ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བལ་ཡུལ་ནང་དགེ་ལུགས་རྒྱུགས་སྤྲོད་ཆེན་པོ་དབུ་འཛུགས།


ཕྱི་ཚེས་༢༨་ཉིན་ནས་བཟུང་། བལ་ཡུལ་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་མོ་དེ་བཞིན་ཀོ་པན་མཁའ་སྤྱོད་དགའ་འཁྱིལ་གླིང་དགོན་པའི་འདུ་ཁང་ནང་མཛད་སྒོ་འགོ་འཛུགས་གནང་ཡོད་ཅིང་། ཐོག་མར་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མནྟྲལ་རྟེན་གསུམ་འདེགས་འབུལ་དང་ཆབས་ཅིག །བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ངག་དབང་ཐར་འདོད་ལགས་ཀྱིས་གཏམ་བཤད་གནང་བ་དང་། དེའི་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུ་ངོ་དོན་གཅོད་རྩིབ་རི་ལོ་པན་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་ནས་གཏམ་བཤད་གནང་སོང་ཞིང་། མཐར་རྒྱུགས་སྤྲོད་དོ་དམ་པའི་ངོས་ནས་ཐེངས་འདིའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་སྐབས་རྒྱུགས་སྤྲོད་ནང་མཉམ་ཞུགས་གནང་མཁན་དགེ་འདུན་པ་དང་བཙུན་མ་རྣམས་ཀྱི་ངོས་ནས། ཉིན་རེའི་གསལ་སྒྲགས་ལྟར་རྒྱུགས་སྤྲོད་ལ་ཞུགས་དགོས་པ་དང་། རྒྱུགས་སྤྲོད་སྐབས་སུ་དོ་བདག་རང་ཉིད་ཀྱི་འདས་པའི་ལོ་མང་རིང་སྦྱངས་པའི་གཞུང་ཆེན་ཁག་དང་། དམིག་གསལ་བོད་ཀྱི་སུམ་དག་རྟགས་གསུམ་གྱི་མཚོན་པའི་བརྡ་སྤྲོད་རིགས་བཅས་བྲི་རྒྱུགས་དང་རྩོད་རྒྱུགས་སོགས་ཁྱོན་ཉིན་གྲངས་༡༠་ཡི་རིང་ལ་རྒྱུགས་སྤྲོད་ལེགས་པར་འགྲུབ་དགོས་པ་དང་། དེ་བཞིན་རྒྱུགས་སྤྲོད་སྐབས་སུ་ཉམས་འཇོག་བྱེད་དགོས་པའི་ཡི་གེ་དོན་ཚན་བརྒྱད་ཅན་ཞིག་སྒྲོགས་སྦྱང་དང་འབྲེལ་སློབ་གཉེར་བ་ཐུན་མོང་ནས་སྒྲིག་རང་ཁུར་བྱེད་དགོས་བའི་འབོད་སྐུལ་གནང་སོང་།

སྤྱིར་ན་བལ་ཡུལ་ནང་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་འགོ་བཙུགས་ནས་ད་བར་དུ་ལོ་ངོ་བཅུ་ལྷག་འགོར་ཡོད་པ་དང་། ལོ་རེ་བཞིན་སློབ་གཉེར་བའི་ངོས་ནས་རང་གི་ཤེས་ཚད་གོང་མཐོར་ཕྱིན་ཡོད་པར་མ་ཟད། ལོ་རེ་བཞིན་རྒྱུགས་ཞིབ་པ་དང་རྒྱུགས་སྤྲོད་པའི་ངོས་ནས་ཀྱང་། ཉམས་མྱོང་མི་དམན་པ་བླངས་ཡོད་འདུག །ཐེངས་འདིའི་རྒྱུགས་སྤྲོད་ཆེན་མོའི་ནང་མཉམ་ཞུགས་གནང་མཁན་གྱི་དགོན་པ་ཁག་ནི། སྒོ་སོག་ཕུན་ཚོགས་ཆོས་གླིང་དགོན་དང་། སྐྱིད་གྲོང་བསམ་གཏན་གླིང་དགོན་པ། ཤེལ་དཀར་དགོན་པ། འཕགས་ཤིང་བཙུན་མའི་དགོན་པ། ཆུ་བཟང་དགོན་པ་སོགས་ཁྱོན་དགོན་སྡེ་ཁག་༡༠་ཡོད་པ་རེད་འདུག །དགོན་ཁག་ཕལ་ཆེ་བར་བྱེས་ཀྱི་གདན་ས་སེར་འབྲས་དགེ་གསུམ་ནས་གཞུང་ཆེན་སློབ་གཉེར་མཐར་སོན་པའི་དགེ་བཤེས་རྣམ་པས་དཔེ་ཁྲིད་དགེ་རྒན་གྱི་འགན་གཙོ་བོར་བཞེས་ཏེ། བོད་དང་ཧི་མ་ལའི་རི་རྒྱུད་ཀྱི་དགེ་འདུན་པ་དང་བཙུན་མ་རྣམས་ལ་དཔེ་ཁྲིད་གནང་བཞིན་ཡོད་པ་རེད། ད་ལོའི་བལ་ཡུལ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་ནང་མཉམ་ཞུགས་གནང་མཁན་དགེ་འདུན་པ་དང་བཙུན་མ་ཁྱོན་༡༩༨ ཡོད་པ་དང་། དམིག་གསལ་གཞུང་ཆེན་བཀའ་པོད་ཁག་གི་སྐོར་ལ་རྒྱུགས་སྤྲོད་གནང་མཁན་མི་གྲངས་བརྒྱ་ལ་ཉེ་བ་ཡོད་པ་རེད་འདུག །

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG