ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་དང་རྒྱ་ནག་གི་འབྲེལ་བ། 


༄༅།། རྒྱ་ནག་གིས་ཡོངས་གྲགས་སུ་ཨ་མི་རི་ཀའི་དམག་དཔུང་རྣམས་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱེད་སྟངས་ནི་ཞབས་འདྲེན་དང་ངོ་གནོང་དགོས་པ་ཞིག་རེད། རྒྱལ་སྤྱིའི་ཐོག་ཏུ་ཨ་མི་རི་ཀའི་ཆེ་མཐོང་ཉམས་པ་དང་འཛམ་གླིང་མི་དམངས་ཀྱིས་ཨ་མི་རི་ཀའི་ངོ་གདོང་གསལ་རྗེན་དུ་ཤེས་རྟོགས་ཐུབ་པ་རེད་ཅེས་བསྡིགས། རྒྱ་ནག་གི་འགོ་ཁྲིད་ཚོར་ལྐོག་ཏུ་ཨ་མི་རི་ཀའི་དམག་དཔུང་རྣམས་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་བདེ་འཇགས་སྲུང་སྐྱོབ་ལ་དཀའ་ངལ་འཕྲད་རྒྱུའི་བློ་འཚབ་ཡོང་གི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༩་ཚེས་༦་ཉིན་ཨ་རིའི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་མཐའ་འཁོར་ནས་ཨ་མི་རི་ཀའི་དམག་དཔུང་རྣམས་ཕྱིར་འཐེན་བྱས་པར་པེ་ཅིང་གི་དབང་འཛིན་པ་ཚོ་བློ་སེམས་བདེ་རུ་སོང་། ད་ནས་ཨབ་གྷ་ཎི་སི་ཐན་ལ་རྒྱ་ནག་གི་ཤུགས་རྐྱེན་ཐེབས་ཐབས་བྱ་རྒྱུ་སྟབས་བདེ་ཕྱིན་པར་དགའ་ཚོར་བྱེད་ཀྱི་ཡོད་ཅིང་། འོན་ཀྱང་ཏ་ལི་བྷན་གྱི་དབང་སྒྱུར་འོག་ཏུ་ཨབ་གྷ་ཎི་སི་ཐན་སླར་ཡང་འཇིགས་སྐུལ་རིང་ལུགས་པ་དང་མཐའ་ལྷུང་རིང་པ་རྣམས་འདུ་ཚོགས་བྱ་ཡུལ་ཞིག་ཏུ་གྱུར་ཏེ་རྒྱ་ནག་ལ་ཞི་བདེ་བརྟན་ལྷིང་མེད་པར་འགྱུར་སྲིད། མ་འོངས་པར་རྒྱ་ནག་ལོ་མང་རིང་ཨབ་གྷ་ཎི་སི་ཐན་གྱི་ནང་འཁྲུག་ལ་ཞོར་འདྲུད་ཐེབས་སྲིད་པའི་ཉེན་ཁ་ཡོད་པར་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་འཇར་མན་མཱར་ཤཱེལ་ཐེབས་རྩ་ཁང་གི་ཉམས་ཞིབ་པ་ཨན་ཌི་རིའུ་སི་མོལ་གྱིས་རྒྱ་ནག་ཨབ་གྷ་ཎི་སི་ཐན་གྱི་རྒྱ་རྙི་ལ་ཚུད་རྒྱུ་རེད་ཅེས་སྐྲག་སྣང་བྱེད་ཀྱི་འདུག རྒྱ་ནག་གིས་ཨབ་གྷ་ཎི་སི་ཐན་གྱི་ལས་དོན་ཁག་ལ་འགན་འཁྲི་ཆེན་པོ་ཞིག་ལེན་ཐུབ་ས་མ་རེད། ཨབ་གྷ་ཎི་སི་ཐན་གྱི་ཁ་ཆེ་མཐའ་ལྷུང་རིང་ལུགས་པ་ཚོར་རྒྱལ་ཁ་ཐོབ་པ་རྒྱ་ནག་གིས་ཉེན་ཁ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག་ཅེས་བསྟན།།

