ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༧/༡༥

རྒྱ་ནག་གཞུང་གིས་སྒེར་གྱི་བརྒྱུད་ལམ་ཁག་ལ་དམ་དྲག་ཆེ་རུ་གཏང་རྒྱུ།


ཉེ་ལམ་རྒྱ་ནག་གི་དྲ་རྒྱའི་དོ་དམ་ལས་ཁུངས་ཀྱིས་སྤེལ་བའི་གསལ་བསྒྲགས་ཤིག་ལས། སྤྱི་ཚོགས་ནང་གླེང་གཞི་ཚ་ཤོས་ཀྱི་དོན་རྐྱེན་སྐོར་ལ་གླེང་སློང་བྱེད་མཁན་ཚུད་པའི་མི་སྒེར་གྱི་བརྒྱུད་ལམ་ཁག་ལ་ཕྱོགས་མང་པོའི་ཐོག་ནས་དམ་དྲག་བྱ་རྒྱུ་དང་མི་སྒེར་པ་ཚོས་སོ་སོའི་སྤེལ་བའི་ཆ་འཕྲིན་རྣམས་བདེན་པ་ཡིན་མིན་ཐད་འགན་ཁུར་དགོས་པ་སོགས་གཏན་འབེབས་བྱས་འདུག སྲིད་དོན་དབྱེ་ཞིབ་པ་ཚོས་ནམ་རྒྱུན་རྒྱ་ནག་ནང་མི་སྒེར་གྱི་བརྒྱུད་ལམ་ཁག་ཏུ་ཆབ་སྲིད་དང་འབྲེལ་བའི་ཆ་འཕྲིན་ཚོར་བ་སྐྱེན་པོ་དག་བརྒྱུད་སྤེལ་བྱེད་ཕོད་མཁན་མཐོང་དཀོན་པོ་ཡིན་ཡང་། ད་རེས་རྒྱ་ནག་གཞུང་གིས་ཆུ་མ་ཡོང་གོང་གི་ཆུ་རགས་ཀྱི་ཚུལ་དུ་སྒྲིག་ཁྲིམས་གསར་པ་དེ་བཞིན་གཏན་འབེབས་དང་ལག་ལེན་བསྟར་གྱི་ཡོད་པ་རེད་ཅེས་བརྗོད་འདུག།

རྒྱ་ནག་གཞུང་གི་དྲ་རྒྱའི་དོ་དམ་ལས་ཁུངས་ཀྱིས་སྤྱི་ཟླ་༧ པའི་ཚེས་༡༠ ཉིན་ལ་དྲ་རྒྱའི་རྒྱ་ནག་ཅེས་པའི་སྐད་འཕྲིན་གྱི་གླེང་སྟེགས་སུ་སྒྲིག་གཞི་གསར་པ་དེ་ཕྱིར་བསྒྲགས་བྱས་ཡོད་ཅིང་། སྒེར་གྱི་བརྒྱུད་ལམ་དང་དྲ་ཚིགས་སོགས་ལ་དོ་དམ་ནན་མོ་བྱ་རྒྱུ་དང་། ཁྲིམས་དང་འགལ་བའི་ཆ་འཕྲིན་རིགས་སྤེལ་བ་ཡིན་ན་ལམ་སེང་ཁྲིམས་ཆད་ལྕི་མོ་གཅད་རྒྱུ། དཀྲོག་གཏམ་རྫུན་མའི་རིགས་ཁྱབ་སྤེལ་བྱེད་མཁན་དང་། སྤྱི་ཚོགས་ཀྱི་གླེང་གཞི་ཚ་ཤོས་དང་འབྲེལ་ནས་འུད་བརྗོད་བྱེད་མཁན། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་སྒེར་གྱི་བརྒྱུད་ལམ་ཁག་ཡོད་ཚད་བཀག་སྡོམ་གྱིས་ཐོ་གཞུང་ནག་པོའི་ཁོངས་སུ་བཅུག་ནས་རྒྱ་ནག་དབུས་དྲ་རྒྱའི་དོ་དམ་ལས་ཁུངས་ལ་ཡར་ཞུ་བྱ་རྒྱུ་ཡིན་ཞེས་བཀོད་འདུག

