ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༣/༡༢/༠༣

ཧྥ་རན་སིས་ཐེ་ཝན་ལ་དམག་གྲུའི་འཕུར་མདེལ་ཕྱིར་ཚོང་།


༄༅།། ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་གཞུང་གིས་ཐེ་ཝན་གྱི་རང་སྲུང་ལ་མཁོ་བའི་དམག་གྲུ་གསར་པ་ཁག་ཅིག་གི་འཕུར་མདེལ་མ་ལག་བཙོང་རྒྱུའི་ཐག་གཅོད་བྱས་པར་རྒྱ་ནག་གིས་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། ཧྥ་རན་སིའི་གཞུང་གིས་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱ་རྒྱུ་དེར་དམིགས་པ་གཏོད་དགོས། ང་ཚོས་ལོ་སུམ་ཅུའི་གོང་དུ་ཐེ་ཝན་ལ་དམག་གྲུ་བཙོང་རྒྱུའི་གན་རྒྱ་ཞིག་བཞག་ཡོད་པ་ལག་ལེན་བསྟར་གྱི་ཡོད་ཅེས་དགག་པ་བརྒྱབ། ཐེ་ཝན་གཞུང་གིས་ལོ་སུམ་ཅུའི་སྔོན་དུ་གན་རྒྱ་བཞག་པའི་གྲོས་མཐུན་གྱི་འབྲུ་དོན་ལྟར་ཡུ་རོབ་རྒྱལ་ཁབ་ཧྥ་རན་སི་ནས་དམག་གྲུའི་འཕུར་མདེལ་དང་དེང་རབས་ཅན་གྱི་མཚོན་ཆ་གསར་པ་ཁག་ཅིག་ཉོ་སྒྲུབ་བྱེད་ཀྱི་ཡོད་པས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཧྥ་རན་སི་ལ་ངོ་རྒོལ་དྲག་པོ་བྱས་ནས་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན། རྒྱ་ནག་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཐམས་ཅད་ཀྱིས་རྩ་དོན་འདིར་བརྩི་སྲུང་བྱ་དགོས་ཞེས་ནན་བརྗོད་བྱས་འདུག

རྒྱ་ནག་གཞུང་གིས་ཧྥ་རན་སི་གཅིག་པུ་མ་ཡིན་པར་རྒྱལ་ཁབ་གང་འདྲ་ཞིག་གིས་ཐེ་ཝན་ལ་མཚོན་ཆ་གསར་པ་དང་དམག་དོན་ཡོ་བྱད་རྣམས་བཙོངས་ན་དེ་ལ་ངོ་རྒོལ་བྱས་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་འདུག་ཅེས་སྐྱོན་འཛུགས་བྱེད་སྲོལ་ཞིག་དར། ཧྥ་རན་སིའི་ཕྱི་སྲིད་ལྷན་ཁང་གིས་ང་ཚོས་རྒྱ་ནག་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་བཞིན་ཡོད། ༡༩༩༤་ལོར་ཧྥ་རན་སིའི་གཞུང་གིས་མཚོ་འགག་ཕྱོགས་གཉིས་ཀྱི་ཞི་བའི་གྲོས་མོལ་བྱ་དགོས་པའི་ནན་སྐུལ་བྱས་ཡོད་པའི་ལངས་ཕྱོགས་ལའང་འགྱུར་བ་མེད། ཧྥ་རན་སིས་གནས་སྟངས་དེ་འདྲ་ཞིག་གི་འོག་ཏུ་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུའི་ཁས་ལེན་བྱས་པ་ལག་ལེན་བསྟར་གྱི་ཡོད། ༡༩༩༤་ལོ་ནས་བཟུང་སྟེ་ཧྥ་རན་སིའི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་མེད། ད་ལྟ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཀྱི་ཛ་དྲག་གི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་པས་ང་ཚོས་རིག་པ་བསྒྲིམས་ཏེ་ཚབས་ཆེའི་འགོས་ནད་འདིར་འཐབ་རྒོལ་བྱེད་ན་ལེགས་ཞེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་རྒྱ་ནག་གི་སྐྱོན་བརྗོད་ལ་ལན་འདེབས་བྱས་འདུག

