ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༣/༠༡/༢༨

དེ་རིང་གཅིག་པུར་རྒྱ་ནག་པ་༤༠༠༥༢་ཏོག་དབྱིབས་ནད་དུག་འགོས། 


༄༅།། ཕྱི་ཟླ་༡༡་པའི་ཚེས་༢༨་ཉིན་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༤༠༠༥༢་ཐོན་པ་དང་ནད་རྟགས་ཡོངས་སུ་སྨིན་མེད་པའི་ནད་པ་༣༦༣༠༤་ཐོན། དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཧོང་ཀོང་གི་ནད་ཡམས་བརྟག་དཔྱད་རིག་པ་བ་ཞིག་ནས་རྒྱ་ནག་གི་ནད་འགོག་སྲིད་ཇུས་དེ་རྒྱུན་འཁྱོངས་བྱེད་ཐུབ་པ་ཞིག་མིན་ཞིང་། རྒྱ་ནག་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་འདུག རྒྱ་ནག་གཞུང་གིས་མང་ཚོགས་ལ་བརྟག་དཔྱད་བྱ་རྒྱུ་མཚམས་བཞག་སྟེ་འགྲོ་གྲོན་རྣམས་ནད་པ་ཚབས་ཆེན་ཚོར་སྨན་བཅོས་བྱ་རྒྱུ་དང་རྒན་རྒོན་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་མང་དུ་གཏོང་དགོས། བདུན་ཕྲག་གཉིས་ཀྱི་སྔོན་ནས་གཟའ་ཟླ་བའི་བར་དུ་རྒྱ་ནག་གི་ལོ་༨༠་ཡན་ཆད་ཀྱི་མི་༧་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་བ་དང་ནད་པ་ཚབས་ཆེན་༡༠༤་ཐོན་ཡོད་པའི་ངོས་འཛིན་བྱས་འདུག གལ་སྲིད་རྒྱ་ནག་གཞུང་གིས་ནད་འགོག་སྲིད་ཇུས་འདིར་འགྱུར་བ་མ་བཏང་ན་འཕྲོད་བསྟེན་ལམ་ལུགས་ཀྱིས་ཨར་མ་བརྟེན་པར་སྦོ་ལུག་རྒྱུའི་ཉེན་ཁ་ཆེ། རྒྱ་ནག་གིས་མི་གྲངས་ས་ཡ་མང་པོར་བརྟག་དཔྱད་བྱེད་ཀྱི་ཡོད་པ་མཚམས་བཞག་སྟེ་འགྲོ་གྲོན་རྣམས་སྨན་ཁབ་ནུས་ལྡན་ཞིག་བཟོ་རྒྱུ་དང་རྒྱ་ནག་མི་དམངས་ལ་ནད་དུག་སྔོན་འགོག་གི་སློབ་གསོ་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་དགོས། ནད་པ་ཚབས་ཆེན་མིན་པ་ཚོར་ཏོག་དབྱིབས་ནད་དུག་འགོ་ཞོར་དང་དྲག་ཞོར་བྱེད་དུ་འཇུག་དགོས་པ་དང་རྒྱ་ནག་གིས་སྒོ་རྒྱ་བསྡམས་ནས་མཐའ་འཁྱོལ་མི་ཐུབ་ཅེས་བཀྲལ། ད་ལོའི་ཕྱི་ཟླ་༡༠་པ་ནས་རྒྱ་ནག་ལ་ཨོ་མཱི་ཀོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ། ཡིན་ནའང་འཛམ་གླིང་རྒྱལ་ཁབ་གཞན་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་དང་བསྡུར་ན་རྒྱ་ནག་གིས་ཕྱིར་བསྒྲགས་བྱས་པའི་ནད་པའི་གྲངས་འབོར་ཤིན་ཏུ་ཉུང་།།

ཕྱི་ཟླ་༡༡་པའི་ཚེས་༢༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཉི་མའི་དགོང་མོར་ཧང་ཧེ་དང་པེ་ཅིང་སོགས་རྒྱ་ནག་གི་གྲོང་ཁྱེར་མང་པོར་ན་གཞོན་ཚོས་གཞུང་གི་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་ནད་འགོག་སྲིད་ཇུས་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས་འདུག དེ་རིང་གཟའ་ཟླ་བའི་ཉིན་ཧྲང་ཧེ་གྲོང་ཁྱེར་གཞུང་ནས་མང་ཚོགས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་ཡུལ་དེར་ལྕགས་དྲྭ་བསྐོར། རྒྱ་ནག་གི་ངོ་རྒོལ་བ་ཚོས་ཞིས་ཅིན་ཕིང་སྲིད་སྟེགས་ནས་འབབ་དགོས་ཞེས་སྐད་བརྒྱབ། གཟའ་ཉི་མའི་ཕྱི་དྲོར་པེ་ཅིང་གི་མར་མེ་ཁྲོམ་སྐོར་ལ་ཞུགས་པའི་ན་གཞོན་ལོ་༢༨་ལ་སོན་པའི་རུས་མིང་ཧྲི་ཞེས་པ་ཞིག་གིས་ང་ཚོས་སྒོ་རྒྱ་བསྡམས་པའི་དམ་དྲག་རྣམས་མཇུག་བསྒྲིལ་རྒྱུའི་རེ་བ་འཆང་གི་ཡོད། ང་ཚོར་རྒྱུན་ལྡན་གྱི་འཚོ་བ་ཞིག་རོལ་འདོད་ཡོད། ང་ཚོ་ཚང་མས་སྙིང་སྟོབས་བསྐྱེད་ནས་རང་གི་ལྟ་ཚུལ་རྣམས་བརྗོད་དགོས་ཞེས་གསར་འགོད་པར་གླེང་མོལ་བྱས་འདུག འདས་པའི་ལོ་གསུམ་ཡས་མས་ཤིག་ལ་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གཙང་སེལ་བྱ་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར། འཛམ་གླིང་ཡུལ་གྲུ་ཕལ་མོ་ཆེ་ཏོག་དབྱིབས་ནད་ཡམས་འོག་ནས་ཐར་ཏེ་སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་དང་མི་དམངས་ཀྱི་འཚོ་བ་སླར་གསོ་བྱུང་། རྒྱ་ནག་གཞུང་གིས་མི་གྲངས་དུང་ཕྱུར་མང་པོ་བཙོན་པ་ལྟར་རང་ཁྱིམ་དུ་བཀག ཞིས་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་ཏེ་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ཉུང་ཉུང་ཡིན་ཟེར་གྱི་ཡོད་མོད། འོན་ཀྱང་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས། འགྲིམ་འགྲུལ་དང་སློབ་ཕྲུག་གི་ཤེས་ཡོན་སློབ་སྦྱོང་། མི་དམངས་ཀྱི་འཚོ་བ་སོགས་ལ་གནོད་སྐྱོན་ཆེན་པོ་ཕོག རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྣམས་ནུས་ལྡན་ཞིག་མ་འཁྱོངས། ཨ་རི་དང་ཡུ་རོབ། རྒྱ་གར་སོགས་ཀྱིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྣམས་རྒྱ་ནག་གིས་སྦམ་བཟུང་སྟེ་ནང་འདྲེན་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ཧོང་ཀོང་སློབ་གྲྭ་ཆེན་མོའི་སློབ་དཔོན་བྷན་ཇཱ་མིན་ཀོ་ལིང་གིས་བཤད་པ་ལྟར་ན། ནད་དུག་འགོས་ཟིན་པ་ནས་ནད་གཞི་ཚབས་ཆེན་ཞིག་ཏུ་འགྱུར་བར་དུས་ཡུན་བདུན་ཕྲག་གཉིས་ཙམ་འགོར་གྱི་རེད། དེང་སྐབས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་ལ་འཆི་སྐྱོན་འབྱུང་གི་ཡོད་པའི་གྲངས་འབོར་དེར་ཡིད་གཟབ་བྱས་ན་ལེགས། ནད་དུག་འགོས་ནས་འཆི་སྐྱོན་མ་བྱུང་བར་དུ་བདུན་ཕྲག་གཉིས་གསུམ་རེ་འགོར་གྱི་རེད། ད་ལྟ་རྒྱ་ནག་ནད་དུག་ཁྱབ་གདལ་གྱི་དཀྱིལ་དེར་ལུས་ཡོད་པ་དང་མ་འོངས་པའི་བདུན་ཕྲག་འགའ་ཞིག་གི་ནང་དུ་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་མང་དུ་འགྲོ་ཤས་ཆེ། དགུན་གྱི་དུས་སུ་རྒྱ་ནག་ལ་ཨོ་མཱི་ཀོ་རོན་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ནད་རླབས་གསར་པ་ཞིག་འཕྱུར་ཚེ། རྒྱ་ནག་གི་སྨན་ཁང་ཁག་གིས་ནད་པར་སྨན་བཅོས་བྱེད་མི་ཐུབ་པའི་མཚམས་སུ་ལྷུང་རྒྱུ་དང་པེ་ཅིང་གི་དབང་འཛིན་པ་ཚོས་ངེས་པར་དུ་ནད་འགོག་སྲིད་ཇུས་ལ་འགྱུར་བཅོས་གཏོང་རྒྱུའི་བསམ་ཞིབ་བྱ་དགོས་ཞེས་བཟློས། ཉེ་ཆར་ཕྱི་ཟླ་༩་པའི་ནང་དུ་རྒྱ་ནག་གི་ནད་རིགས་བཀག་སྡོམ་ལྟེ་གནས་ཁང་གིས་དྲྭ་ལམ་དུ་སྙན་ཐོ་ཞིག་བཏོན་པ་དེར་འཁོད་པ་ལྟར་ན། ལོ་འདིའི་ཕྱི་ཟླ་༣་ནས་༥་པའི་བར་དུ་ནད་རླབས་འཕྱུར་ཏེ་མི་ས་ཡ་༦་དང་འབུམ་༥་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་༦༠༠་ཡས་མས་ཤིག་ལ་འཆི་སྐྱོན་ཕོག རྒྱ་ནག་གི་འགོ་ཁྲིད་ཚོས་ས་གནས་ཁག་གིས་སྒོ་རྒྱ་བསྡམས་ནས་ནད་དུག་ཁྱབ་མི་ཐུབ་པའི་འབད་བརྩོན་བྱ་རྒྱུ་གཙིགས་སུ་འཛིན་དགོས། འཛམ་གླིང་རྒྱལ་ཁབ་གཞན་ལྟར་ནད་དུག་ཁྱབ་ཏུ་བཅུག་སྟེ་སྨན་བཅོས་བྱ་དགོས་བྱུང་ན་རྒྱ་ནག་ལ་མི་འབོར་མང་དྲགས་ཏེ་སྨན་ཁང་ཁག་གིས་ནམ་ཡང་ནད་པར་སྨན་བཅོས་བྱེད་ཐུབ་ཐབས་བྲལ། རྒྱ་ནག་ལ་འབར་མདེལ་བཀད་པ་ལྟར་ཏོག་དབྱིབས་ནད་དུག་ཁྱབ་ཏུ་བཅུག་ན་མི་དུང་ཕྱུར་མང་པོ་ནད་པ་ཚབས་ཆེན་དུ་གྱུར་ནས་འཆི་སྐྱོན་འཕོག་གི་རེད་ཅེས་རྒྱུ་མཚན་བགྲངས།།

ཕྱི་ཟླ་༡༡་པའི་ཚེས་༢༨་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་དེར་མི་དམངས་རྣམས་འུ་ཐུག་སྟེ་དམར་ཤོག་ཚོགས་པར་ངོ་རྒོལ་ལས་འགུལ་སྤེལ། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ཞིན་ཅང་གི་ཨུ་རུ་མུ་ཆི་གྲོང་ཁྱེར་གྱི་ཁང་ཆེན་ཞིག་ལ་མེ་སྐྱོན་ཕོག་སྟེ་མི་༡༠་ཤི་བ་དང་མི་༩་རྨས། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་སྲང་ལམ་ཁག་ལ་ལྕགས་རི་བསྐོར་ནས་ལམ་བཀག་སྟེ་མེ་གསོད་རླངས་འཁོར་ཐར་གྱི་མེད་པའི་བརྙན་འཕྲིན་ཞིག་དྲྭ་ལམ་དུ་ཁྱབ་པ་གཟའ་མཇུག་གི་ངོ་རྒོལ་དེའི་རྒྱུ་རྐྱེན་དུ་གྱུར། ཞིན་ཅང་གི་ཨུ་རུ་མུ་ཆིར་སྒོ་རྒྱ་བསྡམས་ནས་ཟླ་བ་གསུམ་ལྷག་འགྲོ་བཞིན་ཡོད་ཅིང་། གཟའ་པ་སངས་ཉིན་ཨུ་རུ་མུ་ཆིའི་གྲོང་ཁྱེར་མི་མང་རྣམས་ས་གནས་སྲིད་གཞུང་མདུན་དུ་གཤར་ཏེ་འགྲོ་འོང་བཀག་སྡོམ་མཚམས་འཇོག་བྱ་དགོས་ཞེས་སྐད་བརྒྱབ། ས་གནས་དེའི་འགོ་ཁྲིད་ཚོས་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱེད་ཆོག་ཅེས་ཁས་བླངས་ཀྱང་དུས་ཚོད་ཏག་ཏག་ཅིག་གཏན་འབེབས་བྱས་མེད་པས་མི་དམངས་རྣམས་ཁོང་ཁྲོས་བརྟས་ནས་ངོ་རྒོལ་ལས་འགུལ་སྤེལ། གཟའ་ཉི་མའི་དགོང་མོ་ནས་ཉུང་མཐར་ཡང་རྒྱ་ནག་གི་ས་གནས་ཁག་༡༦་ལ་ངོ་རྒོལ་བྱུང་ཡོད་པ་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་ངེས་གཏན་བྱེད་ཐུབ། གཟའ་སྤེན་པའི་ཉིན་ཧྲང་ཧེ་གྲོང་ཁྱེར་གྱི་ཨུ་རུ་མུ་ཆི་གཞུང་ལམ་དུ་མི་ཚོགས་འདུས། ཁོ་ཚོས་ཞིན་ཅང་གི་མེ་སྐྱོན་ནང་དུ་འཆི་སྐྱོན་བྱུང་བའི་འདས་པོ་ཚོར་མར་མེ་སྦར་ནས་མྱ་ངན་བྱས་པ་དང་ང་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས། རང་དབང་དགོས། མི་ཁག་ཅིག་གིས་ཞིས་ཅིན་ཕིང་སྲིད་སྟེགས་ནས་འབབ་དགོས་ཞེས་སྐད་བརྒྱབ་སྟེ་རྒྱལ་སྤྱིའི་གླུ་དབྱངས་བླངས། ༡༩༨༩་ལོར་རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་ཐང་དུ་ལངས་འགུལ་དམངས་གཙོའི་ལས་འགུལ་དུས་སུའང་རྒྱལ་སྤྱིའི་གླུ་དབྱངས་བླངས་པའི་གནས་ཚུལ་ཐོན་འདུག

གཟའ་མཇུག་གི་ངོ་རྒོལ་དེ་ཧྲང་ཧེ་དང་པེ་ཅིང་ནས་ཀོང་ཀྲུག་དང་ཁྲེང་ཏུའུ། ཝུ་ཧན་སོགས་ལ་ཁྱབ། རྒྱ་ནག་གཞུང་གིས་ཟླ་བ་མང་པོར་སྒོ་རྒྱ་བསྡམས་ནས་མི་དམངས་རྣམས་རང་ཁྱིམ་དུ་བཀག་སྟེ་མང་ཚོགས་ལ་བཟའ་བཏང་ཆད། ནད་པ་ཚོ་སྨན་པར་སྟོན་དུ་བསྐྱོད་མ་ཐུབ་པར་དཀའ་ངལ་འཕྲད་པའམ། མི་ཁག་ཅི་ལ་འཆི་སྐྱོན་བྱུང་། ད་ལྟ་རྒྱ་ནག་མི་དམངས་ཀྱིས་ཆབ་སྲིད་རང་དབང་དགོས་ཞེས་སྐད་རྒྱག་གི་ཡོད་པ་དང་འགོག་ར་རྣམས་བཤིག རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཉི་མའི་དགོང་མོར་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཞིག་གིས་ཧྲང་ཧེ་གྲོང་ཁྱེར་དུ་ངོ་རྒོལ་ལས་འགུལ་ལངས་པའི་གསར་འགྱུར་སྤེལ། རྒྱ་གཞུང་གི་ཉེན་རྟོག་པས་གསར་འགོད་པ་དེར་རྡུང་རྡེག་བཏང་ནས་ཆུ་ཚོད་འགའ་ཞིག་ལ་བཀག་ཉར་བྱས་པར་མ་ཟད། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཞིག་ཀྱང་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀར་བཀག གཟའ་ཟླ་བའི་ཉིན་ཧྲང་ཧེ་གྲོང་ཁྱེར་གཞུང་གིས་སྲང་ལམ་རྣམས་བཀག་སྟེ་ཚོང་ཁང་དང་ཇ་ཁང་རྣམས་སྒོ་རྒྱག་ཏུ་བཅུག གང་ས་གང་དུ་ཉེན་རྟོག་པས་སྐོར་གཡེང་བྱས་ནས་ངོ་རྒོལ་ལས་འགུལ་ཁག་འགོག་རྒྱུའི་རྣམ་པ་ཐོན། ཁ་སང་གཟའ་ཉི་མ་ནས་པེ་ཅིང་གྲོང་ཁྱེར་གཞུང་གིས་ཀྱང་གྲོང་གླིང་ཁག་གི་སྒོ་རྣམས་བཀག་སྟེ་མི་མང་རྣམས་རང་ཁྱིམ་དུ་འཛུལ་དགོས། ཛ་དྲག་གི་ལས་དོན་ཁག་ལ་བར་ཆད་བྱེད་མི་ཆོག་ཅེས་བཀའ་ཕབ། ཧོང་ཀོང་སློབ་གྲྭ་ཆེན་མོའི་སློབ་དཔོན་བྷན་ཇཱ་མིན་ཀོ་ལིང་གིས་ཨོ་མཱི་ཀོ་རོན་ཏོག་དབྱིབས་ནད་དུག་ནི་ནད་ཡམས་ཚབས་ཆེན་ཞིག་མིན་རུང་ངོ་བོ་འགྱུར་སླ་བ་དང་མྱུར་དུ་ཁྱབ་སླ་བ་ཞིག་རེད། རྒྱ་ནག་གི་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་དེ་རྒྱུན་འཁྱོངས་བྱེད་དཀའ། དེ་ལ་ཡུན་རིང་གི་བཀག་སྡོམ་བྱ་དགོས་པ་དང་མི་ཚོགས་ལ་བརྟག་དཔྱད། རྒྱ་ནག་གི་སྤྱི་ཚོགས་དང་དཔལ་འབྱོར་ལ་དེ་བས་ཀྱང་བརྡབ་གསིག་འཕོག་ངེས་རེད། ཞིས་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་འདིར་འགྱུར་བཅོས་མ་བཏང་བར་གདམ་ཀ་གཞན་པ་མེད་པ་བཟོ་འདྲ་ཞིག་རེད་ཅེས་བསྟན་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG