ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་ནག་གི་འགོ་ཁྲིད་ཟུར་པ་ཅང་ཙེ་མིན་ལོ་༩༦་ཐོག་ཏུ་འདས་གྲོངས།


༄༅།། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཟུར་པ་ཅང་ཙེ་མིན་ལོ་༩༦་ཐོག་ཏུ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༣༠་ཉིན་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་གུང་གི་ས་གནས་ཆུ་ཚོད་༡༢་པ་ཡོལ་ཙམ་ཞིག་ཏུ་ཅང་ཙེ་མིན་ཧྲང་ཧེར་འདས་གྲོངས་སུ་གྱུར། དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་སོགས་ཀྱིས་ཅང་ཙེ་མིན་ནི་རྒྱ་ནག་གི་དཔལ་འབྱོར་འགྱུར་བཅོས་གཏོང་བའི་དུས་སྐབས་དང་གནམ་བདེ་སྒོ་མོ་ཆེའི་ཐང་དུ་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལངས་ཏེ་རྒྱ་ནག་གི་དེང་རབས་ལོ་རྒྱུས་སུ་ཟིང་ཆ་དང་འཁྲུག་ཆ་ཆེ་བའི་དུས་སྐབས་ཤིག་ཏུ་སྲིད་སྟེགས་སུ་འཛེགས་པའི་དམར་ཤོག་གི་མི་རབས་གསུམ་པའི་འགོ་ཁྲིད་ཅིག་ཡིན་ཞིང་། ཁོང་གིས་སྲིད་དབང་བཟུང་བའི་རིང་དེར་ཕྱི་ལ་སྒོ་མོ་ཕྱེ་ནས་དཔལ་འབྱོར་འཕེལ་རྒྱས་བྱུང་། ཅང་ཙེ་མིན་འདས་གྲོངས་སུ་གྱུར་པའི་སྐབས་དེར་རྒྱ་ནག་མི་དམངས་ཀྱིས་ཏོག་དབྱིབས་ནད་དུག་གཙང་སེལ་སྲིད་ཇུས་ལ་ངོ་རྒོལ་བྱས་ནས་ཞིས་ཅིན་ཕིང་སྲིད་སྟེགས་ནས་འབབ་དགོས། ང་ཚོར་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་དགོས་ཞེས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ལངས། འདི་ནི་རྒྱ་ནག་ལ་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལངས་པའི་རྗེས་སུ་བྱུང་མྱོང་མེད་པའི་ངོ་རྒོལ་ཞིག་རེད་ཅེས་གསར་འགྱུར་སྤེལ། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཅང་ཙེ་མིན་ལ་ཕྲ་ཕུང་དཀར་པོ་མང་དྲགས་པའི་ན་ཚ་ཕོག་པ་དང་དོན་ལྔའི་ནུས་པ་ཉམས་ནས་འདས་གྲོངས་སུ་གྱུར་པ་རེད། ཁོང་ནི་ཁྱད་དུ་འཕགས་པ་དང་སྙན་གྲགས་ཆེ་བའི་འགོ་ཁྲིད་ཅིག་ཡིན། ཅང་ཙེ་མིན་བློས་ཐུབ་དང་ཡུན་རིང་གི་རྒྱ་ནག་དམར་ཤོག་ཚོགས་པའི་འཐབ་མོ་བ་ཞིག་ཡིན་ཞེས་གསལ་བསྒྲགས་སྤེལ། ཞིན་ཧྭ་གསར་འགྱུར་ལས་ཁང་དང་གོ་ལའི་དུས་བབ་ཚགས་པར་སོགས་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་