ཧྥ་རན་སིའི་གཞུང་གིས་ཐེ་ཝན་གྱི་དམག་གྲུ་ལ་མཁོ་བའི་འཕུར་མདེལ་མ་ལག་གསར་པ་བཙོང་རྒྱུའི་ཐག་གཅོད་བྱས་པའི་དུས་ཚོད་འདི་ཅུང་ཙམ་ཁྱད་མཚར་ཞིག་ཏུ་གྱུར་ཡོད་ཅིང་། དཔེར་ན་དེང་སྐབས་ཧྥ་རན་སིའི་གཞུང་གིས་ཏོག་དབྱིབས་ནད་དུག་འགོག་པར་རྒྱ་ནག་ནས་ཁ་རས་ས་ཡ་མང་པོ་མངགས་ཉོ་བྱེད་ཀྱི་ཡོད་པར་མ་ཟད། ཟླ་བ་སྔོན་མར་ཧྥ་རན་སིའི་ཕྱི་སྲིད་ལྷན་ཁང་གིས་རྒྱལ་ས་ཕེ་རི་སིར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་འབོད་འགུགས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་གི་ཊོས་ཊར་དྲྭ་ལམ་དུ་རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱེད་ཕྱོགས་ལ་འཐུས་ཤོར་བཏང་མེད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པར་སྔོན་འགོག་ནན་པོ་ཞིག་བྱེད་ཐུབ་ཀྱི་མི་འདུག་ཅེས་འཕྲིན་ཐུང་ཞིག་སྤེལ་བར་སྐྱོན་བརྗོད་བྱས་འདུག རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ཀྱིས་ད་ལྟའི་བར་དུ་ཧྥ་རན་སིར་མི་༢༧༠༠༠་ལྷག་ལ་འཆི་སྐྱོན་དང་མི་༡༧༨༠༠༠་ལྷག་ནད་དུག་འགོས། ཡུ་རོབ་རྒྱལ་ཁབ་ཨི་ཊ་ལི་དང་སི་པེན་གྱི་འཕྲོ་ནས་ཧྥ་རན་སི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་དཀའ་ངལ་ཚབས་ཆེ་ཤོས་མྱོང་མཁན་ཞིག་ཏུ་གྱུར་འདུག

ཐེ་ཝན་གྱིས་རང་གི་སྲུང་སྐྱོབ་ལ་མཁོ་བའི་མཚོན་ཆ་མང་ཆེ་བ་ཨ་མི་རི་ཀ་ནས་ནང་འདྲེན་བྱེད་ཀྱི་ཡོད་ཀྱང་༡༩༩༡་ལོར་ཧྥ་རན་སིའི་གཞུང་གིས་ཐེ་ཝན་ལ་ལཱ་ཧྥི་ཡེ་འཐབ་འཛིང་དམག་གྲུ་༦་བཙོངས། ༡༩༩༢་ལོར་ཧྥ་རན་སིའི་གཞུང་གིས་སླར་ཡང་ཐེ་ཝན་ལ་མཱི་ར་ཇཱི་འཐབ་འཛིང་གནམ་གྲུ་༦༠་བཙོངས། ཟླ་བ་སྔོན་མར་ཐེ་ཝན་གཞུང་གིས་རང་གི་དམག་གྲུ་ཁག་གི་འཕུལ་མདེལ་གྱི་མ་ལག་གསར་པ་དགོས་ཀྱི་འདུག ཐེ་ཝན་གཞུང་གིས་ཧྥ་རན་སིའི་དམག་གྲུ་བཟོ་ཚོང་ཁང་དེར་འཕུར་མདེལ་རྙིང་པ་རྣམས་ཡར་རྒྱས་གཏོང་དུ་འཇུག་རྒྱུ་ཡིན་ཞེས་བསྒྲགས། དེར་བརྟེན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཙབ་པ་ཀྲའོ་ལི་ཅཱན་གྱིས་ཧྥ་རན་སིའི་གཞུང་གིས་ཐེ་ཝན་ལ་དམག་དོན་ཡོ་བྱད་དང་མཚོན་ཆ་བཙོང་རྒྱུ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ང་ཚོས་ཧྥ་རན་སིར་སྔོན་མ་ནས་བཤད། ད་ལྟ་སླར་ཡང་ཧྥ་རན་སིའི་གཞུང་གིས་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུ་ཕྱིར་འཐེན་བྱ་དགོས། ཧྥ་རན་སིས་རྒྱ་ནག་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པའི་རེ་བ་ཡོད། རྒྱ་ནག་དང་ཧྥ་རན་སི་གཉིས་ལ་འབྲེལ་བ་བཟང་པོ་ཞིག་ཚུགས་ཡོད་པ་གཅེས་འཛིན་བྱ་དགོས་པའི་ནན་བརྗོད་བྱ་རྒྱུ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ།

ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་ཐེ་ཝན་གྱི་མཚོ་དམག་ལ་འཐབ་འཁྲུག་གི་ནུས་པ་ལྡན་པ་དང་འཐབ་འཁྲུག་གི་དགོས་མཁོར་གཞིགས་ནས་མཚོན་ཆ་གསར་པ་ཉོ་སྒྲུབ་བྱེད་བཞིན་ཡོད་ཅེས་གསལ་བསྒྲགས་ཤིག་སྤེལ་བ་མ་གཏོགས་དེ་མིན་གྱི་འགྲེལ་བཤད་ཞིབ་ཕྲ་ཞིག་བརྒྱབ་མེད་པ་རེད། ཡིན་ནའང་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གཞུང་གིས་ཨ་སྒོར་༢༦༨༠༠༠༠༠་འགྲོ་གྲོན་བཏང་ནས་ཧྥ་རན་སིའི་དམག་གྲུ་བཟོ་ཚོང་ཁང་ཞིག་ནས་འཕུར་མདེལ་གྱི་མ་ལག་ཉོ་རྒྱུའི་གྲོས་གཞི་བཏོན་འདུག ཉེ་དུས་ཤིག་ནས་ཐེ་ཝན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་གང་ཐད་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་སྟེ། ཨ་མི་རི་ཀ་དང་ཁེ་ན་ཌ། ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌི་སོགས་ཀྱིས་ཐེ་ཝན་བསྐྱར་དུ་འཛམ་གླིང་འཕྲོད་བསྟེན་སྒྲིགས་འཛུགས་ཁོངས་སུ་མཉམ་ཞུགས་བྱེད་དུ་འཇུག་དགོས་ཞེས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་ཨོ་གླིང་རྒྱལ་ཁབ་ནས་སྐམ་ཤ་ནང་འདྲེན་བྱ་རྒྱུ་མཚམས་འཇོག་དང་ནེའུ་ཛི་ལན་ཌིར་ཚོང་འབྲེལ་གཅོད་རྒྱུའི་ཉེན་བརྡ་བཏང་ནས་དགྲ་ལན་སློག ཕྱི་ཟླ་༤་པའི་ཚེས་༢༨་ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌིའི་གཞུང་གིས་ཐེ་ཝན་དུ་བཅའ་སྡོད་རང་གི་ཚོང་དོན་ལས་ཁུངས་ཀྱི་སྒོ་བྱང་དེར་ཐེ་པེར་བཅའ་སྡོད་ནེ་དྷར་ལན་ཌིའི་དོན་གཅོད་ཁང་ཞེས་བསྒྱུར། དེ་ནས་རྒྱ་ནག་གཞུང་གིས་ནེ་དྷར་ལན་ཌི་ལ་ཁ་རས་དང་སྨན་ཁང་གི་ཡོ་བྱད་རྣམས་ཕྱིར་ཚོང་བྱེད་ཀྱི་ཡོད་པ་འགོག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། འདས་པའི་ལོ་མང་རིང་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ལ་ཚོང་འབྲེལ་བཙུགས་པའམ། ཡང་ན་རྒྱ་ནག་གིས་གོང་འཁོད་རྒྱལ་ཁབ་དེ་དག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པས་རྒྱལ་ཁབ་མང་པོ་ཞིག་གིས་ཐེ་ཝན་ལ་རྒྱབ་སྐྱོར་དང་རྒྱ་ནག་ལ་ཕོག་ཐུག་གཏོང་ཕོད་ཀྱི་མེད། འོན་ཀྱང་ད་ལོ་རྒྱ་ནག་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་འཛམ་གླིང་ཀུན་ཁྱབ་ཀྱི་ནད་ཡམས་དེ་ཐེ་ཝན་ལ་མཚོན་ན་རྐྱེན་ངན་གྲོགས་ཤར་ལྟ་བུ་ཞིག་ཏུ་གྱུར་འདུག

XS
SM
MD
LG