ཆ་འཕྲིན་རྫུན་མའི་རིགས་ལ་དམ་དྲག་ནན་མོ་བྱ་རྒྱུ་ཡིན་ཞེས་བརྗོད།

གོང་འཁོད་བརྡ་ཁྱབ་དེ་ལས། སྒེར་གྱི་བརྒྱུད་ལམ་ཁག་གིས་ཆ་འཕྲིན་རྫུན་བཟོ་དང་འདྲ་བཟོ་བྱེད་པར་འགོག་ཐབས་ཆེད་དུ། རྒྱ་ནག་དམར་ཤོག་ཚོགས་པའི་ལས་ཁུངས་དང་། གཞུང་འབྲེལ་གྱི་གསར་འགྱུར་ལས་ཁུངས། དེ་བཞིན་གཞུང་འབྲེལ་གྱི་ས་མིང་སོགས་ཀྱི་མཚོན་རྟགས་བཀོད་ཡོད་མཁན་གྱི་སྒེར་གྱི་བརྒྱུད་ལམ་ཁག་ལ་མི་ངོ་མས་ཞིབ་བཤེར་བྱ་རྒྱུ་ཡིན་པར་མ་ཟད། བརྙན་པར་སོགས་ཀྱི་ཡོངས་ཁུངས་དང་། བརྙན་པར་ལེན་པའི་དུས་ཚོད་དང་ས་གནས་སོགས་ཞིབ་ཕྲའི་གནས་ཚུལ་མཆན་འགོད་དགོས་པ་སོགས་ཀྱི་བཀོད་ཁྱབ་བཏང་འདུག།

ཐེ་ཝན་ཏན་ཅང་སློབ་ཆེན་གྱི་རྒྱ་ནག་སྐོར་གྱི་ཉམས་ཞིབ་པ་ཙེན་ཝེ་ཧྥུང་།
ཐེ་ཝན་ཏན་ཅང་སློབ་ཆེན་གྱི་རྒྱ་ནག་སྐོར་གྱི་ཉམས་ཞིབ་པ་ཙེན་ཝེ་ཧྥུང་།

ཐེ་ཝན་ཏན་ཅང་སློབ་ཆེན་གྱི་རྒྱ་ནག་སྐོར་གྱི་ཉམས་ཞིབ་པ་ཙེན་ཝེ་ཧྥུང་གིས་འདི་གར་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན། ཉེ་ལམ་རྒྱ་ནག་ནང་ཉེན་རྟོག་པས་མི་དམངས་བཅར་རྡུང་བྱས་པ་དང་། ས་ཡོམ་གྱི་གནོད་སྐྱོན། འགྲིལ་འགྲུལ་དོན་རྐྱེན་ལ་སོགས་པ་གོད་ཆག་ཅི་རིགས་ཤིག་བྱུང་བ་དེ་དག་དྲ་གྲགས་ཚོས་སྒེར་གྱི་བརྒྱུད་ལམ་ཁག་ཏུ་བརྒྱུད་སྤེལ་ཤུགས་ཆེ་བྱས་ཡོད་པའི་རྐྱེན་ལས། རྒྱ་ནག་གཞུང་གིས་དེས་སྤྱི་ཚོགས་བརྟན་བརླིང་ལ་གནོད་སྐྱོན་ཐེབས་ཉེན་ཆེ་བའི་བློ་འཚབ་སྐྱེས་ཏེ་གནས་ཚུལ་དེའི་རིགས་ལ་སྔོན་འགོག་ཆེད་དུ་དམིགས་པ་ཞིག་ཡིན་རྒྱུ་རེད་ཅེས་འགྲེལ་བརྗོད་བྱས་འདུག

ཐེ་ཝན་རྒྱ་མཚོ་ཆེན་མོའི་སློབ་ཆེན་གྱི་ཆབ་སྲིད་དང་ཁྲིམས་ལུགས་རིག་པའི་དགེ་རྒན་ཆེན་མོ་ཅང་ཡག་ཆིས་ཀྱིས་འདི་གར་ཨ་རིའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་གསལ་ལ། འདས་པའི་ལོ་ཤས་རིང་རྒྱ་ནག་གི་དམར་ཤོག་ཚོགས་པའི་རྩ་འཛུགས་དང་། གཞུང་འབྲེལ་གྱི་ལས་ཁུངས་དང་གསར་ཁང་ཚོར་གཞན་གྱི་དྲ་ལམ་འདྲ་བཤུས་དང་རྫུན་བཟོ་བྱས་པའི་གནས་ཚུལ་འཕྲད་མྱོང་ཡོད་སྟབས། རྒྱ་ནག་གཞུང་གིས་གནས་ཚུལ་དེའི་རིགས་དེ་ལ་གཅིག་གྱུར་གྱི་ཐོག་ནས་དོ་དམ་ནན་མོ་བྱ་རྒྱུའི་ཆེད་དུ་སྒྲིག་གཞི་གསར་པ་དེ་གཏན་འབེབས་བྱས་ཡོད་སྲིད་པ་རེད་ཅེས་དང་། རྒྱ་ནག་ནང་གཞུང་འབྲེལ་གྱི་དྲ་ཚིགས་དང་གསར་ཁང་ཚོ་ལ་གཞུང་གིས་ལྟ་སྐུལ་དང་དོ་དམ་ནན་མོ་བྱེད་བཞིན་ཡོད་པས། ཕྱི་ལོག་གི་མི་ཚོས་རྒྱ་ནག་གི་གནས་སྟངས་ངོ་མ་རྒྱུས་ལོན་བྱ་དགོས་ཚེ་རྒྱ་ནག་ནང་མི་སྒེར་གྱི་དྲ་ལམ་ཁག་ལ་ལྟ་བཞིན་ཡོད་པ་རེད། སྒེར་གྱི་སྤྱི་ཚོགས་དྲ་ལམ་གྱིས་ནམ་རྒྱུན་མང་ཆེ་བ་གཞི་རིམ་སྤྱི་ཚོགས་ཀྱི་དོན་དག་བརྒྱུད་སྤེལ་བྱེད་བཞིན་ཡོད་པ་ལས་ཐད་ཀར་ཆབ་སྲིད་དང་འབྲེལ་བའི་ཆ་འཕྲིན་ལ་ལག་པ་འཆང་ནུས་ཀྱི་མེད་ཀྱང་། དེང་སྐབས་སྒེར་གྱི་སྤྱི་ཚོགས་དྲ་ལམ་གྱིས་རྒྱ་ནག་ནང་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པས་རྒྱ་ནག་གཞུང་གིས་ཐོལ་བྱུང་གི་དོན་རྐྱེན་འབྱུང་སྲིད་པའི་ཐད་བློ་མི་བདེ་བ་ཆགས་ཡོད་པ་རེད་ཅེས་བརྗོད་འདུག།

རྒྱ་ནག་གི་དྲ་གྲགས་ཚོ་ཉེན་ཁའི་ནང་ལྷུང་དོཊ་ཀྱི་སེམས་ཁྲལ་ཆེ་རུ་ཕྱིན་པ།

དགེ་རྒན་ཆེན་མོ་ཅང་ཡག་ཆིས་ཀྱིས། རྒྱ་ནག་གི་དྲ་རྒྱའི་དོ་དམ་ལས་ཁུངས་ཀྱིས་སྒྲིག་གཞི་གསར་པ་གཏན་འབེབས་བྱས་ཡོད་པ་ཙམ་ལས་སྒྲིག་གཞི་དེ་ལག་ལེན་བསྟར་ཕྱོགས་ཀྱི་རྩ་འཛིན་ཁ་གསལ་པོ་ཕྱིར་བསྒྲགས་བྱས་མེད་སྟབས། དེས་རྒྱ་ནག་ནང་སྤྱི་ཚོགས་དྲ་ལམ་ཐོག་ལ་ཤུགས་རྐྱེན་ཆེན་པོ་ཡོད་མཁན་གྱི་མི་སྒེར་པ་ཚོ་ལ་དངངས་སྐྲག་དང་འཇིགས་སྣང་སྐྱེ་འཇུག་སྲིད་པ་རེད་ཅེས་བརྗོད་འདུག རྒྱ་ནག་གི་དྲ་རྒྱའི་དོ་དམ་ལས་ཁུངས་ཀྱི་དྲུང་ཡིག་གཞུང་ལས་ཁང་གིས། ཆ་འཕྲིན་བདེན་པ་ཡིན་པར་ར་འཕྲོད་བྱ་རྒྱུ་དང་། ཆ་འཕྲིན་གྱི་ཡོངས་ཁུངས་ཚད་ལྡན་ཅན་དུ་བསྒྱུར་བ། དཀྲོག་གཏམ་དང་གཏམ་འཆལ་ངོས་འཛིན་བྱ་རྒྱུ་སོགས་སྒྲིག་གཞི་ལག་བསྟར་བྱེད་ཕྱོགས་སྐོར་ནས་དོན་ཚན་༡༣ ཅན་ཞིག་ཕྱིར་བསྒྲགས་བྱས་འདུག ཡིན་ན་ཡང་དེང་སྐབས་སྤྱི་ཚོགས་དྲ་ལམ་ཐོག་གི་ཆ་འཕྲིན་མང་དྲགས་པ་དང་རྒྱ་ནག་གཞུང་གིས་དེར་དོ་དམ་བྱེད་པའི་ཐབས་ལམ་ཉུང་དྲགས་པའི་རྐྱེན་ལས་གོང་འཁོད་དོན་ཚན་དེ་དག་དོན་ཐོག་འཁྱོལ་ཁག་པོ་ཡིན་རྒྱུ་རེད་ཅེས་ཐེ་ཝན་ཏན་ཅང་སློབ་ཆེན་གྱི་རྒྱ་ནག་སྐོར་གྱི་ཉམས་ཞིབ་པ་ཙེན་ཝེ་ཧྥུང་གིས་ཚོད་དཔག་བྱེད་བཞིན་འདུག

ཙེན་ཝེ་ཧྥུང་གིས་བརྗོད་དོན། རྒྱ་ནག་ཏུ་དྲ་དམག་ཕོན་ཆེན་ཡོད་ཐོག དོ་དམ་པ་དང་ཞིབ་བཤེར་མི་སྣ་མང་པོ་ཡོད་ཀྱང་། དེང་སྐབས་དྲ་རྒྱའི་ཁྱབ་སྤེལ་གྱི་མགྱོགས་ཚད་ཧ་ཅང་ཚད་མཐོན་པོར་སླེབས་ཡོད་པ་དང་། ཉིན་རེ་རེར་ཆ་འཕྲིན་དང་ཆ་འཕྲིན་གྱི་ཡོངས་ཁུངས་ཧ་ཅང་གཞི་རྒྱ་ཆེན་པོ་ཡིན་པའི་གནས་སྟངས་འོག་ཏུ། རྒྱ་ནག་གཞུང་གིས་གཞུང་གཅིག་པུ་ལ་བརྟེན་ནས་དེར་སྟངས་འཛིན་བྱ་རྒྱུ་ཡིན་ཞེ་ན་དེ་ནི་འགྲུབ་མི་སྲིད་པ་ཞིག་རེད། རྒྱ་ནག་གཞུང་གིས་སྒྲིག་གཞི་གསར་པ་གཏན་འབེབས་བྱས་མ་ཐག་རྒྱ་ནག་ནང་གི་ཁེ་ལས་ཁག་གིས་སོ་སོས་སོ་སོར་ཞིབ་བཤེར་བྱེད་འགོ་ཚུགས་ཀྱི་རེད། ཡིན་ན་ཡང་རྒྱ་ནག་གཞུང་གིས་སྒྲིག་གཞི་དེ་བརྒྱུད་ནས་གཞི་རིམ་ལ་ཡོད་པའི་མང་ཚོགས་ཀྱི་ཉིན་རེའི་འཚོ་བའི་ནང་ལག་པ་འཆང་ཁག་པོ་རེད་ཅེས་འགྲེལ་བརྗོད་བྱས་འདུག

XS
SM
MD
LG