རང་གི་དྲྭ་ཚིགས་རྣམས་ཚོན་མདོག་དཀར་པོ་དང་ནག་པོར་བསྒྱུར་ནས་ཅང་ཙེ་མིན་ལ་མྱ་ངན་ཞུ་ཡི་ཡོད་པའི་གནས་ཚུལ་ཐོན། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་དང་སྲིད་འཛིན་ལས་ཐོག་ཞིས་ཅིན་ཕིང་གཉིས་ཅང་ཙེ་མིན་གྱི་དུར་མཇུག་མཛད་སྒོར་ཞུགས་འཆར་ཡོད། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་འགོ་ཁྲིད་ཚོ་ཅང་ཙེ་མིན་གྱི་དུར་མཇུག་མཛད་སྒོ་སོགས་ལ་གདན་འདྲེན་ཞུ་རྒྱུའི་འཆར་གཞི་མེད། འདི་ནི་རྒྱ་ནག་གི་འགྲོ་ལུགས་དང་མཐུན་པ་ཞིག་རེད་ཅེས་གནས་ཚུལ་སྤེལ་འདུག

དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ༡༩༨༩་ལོར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱས་པའི་རྗེས་སུ་ཅང་ཙེ་མིན་གོ་གནས་འཕར། ཏིང་ཞའོ་ཕིང་ནས་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་དྲག་གནོན་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁ་རྡུང་དྲག་པོ་བཏང་བ་དང་གནད་དོན་དེའི་ཐོག་ཏུ་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་མཁྲེགས་འཛིན་པ་དང་གུ་ཡངས་རིང་ལུགས་པ་ཚོ་འཐབ་རྩོད་དྲག་པོ་བྱུང་། རྒྱ་ནག་དམར་ཤོག་གི་མི་རབས་གཉིས་པའི་ཆེས་མཐོའི་འགོ་ཁྲིད་ཏིང་ཞའོ་ཕིང་གིས་ཅང་ཙེ་མིན་ལས་དོན་ཧུར་སྐྱེད་བྱེད་པའི་དཔོན་རིགས་ཤིག་ཏུ་མཐོང་སྟེ་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་མཁྲེགས་འཛིན་པ་དང་གུ་ཡངས་རིང་ལུགས་པ་རྣམས་གཅིག་ཏུ་བསྒྲིལ་བར་ཀྲའོ་ཙི་དབྱང་གི་ཚབ་ཏུ་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེར་བསྐོས། ཅང་ཙེ་མིང་གི་འགོ་ཁྲིད་འོག་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན། རྒྱ་ནག་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གི་གྲས་སུ་ཚུད། ༡༩༩༧་ལོར་ཅང་ཙེ་མིན་གྱི་དུས་སུ་ཧོང་ཀོང་གི་བདག་དབང་རྒྱ་ནག་གིས་རྩིས་བླངས། རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཁོངས་སུ་ཚུད་པ་དང་དུས་རབས་༢༡་པའི་འཛམ་གླིང་གི་དཔལ་འབྱོར་ལས་རིགས་ལ་ཡོངས་སུ་སྦྲེལ། ༢༠༠༨་ལོར་རྒྱ་ནག་ལ་དབྱར་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་མགྲོན་བདག་ཐོབ། འོན་ཀྱང་ཅང་ཙེ་མིན་གྱིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་འགྱུར་བཅོས་མ་བཏང་བ་དང་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་དྲག་གནོན། དེ་བཞིན་ཐེ་ཝན་གྱི་ཐོག་ཏུའང་ལངས་ཕྱོགས་མཁྲེགས་པོ་བཟུང་བར་མ་ཟད། ༡༩༩༩་ལོར་ཅང་ཙེ་མིན་གྱིས་རྒྱ་ནག་གི་ཧྥ་ལུན་གུང་རྩ་རླུང་སྒོམ་སྒྲུབ་པ་ཚོར་དྲག་གནོན་བྱས་པར་རྒྱལ་སྤྱིའི་ཐོག་ཏུ་ཁ་རྡུང་དྲག་པོ་ཕོག ལོ་དེའི་ཕྱི་ཟླ་༤་པའི་ནང་དུ་ཧྥ་ལུན་གུང་རྩ་རླུང་སྒོམ་སྒྲུབ་པ་ཁྲི་ཚོ་འགའ་ཞིག་གིས་རྒྱ་ནག་གི་ཏང་སྲིད་དམག་གི་འགོ་ཁྲིད་ཚོའི་སྡོད་གནས་དང་ལས་ཁུངས་ཁག་གི་ལྟེ་གནས་ཀྲུང་ནན་ཧེ་མཐའ་བསྐོར་ནས་ངོ་རྒོལ་ལས་འགུལ་སྤེལ།།

ཅང་ཙེ་མིན་གྱིས་རྒྱ་ནག་དམར་ཤོག་ཚོགས་པར་དུས་རབས་ཀྱི་འགྲོས་དང་མཐུན་པའི་ལེགས་བཅོས་གཏོང་བར་མཚོན་བྱེད་གསུམ་གྱི་རིག་པའི་གཞུང་གསར་གཏོད་བྱས་ནས་དམར་ཤོག་ཚོགས་པའི་རྩ་ཁྲིམས་སུ་བཀོད། ཁོང་གིས་སྲིད་དབང་བཟུང་བའི་རིང་དེར་རྒྱ་ནག་གིས་ཨ་མི་རི་ཀར་འབྲེལ་བ་དམ་ཟབ་བཙུགས་ཏེ་འཚམས་འདྲིར་ཐེངས་འགའ་ཞིག་ཕེབས། ལྷག་པར་དུ་ཨ་མི་རི་ཀར་༩་པའི་༡༡་གི་གཏོར་རྒོལ་བྱུང་བའི་རྗེས་སུ་ཅང་ཙེ་མིན་གྱིས་ཨ་རིའི་སྲིད་འཇོར་ཇཱི་ཊབ་ལུ་བྷུ་ཤི་དང་ཨ་མི་རི་ཀའི་དམངས་ལ་གདུང་སེམས་མཉམ་སྐྱེད་ཡོད་ཅེས་སེམས་གསོ་བྱས་ཤིང་། རྒྱ་ནག་གིས་ཨ་མི་རི་ཀར་མཉམ་འབྲེལ་བྱས་ནས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱས་པའི་ལས་སུ་ཞུགས། རྒྱ་ནག་གི་འགོ་ཁྲིད་ཟུར་པ་ཚོ་དང་མ་འདྲ་བར་ཅང་ཙེ་མིན་གྱིས་རྒྱལ་སྤྱིའི་ཆེས་མཐོའི་ལྷན་ཚོགས་ཤིག་ཏུ་ཨ་རིའི་གཞས་པ་གྲགས་ཅན་ཨལ་ཝི་སི་ཕེ་རི་སི་ལེའི་གཞས་ཤིག་དབྱངས་སུ་གྱེར། ཧ་ཝ་ཡི་མངའ་སྡེའི་མཚོ་འགྲམ་དུ་ཆུ་རྐྱལ་བརྒྱབ། ཕོ་བྲང་དཀར་པོར་སྲིད་འཛིན་ཁེ་ལིན་ཊོན་གྱི་ལྷན་དུ་གསར་འགོད་པ་ཚོར་དབྱིན་སྐད་དུ་ཕྱི་དྲོར་བདེ་ལེགས་ཞེས་འཚམས་འདྲི་ཞུས། ཅང་ཙེ་མིན་གྱིས་ཕྱོགས་གང་ཐད་དུ་ནུབ་ཕྱོགས་ཀྱི་རིག་གནས་ལ་དགའ་མོས་ཡོད་པའི་རྣམ་འགྱུར་བསྟན། ཁོང་གི་སྐུ་ཚེ་སྨད་དེར་སྲིད་གཞུང་གི་ནང་དང་མང་ཚོགས་ཀྱི་ཁྲོད་དུ་མཐོང་ཐོས་མེད་ཀྱང་དྲྭ་ལམ་དུ་གླེང་སློང་བྱ་ཡུལ་ཞིག་ཏུ་གྱུར། རྒྱ་ནག་མི་མང་ཇི་སྙེད་ཅིག་གིས་ཅང་ཙེ་མིན་གྱིས་བྲིས་པའི་མཚན་རྟགས་དང་ཡིག་གཟིགས་རྣམས་གཅེས་འཛིན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་འགོ་ཁྲིད་འདས་པོ་ཅང་ཙེ་མིན་གྱི་ཤུལ་དུ་ཆུང་མ་དང་བུ་གཉིས། ཚ་བོ་ཚ་མོ་གཉིས་བཅས་ལུས་ཡོད་ཅིང་། རོ་བྷར་ཊི་ལོ་རན་སི་ཁུན་གྱིས་༢༠༠༥་ལོར་རྒྱ་ནག་ལ་འགྱུར་བ་གཏོང་མཁན་སྐྱེ་བོ་སྟེ། ཅང་ཙེ་མིན་གྱི་མི་ཚེ་དང་བྱས་རྗེས་ཞེས་དཔེ་དེབ་ཅིག་བྲིས། ཁོང་གིས་གསར་འགོད་པར་ཅང་ཙེ་མིན་གྱིས་ལོ་བཅུ་ཕྲག་གཅིག་ལ་སྲིད་དབང་བཟུང་བའི་རིང་དེར་རྒྱ་ནག་གི་དཔལ་འབྱོར་ལོ་ལྟར་གྲངས་གནས་གཉིས་རེ་འཕར། དེ་ནི་ཅང་ཙེ་མིན་གྱི་བྱས་རྗེས་ཆེ་ཤོས་སུ་བརྩི་ཆོག རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཅང་ཙེ་མིན་གྱི་དུས་སུ་འགོ་བཙུགས་ཏེ་ལས་དུས་མཇུག་བསྒྲིལ་བའི་སྐབས་དེར་ཕྱིར་ལྡོག་མེད་པའི་མཚམས་སུ་བསླེབས་འདུག་ཅེས་བཀྲལ། ཉམས་ཞིབ་པ་མང་པོས་ཅང་ཙེ་མིན་གྱིས་དམར་ཤོག་ཚོགས་པ་གཅིག་གིས་སྲིད་དབང་འཛིན་རྒྱུ་དེར་ཤུགས་སྣོན་བརྒྱབ་པ་དང་མི་ཚང་མར་མངོན་གསལ་མེད་པར་རྒྱུ་དངོས་འདུ་འགོད་བྱེད་དུ་བཅུག་སྟེ་ལྐོག་ཟ་རུལ་སུངས་དར། དེར་བརྟེན་རྒྱ་ནག་གི་སྤྱི་ཚོགས་ལ་བརྡབ་གསིག་དང་མི་མང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་རྒྱུག་ཅེས་སྐྱོན་རྣམས་བཏོན། ནེའུ་ཡོག་གྲོང་ཁྱེར་དུ་རྒྱ་ཡིག་གི་དཔེ་དེབ་དཔར་སྐྲུན་དང་མེ་ལོང་གསར་འགྱུར་དྲྭ་ཚིགས་གསར་འཛུགས་པ་ཕིན་ཧོ་ཡིས་ཅང་ཙེ་མིན་སྟེས་དབང་གིས་གོ་གནས་འཕར་བའི་འགོ་ཁྲིད་ཅིག་རེད། ཁོ་པ་ནུབ་ཕྱོགས་ཀྱི་རིག་གཞུང་ལ་དགའ་མོས་དང་བརྩི་འཇོག་བྱེད་མཁན་ཞིག་ཡིན་རུང་མི་ཚེ་ཧྲིལ་པོར་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་འོག་ནས་མ་ཐར་པའི་སྐྱེ་བོ་ནང་འགལ་ཅན་ཞིག་རེད། ཅང་ཙེ་མིན་ཕུགས་འདུན་ཅན་དང་བློ་རྒྱ་ཡངས་པའི་འགོ་ཁྲིད་ཅིག་ཏུ་འགྱུར་ཐུབ་མེད། ཁོ་པས་ཏིང་ཞའོ་ཕིང་གི་སྲིད་ཇུས་རྣམས་ལག་ལེན་བསྟར་ནས་ཏིང་གི་དབང་བསྒྱུར་ཡུན་བསྲིངས་པ་རེད་ཅེས་སྡོམ་ཚིག་བརྒྱབ།།