ཏ་ལི་བྷན་གྱི་མཐོ་རིམ་འགོ་ཁྲིད་ཨབ་རྡུལ་གྷ་ཎི་བྷ་ར་དྷར་རྒྱ་ནག་གི་ཐེན་ཅིང་གྲོང་ཁྱེར་དུ་ཕྱིན་ཏེ་ཕྱི་སྲིད་བློན་ཆེན་ཝང་དབྱི་ལ་ཐུག་འཕྲད་གྲོས་མོལ་བྱས།
ཏ་ལི་བྷན་གྱི་མཐོ་རིམ་འགོ་ཁྲིད་ཨབ་རྡུལ་གྷ་ཎི་བྷ་ར་དྷར་རྒྱ་ནག་གི་ཐེན་ཅིང་གྲོང་ཁྱེར་དུ་ཕྱིན་ཏེ་ཕྱི་སྲིད་བློན་ཆེན་ཝང་དབྱི་ལ་ཐུག་འཕྲད་གྲོས་མོལ་བྱས།

འདས་པའི་ལོ་བཅུ་ཕྲག་གཉིས་ལ་ཨ་རི་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་རྒྱ་ཆེན་པོ་ཞིག་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་བབས། རྒྱ་ནག་གི་མཐའ་མཚམས་ཁག་ཏུ་ཨ་མི་རི་ཀའི་དམག་དཔུང་འབྱོར་བར་པེ་ཅིང་གི་དབང་འཛིན་པ་ཚོ་བློ་བདེ་བག་ཕེབས་ཤིག་གཏན་ནས་མ་བྱུང་། ཡིན་ནའང་ཨ་མི་རི་ཀའི་དམག་གི་དབང་འཛིན་འོག་ཏུ་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་འཇིགས་སྐུལ་རིང་ལུགས་པ་རྣམས་གཞིས་ཚུགས་མ་ཐུབ་པ་དང་མཐའ་ལྷུང་རིང་ལུགས་པ་རྣམས་མགོ་བོ་འབུར་མ་ཐུབ་པ། ལྷག་པར་དུ་ཨབ་གྷ་ཎི་སི་ཐན་ནས་འཇིགས་སྐུལ་རིང་ལུགས་པ་དང་མཐའ་ལྷུང་རིང་ལུགས་པ་རྣམས་ཞིན་ཅང་ལ་སིམ་འཛུལ་བྱེད་མ་ཐུབ་པ། ཨ་མི་རི་ཀས་རྒྱ་ནག་གི་བདེ་འཇགས་སྲུང་སྐྱོབ་ལ་ལས་འགན་ཆེན་པོ་ཞིག་བསྒྲུབས་པར་རྒྱ་ནག་གི་འགོ་ཁྲིད་ཚོས་དགའ་བ་བསྒོམས། ད་ནས་རྒྱ་ནག་གིས་ཨབ་གྷ་ཎི་སི་ཐན་ལ་འབྲེལ་བ་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་ལ་ཨ་མི་རི་ཀ་དང་རྒྱལ་ཁབ་གཞན་ཁག་གིས་ལྟ་རྟོག་གཟབ་ནན་བྱ་རྒྱུ། ཏ་ལི་བྷན་གྱི་དམག་དཔུང་གིས་རྒྱལ་ས་ཀ་བྷུལ་མ་བླངས་གོང་དུ་ཤོག་ཁག་དེའི་མཐོ་རིམ་འགོ་ཁྲིད་ཨབ་རྡུལ་གྷ་ཎི་བྷ་ར་དྷར་རྒྱ་ནག་གི་ཐེན་ཅིང་གྲོང་ཁྱེར་དུ་ཕྱིན་ཏེ་ཕྱི་སྲིད་བློན་ཆེན་ཝང་དབྱི་ལ་ཐུག་འཕྲད་གྲོས་མོལ་བྱས་ཤིང་། ཝང་དབྱི་དང་བྷ་ར་དྷར་གཉིས་ཀྱི་གྲོས་མོལ་སྐབས་སུ་ཏ་ལི་བྷན་གྱི་འཐབ་མོ་བ་ཚོར་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ནས་རྒྱ་ནག་ལ་འཐབ་རྒོལ་བྱེད་དུ་འཇུག་རྒྱུ་མིན། ཨབ་གྷ་ཎི་སི་ཐན་ནས་ཞིན་ཅང་ལ་འཇིགས་སྐུལ་རིང་ལུགས་དང་མཐའ་ལྷུང་རིང་ལུགས་པ་ཚོར་ཟིང་འཁྲུག་སློང་དུ་འཇུག་རྒྱུ་མིན་ཞེས་ཁས་བླངས། ཧྲང་ཧེ་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་སློབ་གྲྭ་ཆེན་མོའི་དཀྱིལ་ཤར་ས་ཁུལ་གྱི་ཆབ་སྲིད་ཉམས་ཞིབ་པ་སློབ་དཔོན་ཧྥ་ཧོང་ཏས་རྒྱ་ནག་གིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འབྲེལ་བ་བཟང་པོ་ཞིག་འཛིན་དགོས། ཏ་ལི་བྷན་ཤོག་ཁག་ནི་ཨབ་གྷ་ཎི་སི་ཐན་གྱི་ཆབ་སྲིད་སྟོབས་ཤུགས་ཆེན་པོ་ཞིག་ལ་གྱུར་ཡོད་པས་དེ་ལ་སྣང་མེད་གཏོང་ཐབས་བྲལ་ཞེས་བཤད།།

ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག རྒྱ་གར་སོགས་ཀྱིས་ཨབ་གྷ་ཎི་སི་ཐན་དུ་བཅའ་སྡོད་རང་རང་གི་གཞུང་ཚབ་ཁང་རྣམས་སྒོ་བརྒྱབ་ཀྱང་རྒྱ་ནག་གི་གཞུང་ཚབ་ཁང་སྒོ་མ་བརྒྱབ། ཁ་སྔོན་གཟའ་པ་སངས་ཉིན་ཨབ་གྷ་ཎི་སི་ཐན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཁང་སྒོ་རྒྱག་གི་མིན། ཨབ་གྷ་ཎི་སི་ཐན་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་ཅེས་བསྒྲགས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཝུ་ཅང་ཧའོ་ཡིས་ཁ་ཊར་རྒྱལ་ཁབ་ཏུ་བཅའ་སྡོད་ཏ་ལི་བྷན་གྱི་དོན་གཅོད་ཁང་གི་མགྲིན་ཚབ་པ་སུ་ཧེ་ཤཱ་ཧིན་བརྒྱུད་ནས་རྒྱ་ནག་གིས་ཨབ་གྷ་ཎི་སི་ཐན་ལ་མི་ཆོས་རིང་ལུགས་ཀྱི་སྐྱོབ་གསོ་རོགས་རམ་སྤྲོད་རྒྱུ་མང་དུ་གཏོང་ཆོག་ཅེས་ཁས་ལེན་བྱས་འདུག ཏ་ལི་བྷན་གྱི་དོན་གཅོད་ཁང་གི་མགྲིན་ཚབ་པ་ཤཱ་ཧིན་གྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པས་ཀ་བྷུལ་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཁང་སྒོ་རྒྱག་གི་མིན། ང་ཚོས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡག་ཏུ་གཏོང་དགོས་པ་དང་ཨབ་གྷ་ཎི་སི་ཐན་གྱིས་མངའ་ཁུལ་དེའི་བདེ་འཇུགས་སྲུང་སྐྱོབ་དང་འཛུགས་སྐྲུན་བཅས་ལ་འགན་ཁུར་ལེན་དགོས། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཚུད་པའི་ཨབ་གྷ་ཎི་སི་ཐན་ལ་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་སོང་ཞེས་བཤད། སྔ་ཉིན་དེར་ཏ་ལི་བྷན་གྱི་མགྲིན་ཚབ་པ་མུ་ཇཱ་ཧིད་ཀྱིས་རྒྱ་ནག་གིས་ཨབ་གྷ་ཎི་སི་ཐན་ལ་མ་རྩ་འཛུགས་སྲིད། རྒྱ་ནག་ནི་ང་ཚོའི་ཟླ་གྲོགས་བླ་ན་མེད་པ་དེ་ཡིན་པ་དང་རྒྱ་ནག་གིས་མ་རྩ་བཙུགས་ན་ང་ཚོས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུ་དེར་གོ་སྐབས་ཕུལ་དུ་བྱུང་བ་ཞིག་འཐོབ་ངེས་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཁ་སང་གཟའ་ཟླ་བའི་ཉིན་ཨབ་གྷ་ཎི་སི་ཐན་རྒྱ་ནག་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་མཉམ་འབྲེལ་ཤུར་ལམ་ཁོངས་སུ་མཉམ་ཞུགས་བྱ་འདོད་ཡོད་ཅེས་འདུན་པ་བཏོན།།

༢༠༢༠་ལོའི་ཕྱི་ཟླ་༢་པའི་ཚེས་༢༩་ཉིན་ཨ་མི་རི་ཀ་དང་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་གིས་གྲོས་མཐུན་བཞག་ནས་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ནས་སྐྱེ་བོ་སྒེར་པ་དང་ཚོགས་པ་ཁག་ལ་ཨ་མི་རི་ཀ་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་གཏོར་རྒོལ་བྱེད་དུ་འཇུག་མི་ཆོག ཏ་ལི་བྷན་ཤོག་ཁག་གིས་དེ་ལ་ཁག་ཐེག་བྱས་ནས་ལག་ལེན་བསྟར་དགོས། ཨ་མི་རི་ཀ་དང་ཕྱི་རྒྱལ་གྱི་དམག་དཔུང་རྣམས་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱ་རྒྱུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔང་པོ་བྱས་ནས་ཨ་མི་རི་ཀ་དང་ཕྱི་རྒྱལ་གྱི་དམག་དཔུང་རྣམས་དུས་བཀག་ལྟར་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱ་རྒྱུ་འགན་ལེན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔང་པོ་བྱས་ནས་ཨབ་གྷ་སི་ཐན་གྱི་ས་ཆ་ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་ལ་གཏོར་རྒོལ་བྱེད་མཁན་རྣམས་སྐུང་ཡུལ་ཞིག་ལ་འགྱུར་དུ་འཇུག་རྒྱུ་མིན་པ་ཏ་ལི་བྷན་ཤོག་ཁག་གིས་འགན་ལེན་བྱ་དགོས་ཞེས་བཀོད། དེར་བརྟེན་ཕྱི་ཟླ་༨་པའི་ཚེས་༣༡་ཉིན་ཨ་མི་རི་ཀའི་དམག་དཔུང་རྣམས་གྲོས་མཐུན་གྱི་འབྲུ་དོན་ལྟར་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱས་ནས་ལོ་༢༠་ཐམ་པའི་ཨ་རིའི་འཇིགས་སྐུལ་འཐབ་རྒོལ་གྱི་དམག་འཁྲུག་མཇུག་བསྒྲིལ། ཨ་མི་རི་ཀ་ཕྱིར་འཐེན་བྱས་པའི་རྗེས་སུ་པ་ཀི་སི་ཐན་དང་རྒྱ་ནག ཨུ་རུ་སུ་བཅས་ཀྱིས་ཏ་ལི་བྷན་ཤོག་ཁག་ལ་འབྲེལ་བ་བཙུགས་ནས་རང་རང་གི་ཁེ་ཕན་སྒྲུབ་མགོ་བརྩམས། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་རྒྱལ་ཁབ་དེའི་ཁྲིམས་མཐུན་སྲིད་གཞུང་ལ་ངོས་ལེན་བྱེད་ཀྱི་མེད་པས་ཏ་ལི་བྷན་ཤོག་ཁག་གིས་པ་ཀི་སི་ཐན་དང་རྒྱ་ནག ཨུ་རུ་སུ་སོགས་རྒྱལ་ཁབ་༦་གི་སྐུ་ཚབ་རྣམས་ཏ་ལི་བྷན་གྱི་སྲིད་གཞུང་གསར་འཛུགས་ཀྱི་མཛད་སྒོར་མགྲོན་བྱས་འདུག

ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱས་པའི་རྗེས་སུ་རྒྱལ་སྤྱིའི་དངུལ་ཁང་ཁག་ཏུ་བཅོལ་ཡོད་པའི་ཨབ་གྷ་ཎི་སི་ཐན་གྱི་དངུལ་སྒོར་རྣམས་ཏ་ལི་བྷན་ཤོག་ཁག་ལ་སྤྲོད་ཀྱི་མེད་པར་མ་ཟད། ཨ་མི་རི་ཀས་ལོ་༢༠་ཐམ་པར་ཨབ་གྷ་ཎི་སི་ཐན་གྱི་གཞུང་དམག་དང་སྲིད་གཞུང་གི་ལས་བྱེད་པ་ཚོར་གླ་ཕོགས་སྤྲད་ནས་འཛིན་སྐྱོང་གི་རོགས་རམ་བྱས་པ་རྣམས་མཚམས་ཆད། བདུན་ཕྲག་སྔོན་མར་ཏ་ལི་བྷན་གྱི་མགྲིན་ཚབ་པ་མུ་ཇཱ་ཧིད་ཀྱིས་ཨི་ཊ་ལིའི་གསར་འགོད་པ་ཞིག་ལ་ཨ་མི་རི་ཀ་ཕྱིར་འཐེན་བྱས་པའི་རྗེས་སུ་ཏ་ལི་བྷན་ཤོག་ཁག་གི་འགྲོ་གྲོན་གཙོ་ཆེ་བ་རྒྱ་ནག་གི་རོགས་དངུལ་ལ་བརྟེན་ཡོད། རྒྱ་ནག་གི་རོགས་རམ་ལ་བརྟེན་ནས་ཏ་ལི་བྷན་ཤོག་ཁག་གིས་ཨབ་གྷ་ཎི་སི་ཐན་གྱི་དཔལ་འབྱོར་སླར་གསོ་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། ཨབ་གྷ་ཎི་སི་ཐན་ལ་ཟངས་ཀྱི་གཏེར་ཁ་ཕྱུག་པོ་ཡོད་པ་དང་རྒྱ་ནག་གི་རོགས་རམ་འོག་གཏེར་ཁ་རྣམས་བསྐྱར་དུ་སྒོ་འབྱེད་ཐུབ་པའི་རེ་བ་ཡོད་ཅེས་བཤད། འཇར་མན་མཱར་ཤཱེལ་ཐེབས་རྩ་ཁང་གི་ཉམས་ཞིབ་པ་ཨན་ཌི་རིའུ་སི་མོལ་གྱིས་རྒྱ་ནག་ནས་ཨབ་གྷ་ཎི་སི་ཐན་ལ་ཚོང་ལས་ཀྱི་མ་རྩ་འཛུགས་མཁན་ཡོང་རྒྱུ་ཡིན་མིན་ནི་ཆབ་སྲིད་བརྟན་ལྷིང་ཡོད་མེད་ལ་ཐུག་ཡོད་པ་རེད། རྒྱ་ནག་གིས་ཨབ་གྷ་ཎི་སི་ཐན་ལ་རོགས་སྐྱོར་རྒྱ་ཆེན་པོ་བྱས་ནས་ཏ་ལི་བྷན་གྱི་སྲིད་གཞུང་གསར་པ་དཀའ་ངལ་འོག་ཏུ་སྐྱོབ་རྒྱུ་མ་རེད་ཅེས་བཤད། ཨབ་གྷ་ཎི་སི་ཐན་ལ་དངུལ་སྒོར་གྱི་དགོས་མཁོ་ཆེན་པོ་ཡོད་ཀྱང་ཏ་ལི་བྷན་ཤོག་ཁག་གིས་མཁོ་སྒྲུབ་བྱེད་མི་ཐུབ། ཨབ་གྷ་ཎི་སི་ཐན་གྱི་དབུས་དངུལ་ཁང་གིས་ཕྱི་རྒྱལ་ལ་ཨ་སྒོར་དུང་ཕྱུར་༡༠༠་ལྷག་བཅོལ་ཡོད་པ་རྣམས་ཏ་ལི་བྷན་ཤོག་ཁག་ལ་སྤྲོད་ཀྱི་མེད་པས་རྒྱ་ནག་ལ་མ་བརྟེན་ཀ་མེད་དུ་གྱུར་འདུག

XS
SM
MD
LG