ཤིག་ནས་རྒྱ་ནག་གིས་མཐའ་མཚམས་ཀྱི་ས་ཆ་རྣམས་ཧམ་འཛིན་བྱས་ནས་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་སོང་། སྔོན་ཆད་རྒྱ་ནག་གིས་རྩོད་གཞི་ཅན་གྱི་མཐའ་མཚམས་ཁག་ལ་རྒྱ་ལམ་འཛུགས་སྐྲུན་བྱས་མྱོང་ཡོད་ཀྱང་རྒྱལ་སྤྱིའི་ཐོག་ཏུ་འབྲུག་གི་མངའ་ཁོངས་སུ་ངོས་འཛིན་ཐོབ་པའི་ས་ཐོག་ཏུ་གཞིས་ཆགས་འཛུགས་སྐྲུན་བྱས་མྱོང་མེད་པ་རེད། རྒྱ་ནག་གིས་བོད་འབྲུག་ས་མཚམས་སུ་གཞིས་ཆགས་འཛུགས་སྐྲུན་བྱས་པ་ནི་༡༩༩༨་ལོར་ཕྱོགས་གཉིས་ཀྱིས་མིང་རྟགས་བཀོད་པའི་གྲོས་མཐུན་ལ་རྒྱབ་འགལ་བྱུང་འདུག གྲོས་མཐུན་དེར་རྩོད་གཞི་ཅན་གྱི་ས་གནས་ཁག་གི་བདག་དབང་སུ་ལ་ཡོད་མེད་ཐག་གཅོད་མ་བྱུང་བར་དུ་ས་གནས་དེ་དག་ས་སྟོང་དུ་འཇོག་དགོས་ཞེས་འཁོད། འབྲུག་གི་ནུབ་ཕྱོགས་ཀྱི་ས་མཚམས་སུའང་རྒྱ་ནག་གིས་གྲོང་གསེབ་ཅིག་འཛུགས་སྐྲུན་བྱས་ནས་སྤང་མདའ་ཞེས་མིང་བཏགས། གྲོང་གསེབ་དེར་རྒྱ་ལམ་འཛུགས་སྐྲུན་བྱས་ནས་འབྲོག་ལམ་ས་ཁུལ་ལ་བར་ཐག་ཉེ་བོ་འདུག་ཅེས་བཀོད།།

ཕྱི་ཟླ་༡༡་པའི་ཚེས་༡༨་ཉིན་རྒྱ་ནག་གི་ཉམས་ཞིབ་པ་དང་སྤྱི་དམངས་སྟོབས་ཤུགས་ཁང་གསར་འཛུགས་པ་དབྱང་ཅན་ལིས་རྒྱ་ནག་གིས་བྷུ་རུ་ནེ་དང་འབྲུག་ཡུལ། རྒྱ་གར་དང་ཉི་ཧོང་། མ་ལེ་ཤི་ཡ་དང་བལ་ཡུལ། ཧྥི་ལི་ཕིན་དང་ཝྭེ་ཏེ་ནམ་བཅས་ལ་ས་ཁོངས་དང་མཚོ་ཁོངས་ཀྱི་བདག་དབང་ཐོག་ཏུ་རྩོད་པ་སློང་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག ཉེ་ཆར་རྒྱ་ནག་དང་འབྲུག་ཡུལ་གཉིས་ཀྱིས་ས་མཚམས་ཀྱི་གྲོས་མོལ་མྱུར་དུ་བྱེད་དགོས་པའི་གྲོས་མཐུན་བཞག གྲོས་མཐུན་དེ་༢༠༢༡་ལོའི་ཕྱི་ཟླ་༤་པར་རྒྱ་འབྲུག་གི་མཁས་པའི་གྲོས་མོལ་ཚོགས་འདུ་ཐེངས་བཅུག་པ་ཁུན་མིང་གྲོང་ཁྱེར་དུ་ཚོགས་པའི་སྐབས་སུ་གཏན་ལ་ཕབ་པ་འདྲ། རྒྱ་འབྲུག་གི་ས་མཚམས་གྲོས་མོལ་གྱི་ལམ་སྟོན་ཡིག་ཆ་དེར་སྔོན་ལ་གྲོས་མོལ་གྱི་སྒྲོམ་གཞི་གཏན་འབེབས་བྱ་རྒྱུ་དང་རྩོད་གཞི་ཡོད་པ་རྣམས་ངེས་བཟུང་བྱ་རྒྱུ། ཕན་ཚུན་ས་ཁྲ་བརྗེ་ལེན་བྱ་རྒྱུ་དང་དེ་ནས་ཐག་གཅོད་ཀྱི་རིམ་པ་དེར་གྲོས་མོལ་བྱ་དགོས་ཞེས་འཁོད་འདུག རྒྱ་གར་དུ་བཅའ་སྡོད་འབྲུག་པའི་གཞུང་ཚབ་ཁང་གིས་ས་མཚམས་ཀྱི་གྲོས་མོལ་ནི་ཚོར་སྐྱེན་རྣོན་པོ་ཞིག་ཡིན་པས་དེ་ལ་འགྲེལ་བརྗོད་བྱ་རྒྱུ་མིན་ཞེས་གླེང་སློང་བྱེད་ཀྱི་མེད་ཀྱང་འདས་པའི་ལོ་༣༧་ལ་རྒྱ་འབྲུག་གཉིས་ཀྱིས་ས་མཚམས་སྐོར་གྲོས་མོལ་བྱས་པའང་ཤེས་དགོས་པ་གནད་འགག་ཆེན་པོ་རེད་ཅེས་བཀྲལ། ༡༩༨༤་ལོར་རྒྱ་ནག་དང་འབྲུག་ཡུལ་གཉིས་ཀྱིས་ས་མཚམས་གྲོས་མོལ་འགོ་ཚུགས། ༡༩༨༨་ལོར་ས་མཚམས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལམ་སྟོན་རྩ་འཛིན་ལ་མིང་རྟགས་བཀོད། ༡༩༩༨་ལོར་རྒྱ་འབྲུག་གཉིས་ཀས་ས་མཚམས་སུ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད། འདས་པའི་ལོ་༣༧་ཀྱི་རིང་དུ་རྒྱ་འབྲུག་གཉིས་ཀས་འབྲོག་ལམ་དང་འབྲུག་གི་ནུབ་ཕྱོགས་སུ་རྒྱ་དཀར་ནག་གཉིས་དང་འབྲུག་ཡུལ་བཅས་ཕྱོགས་གསུམ་གྱི་འདྲེས་མཚམས། འབྲུག་གི་བྱང་ཕྱོགས་ཀྱི་ཇ་མཁར་ལུང་དང་པ་སམ་ལུང་བཅས་ས་གནས་ཁག་གཉིས་ལ་དམིགས་པ་གཙོ་བོ་གཏད། ༢༠༢༠་ལོའི་ཕྱི་ཟླ་༧་པའི་ཚེས་༥་ཉིན་རྒྱ་ནག་གིས་འབྲུག་ཡུལ་གྱི་ཤར་ཕྱོགས་ཟག་སྟེང་ས་གནས་སུའང་ས་མཚམས་ཀྱི་རྩོད་གཞི་ཡོད་ཅེས་བསྒྲགས། འབྲོག་ལམ་ས་ཁུལ་ནི་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་པར་མ་ཟད། འབྲུག་གཞུང་གིས་རྒྱ་ནག་ལ་ཐད་ཀར་ས་མཚམས་ཀྱི་གྲོས་མོལ་མ་བྱས་གོང་དེར་སྔོན་ལ་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོར་ནང་མོལ་བྱས་ཡོད་མེད་རྣམས་གསལ་བཀྲོལ་བྱས་མེད་པ་རེད་ཅེས་རྩོམ་ཡིག་སྤེལ་འདུག

XS
SM
MD
LG