རྒྱ་ནག་དམར་ཤོག་གི་མི་རབས་གསུམ་པའི་འགོ་ཁྲིད་ཅང་ཙེ་མིན་ནི་༡༩༢༦་ལོར་སྐྱེས་པ་དང་དམར་ཤོག་གི་གསར་བརྗེ་མ་ལངས་གོང་དུ་ཧྲང་ཧེའི་ཡེ་ཤུའི་སློབ་གྲྭར་འགྲིམས། ཁོང་གིས་ཆུང་དུས་དབྱིན་ཡིག་སྦྱངས་ནས་ཨ་རིའི་སྲིད་འཛིན་༡༦་པ་ཨེབ་རེམ་ལིན་ཀིན་གྱིས་གྷེ་ཐི་སི་བྷག་ས་གནས་སུ་སྤེལ་བའི་གཏམ་བཤད་སྐད་གྲགས་ཅན་དེ་བློར་བཟུང་། ད་དུང་ཕྱི་རྒྱལ་གྱི་འགོ་ཁྲིད་ཚོའི་མདུན་དུ་ཨི་ཊ་ལིའི་གླུ་གཞས་གྲགས་ཅན་ཞིག་བླངས། དུས་སྔོན་མའི་ལོ་རབས་༥༠་ནང་དུ་ཅང་ཙེ་མིན་ཨུ་རུ་སུར་སློབ་མཐོ་ཏུ་བསྐྱོད་ནས་དམར་ཤོག་ཚོགས་པའི་ཁོངས་སུ་ཞུགས་པ་རེད་ཟེར། ༡༩༨༣་ལོར་ཅང་ཙེ་མིན་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོས། ཏིང་ཞའོ་ཕིང་གིས་རང་གི་རྗེས་འཛིན་པར་ཅང་ཙེ་མིན་བསྐོ་བཞག་བྱས་པའི་རྗེས་སུ་རྣམ་དཔྱོད་ཅན་གྱི་འགོ་ཁྲིད་ཅིག་ཏུ་གྱུར་ཏེ་ལོ་ཤས་ནང་དུ་ཏང་སྲིད་དམག་གི་གོ་གནས་རྣམས་བཟུང་། ༡༩༩༧་ལོར་ཏིང་ཞའོ་ཕིང་འདས་གྲོངས་སུ་གྱུར་པའི་རྗེས་སུ་ཅང་ཙེ་མིན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་དུ་ཧྲང་ཧེ་ཤོག་ཁག་བཙུགས་ཏེ་སྲིད་དབང་བརྟན་དུ་སོང་། ༢༠༠༡་ལོར་ཅང་ཙེ་མིན་འཕོ་འགྱུར་མ་ཕྱིན་གོང་དེར་ཚོང་པ་སྒེར་པ་དང་འཇོན་ཐང་ཅན་གྱི་མ་རྩ་རིང་ལུགས་པ། སྒེར་གྱི་ཁེ་ལས་པ་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མིའི་ཁོངས་སུ་བསྡུས་ཏེ་མཚོན་བྱེད་གསུམ་གྱི་རིག་པའི་གཞུང་ལུགས་ཞེས་མིང་བཏགས། ༢༠༠༢་ནས་ཅང་ཙེ་མིན་གྱིས་ཧུ་ཅིན་ཐའོ་ལ་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་དེ་ནས་རྒྱལ་ཁབ་ཀྱི་སྲིད་འཛིན། ༢༠༠༥་ལོར་རྒྱ་ནག་གི་དབུས་དམག་དོན་གཙོ་འཛིན་བཅས་ཀྱི་གོ་གནས་རྣམས་རྩིས་སྤྲད། ཅང་ཙེ་མིན་བགྲེས་ཡོལ་དུ་ཕེབས་པའི་རྗེས་སུའང་ཤུགས་རྐྱེན་མ་ཉམས་པར་ཧུ་ཅིན་ཐའོ་ཡི་རྗེས་འཛིན་པར་ཞིས་ཅིན་ཕིང་འདེམས་བསྐོ་བྱ་རྒྱུ་དེར་ནུས་པ་ཆེན་པོ་ཐོན། ༡༩༩༧་ལོར་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་ཅང་ཙེ་མིན་ལ་བཅར་འདྲི་ཞུས། ཁོང་གིས་མི་ཞིག་གི་ཆེད་ལས་ཅི་ཡིན་ལ་ཁྱད་པར་མི་འདུག གལ་སྲིད་མི་དེས་རྩོམ་རིག་བཀླགས་པ་དང་སྒྲ་དབྱངས་ལ་མཉན་ནས་དེ་དག་གི་བྲོ་བ་མྱོང་ཐུབ་ན་མི་དེའི་བདེ་ཐང་དང་འཚར་སྟོབས་ལ་དགེ་མཚན་འདུག་ཅེས་ལན་འདེབས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG