ངོ་འཕྲད་བདེ་བའི་དྲ་འབྲེལ།

སེར་ཤུལ་དགོན་གྱི་སྨོན་ལམ་དུས་སུ་བོད་ཀྱི་རིག་གནས་གླེང་སློང་བྱས་མེད་པ།


༄༅།། བོད་ནང་གི་དཀར་མཛེས་ཁུལ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་དུ་གངས་རྒྱན་སྨོན་ལམ་ཆེན་མོ་ཐེངས་༡༧་པ་དེ་ཕྱི་ཟླ་༩་པའི་ཚེས་༢༥་ནས་དུས་ཡུན་བདུན་ཕྲག་གཅིག་གི་རིང་ལ་འཚོགས་བཞིན་ཡོད་ཅིང་། བོད་ནང་གི་བོད་པ་མིང་བརྗོད་འདོད་མེད་མཁན་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན། བོད་ཀྱི་ཆོས་རྒྱུད་རིས་སུ་མ་ཆད་པའི་དགེ་འདུན་པ་གང་མང་མང་ཞིག་ཆེད་ཕེབས་ཀྱིས་སྨོན་ལམ་གསུང་གི་ཡོད་པ་དང་། དེ་བཞིན་སེར་ཤུལ་ཁྲི་པ་རིན་པོ་ཆེ་དབུ་བཞུགས་ཐོག་ཏུ་བོད་ཀྱི་མདོ་སྟོད་སྨད་ས་གནས་ཁག་གི་བླ་མ་དང་དགེ་བའི་བཤེས་གཉེན་གང་མང་ཞིག་ཚོགས་མགོན་དུ་ཕེབས་ཏེ་ནང་ཆོས་ཀྱི་བསླབ་པ་སློབ་གཉེར་གནང་མཁན་ཡོངས་ལ་སྨོན་ལམ་གསུང་བའི་སྐབས་སུ་བཀའ་སློབ་གནང་སྲོལ་ཡོད་པ་རེད། དད་ལྡན་སེར་སྐྱ་མང་ཚོགས་རྣམས་མཆོད་མཇལ་དུ་སླེབས་ཀྱང་ད་ལོ་ནད་ཡམས་ཀྱིས་སེར་སྐྱ་མང་ཚོགས་ཀྱིས་ཁ་རས་བརྒྱབ་ནས་འཕྲོད་བསྟེན་ལ་གཟབ་ནན་བྱེད་བཞིན་འདུག ད་ལོ་དམིགས་བསལ་བོད་ཀྱི་སྐད་ཡིག་དང་རིག་གནས་སྐོར་བགྲོ་གླེང་དང་གཏམ་བཤད་ཀྱི་མཛད་རིམ་བཀོད་སྒྲིག་བྱས་མི་འདུག དེའི་རྒྱུ་རྐྱེན་ཅི་ཡིན་བཤད་རྒྱུ་ནི་སྟབས་བདེ་བོ་ཞིག་མ་རེད་ཅེས་བཤད་བྱུང་།།

བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་གྱིས་རྒྱ་ནག་གཞུང་གིས་སྟངས་འཛིན་འོག་བོད་ནང་ལ་མཚོན་ན་བོད་ཀྱི་སྐད་ཡིག་གི་གནས་སྟངས་ནི་ལོ་རབས་༨༠་པ་དང་༩༠་བའི་གཡས་གཡོན་དུ་ཅུང་ཙམ་བཟང་བ་ཡོད་པའི་རྣམ་པ་ཡོད་ཀྱང་༢༠༠༩་ཡས་མས་ནས་བཟུང་སྟེ་བོད་ཀྱི་སྐད་ཡིག་མེད་པར་བཟོ་བའི་སྲིད་ཇུས་རབ་དང་རིམ་པ་ཞིག་ལག་ལེན་བསྟར་སོང་། ལྷག་པར་དུ་སྐད་གཉིས་སློབ་གསོ་དང་སྤྱི་སྐད་གཙིགས་འཛིན་དགོས་བའི་ཐབས་ལམ་ལ་སློབ་ཆུང་ནས་སློབ་ཆེན་བར་གྱི་བསླབ་གཞི་ཚང་མ་རྒྱ་ཡིག་ལ་བསྒྱུར་ཡོད་པ་ནི་རྒྱ་ནག་གི་གྲངས་ཉུང་མི་རིགས་དང་དམིགས་བསལ་བོད་ཀྱི་སྐད་ཡིག་མེད་པར་བཟོ་རྒྱུ། བོད་པའི་བསམ་བློ་རྒྱ་སྒྱུར་གྱི་ཆེད་དུ་ཡིན་པ་ཧ་ཅང་གསལ་པོ་རེད། རྒྱ་ནག་གཞུང་གིས་འཆར་གཞི་དེ་རྣམས་ལག་ལེན་བསྟར་ཅི་ཐུབ་བྱེད་བཞིན་འདུག དེ་ནི་སྲིད་ཇུས་ཙམ་མིན་པར་དངོས་སུ་ལག་ལེན་བསྟར་གྱི་འདུག་ཅེས་འགྲེལ་བརྗོད་བྱས་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG