ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

གོ་ཝེན་གུའི་ལ་ཨ་སྒོར་དུང་ཕྱུར་༡༠་གཡོ་ཁྲམ་བྱས་པའི་ཉེས་འཛུགས། 


༄༅།། རྒྱ་ནག་གི་ཚོང་པ་འབྱོར་ལྡན་གོ་ཝེན་གུའི་ལ་ཨ་སྒོར་དུང་ཕྱུར་༡༠་གཡོ་ཁྲམ་བྱས་པའི་ནག་ཉེས་བཙུགས། ཕྱི་ཟླ་༤་པའི་ཚེས་༡༡་ཉིན་ཝོལ་སི་ཊི་རི་ཊི་འཇར་ནལ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གོ་ཝེན་གུས་རང་གི་རྗེས་འབྲང་བ་ཚོའི་ལག་ནས་མ་རྩ་བསྡུས་ཏེ་གཡོ་ཁྲམ་བྱས་འདུག་ཅིང་། ཉི་ཧོང་གི་རྒྱལ་ས་ཊོག་ཀིའོ་གྲོང་ཁྱེར་དུ་གནས་འཁོད་རྒྱ་མོ་ལིའུ་ཞེས་པའི་ཁྱིམ་བདག་མ་ལོ་ན་༥༣་ལ་སོན་པ་ཞིག་ལ་ཁྱོ་གས་གོ་ཝེན་གུའི་GTV་བརྙན་འཕྲིན་ཁང་ལ་(འཛམ་གླིང་ཡུལ་གྲུ་གང་སའི་རྒྱ་མི་རིགས་ལ་རྒྱ་སྐད་ཀྱི་བརྙན་འཕྲིན་ཁང་འཛུགས་རྒྱུ)་མ་རྩ་མ་འཛུགས། གལ་སྲིད་བརྙན་འཕྲིན་ཁང་དེར་མ་རྩ་བཙུགས་ན་བཟའ་ཚང་འཐོར་རྒྱུ་ཡིན་ཞེས་བཀག་ཀྱང་མ་མཉན་པར་ཨ་སྒོར་༣༥༠༠༠་མ་རྩ་བཙུགས། ༢༠༢༠་ལོའི་ཕྱི་ཟླ་༥་པའི་ནང་རྒྱ་མོ་ལིའུ་ཡིས་དངུལ་ཁང་འགའ་ཞིག་བརྒྱུད་ནས་དངུལ་སྒོར་བཏང་བ་དང་དངུལ་ཁང་གི་ལས་བྱེད་པས་བརྙན་འཕྲིན་ཁང་དེ་གཡོ་ཁྲམ་གྱི་ཚོང་ལས་ཤིག་ཡིན་ས་རེད་ཅེས་བཤོལ་བཏབ། རྒྱ་མོ་ལིའུ་ཡིས་དངུལ་ཁང་གི་ལས་བྱེད་པའི་ཁ་ལ་མ་མཉན་པར་དངུལ་སྒོར་བཏང་བའི་གནས་ཚུལ་ཐོན་འདུག

ཟླ་བ་སྔོན་མར་ཨ་རིའི་དབུས་གཞུང་གིས་གོ་ཝེན་གུའི་འཛིན་བཟུང་བྱས་ཤིང་། ཁོ་པས་GTV་བརྙན་འཕྲིན་ཁང་འཛུགས་ཀྱི་ཡོད་ཅེས་རྗེས་འབྲང་བ་ཚོའི་ལག་ནས་ཨ་སྒོར་དུང་ཕྱུར་མང་པོ་བསླུས་ཏེ་ནེའུ་འཇར་སི་མངའ་སྡེར་ཨ་སྒོར་ས་ཡ་༢༦་གི་ཁང་པ་ཉོས། ཨ་སྒོར་ས་ཡ་༣༧་ལྷག་གི་རིན་འབབ་ཀྱི་གྲུ་གཟིངས་དང་ཨ་སྒོར་ས་ཡ་༤་དང་འབུམ་༤་ཡི་རླངས་འཁོར་ཉོས་ནས་རྒྱས་སྤྲས་ཀྱི་འཚོ་བར་རོལ། གོ་ཝེན་གུས་ང་ལ་ནག་ཉེས་མེད་ཅེས་ནེའུ་ཡོག་གྲོང་ཁྱེར་གྱི་མན་ཧན་ཊན་དབུས་ཁྲིམས་ཁང་དུ་དག་སྐྱེལ་བྱས། ཁོ་པའི་རྗེས་འབྲང་བ་ཚོར་ཚོང་ལས་ཀྱི་ཁེ་སང་རག་རྒྱུ་ལྟ་ཞོག ཐ་ན་GTV་བརྙན་འཕྲིན་ཁང་ལ་དངུལ་སྒོར་བཙུགས་པའི་མ་རྩ་ཡང་ཕྱིར་ཡོང་མེད་པར་གྱུར། ད་ལྟ་མི་ཁག་ཅིག་གིས་རང་ཉིད་གོ་ཝེན་གུའི་མགོ་སྐོར་འོག་ཏུ་ཇི་ལྟར་ཚུད་པ་རྣམས་ཨ་རིའི་དབུས་གཞུང་གི་ལས་སྣེ་ཚོར་བཤད་ནས་མཉམ་རོགས་སུ་འབུངས། གོ་ཝེན་གུས་རྒྱ་ནག་གི་སྲོལ་རྒྱུན་གྱི་ཆས་གོས་དང་ནུབ་ཆས་གྱོན་ནས་ཚོང་པ་ཕྱུག་བདག་ཅིག་ཅིག་རྫུ་བག་བསྟན།།

རྒྱ་མོ་ལིའུ་ཡིས་ང་ལ་ཆབ་སྲིད་ཀྱི་ཉམས་མྱོང་མེད། ཡིན་ནའང་གོ་ཝེན་གུའི་ནི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་སློབ་སྟོན་པ་ཟུར་པ་སི་ཊིབ་བྷེ་ནན་གྱི་གྲོགས་པོ་རེད། དེར་བརྟེན་ང་གོ་ཝེན་གུའི་ལ་ཡིད་ཆེས་བྱུང་སོང་ཟེར། སི་ཊིབ་བྷེ་ནན་གྱིས་གཡོ་ཁྲམ་བྱས་ནས་༢༠༢༠་ལོའི་ཕྱི་ཟླ་༨་པར་འཛིན་བཟུང་བྱུང་། སྲིད་འཛིན་ཌོ་ནལ་ཊམ་འཕོ་འགྱུར་འགྲོ་ཁ་དེར་སི་ཊིབ་བྷེ་ནན་ལ་ཉེས་ཡངས་ཐོབ། རྒྱ་མོ་ལིའུ་ཡིས་ངས་༢༠༡༩་ནས་གོ་ཝེན་གུའི་ཡུ་ཊུབ་བརྙན་འཕྲིན་ཁག་ཉན་མགོ་བརྩམས་པ་ཡིན། ཁོ་པས་ཧོང་ཀོང་ལ་ཟིང་འཁྲུག་ལང་གི་རེད་ཅེས་ཉེན་བརྡ་བཏང་སོང་། ང་ལོ་དེའི་ཕྱི་ཟླ་༨་པར་ཧོང་ཀོང་ལ་འགྲོ་འཆར་ཡོད་པ་ཕྱིར་འཐེན་བྱས་པ་དང་ཧོང་ཀོང་གི་ཟིང་འཁྲུག་མཐོང་བའི་རྗེས་སུ་གོ་ཝེན་གུའི་སྐད་ཆར་མཉན་པ་སྟབས་ལེགས་འདུག་དྲན་བྱུང་། ངས་གོ་ཝེན་གུའི་ཡི་བརྙན་འཕྲིན་ཁང་ལ་མ་རྩ་བཙུགས་ཏེ་ཁེ་སང་ཐོབ་པ་དེས་ཁང་པའི་བུ་ལོན་མྱུར་དུ་འཇལ་ཐུབ་རྒྱུའི་རེ་བ་བཅངས་མོད། འོན་ཀྱང་ང་ལ་དཔལ་འབྱོར་གྱི་གྱོད་གུད་ཕོག་ནས་གཉིད་ཐེབས་ཆག་པ་དང་ཁྲག་ཤེད་འཕར། མཐར་བཟའ་ཚང་ཡང་མ་འཆམ་པར་གྱུར་སོང་ཞེས་བཤད།།

རྒྱ་མོ་ལིའུ་ཡིས་མུ་མཐུད་དུ་གསར་འགོད་པར་གླེང་མོལ་བྱས་པ་ལྟར་ན། མི་ཚང་མས་གོ་ཝེན་གུས་འཛུགས་འཆར་ཡོད་པའི་རྒྱ་སྐད་ཀྱི་GTV་བརྙན་འཕྲིན་ཁང་ལ་མ་རྩ་བཙུགས་ན་ཁེ་སང་ཆེན་པོ་ཐོབ་ས་རེད་ཅེས་ཕན་ཚུན་སྐུལ་ལྕག་བཏང་ནས་སྤྲོ་བ་འཕེལ། མི་ཐམས་ཅད་ཀྱིས་དེ་ལ་ཡིད་ཆེས་བྱེད་ཀྱི་ཡོད་པས་ང་ཡང་དེ་ལ་ཡིད་ཆེས་བྱུང་སོང་། ངས་དངུལ་སྒོར་མ་རྩ་བཙུགས་པའི་བྱུང་འཛིན་སྤྲོད་རོགས་ཞེས་འབོད་སྐུལ་ཞུས་པ་དང་ཕྱིས་སུ་མ་རྩ་ཕྱིར་སློག་བྱོས་ཞེས་བཤད་ཀྱང་ཡ་ལན་མ་བྱུང་། མ་རྩ་འཛུགས་མཁན་གཞན་རྣམས་ལའང་བློ་འཚབ་གཅིག་མཚུངས་ཤིག་ཡོང་གི་འདུག སྐབས་དེའི་འཐབ་རྩོད་དང་ཁོར་ཡུག་ནི་རིག་གནས་གསར་བརྗེའི་དུས་སྐབས་ལྟ་བུ་ཞིག་རེད། ང་ལ་སྣ་སུན་ཆེན་པོ་ཕོག་བྱུང་ཞེས་བསྟན། གོ་ཝེན་གུས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་སྐྱོན་བརྗོད་དང་དེ་དག་གི་ལྐོག་ཟ་རུལ་སུངས་ཐེར་འདོན་བྱས་ནས་ཕྱི་ལོགས་ཀྱི་རྒྱ་ནག་པའི་སྤྱི་ཚོགས་སུ་དཔའ་བོ་ལྟ་བུ་ཞིག་ཏུ་བརྩིས།།

རྒྱ་ནག་གི་ཧེ་ནན་གླིང་ཕྲན་གྱི་སྐྱེས་པ་ལོ་ན་༣༥་ལ་སོན་ལ་པའི་འཕྲུལ་རིག་ལག་རྩལ་བ་ཙུག་རུའི་ཧྥང་གིས་༢༠༡༧་ནས་གོ་ཝེན་གུའི་གཏམ་བཤད་ལ་མཉན། ཁོ་པས་རྒྱ་ནག་ལ་འཛིན་པའི་ལྟ་བ་གོ་ཝེན་གུའི་གཏམ་བཤད་ཀྱིས་བསྒྱུར། ཙུག་རུའི་ཧྥང་གིས་ང་སློབ་ཆེན་གྱི་སློབ་ཕྲུག་ཅིག་ཡིན་པས་ཨ་རིའི་ལོ་རྒྱུས་དང་ཆབ་སྲིད་ཀྱི་དཔེ་དེབ་རྣམས་བཀླགས། ང་ཨ་རིའི་དམངས་གཙོའི་ལམ་ལུགས་ལ་ཡིད་སྨོན་ཤོར། ང་ནི་གོ་ཝེན་གུའི་སྙིང་སྟོབས་ལ་ཧ་ལས་སོང་། ངས་ཁོ་པ་རྒྱ་ནག་དམངས་གཙོར་སྒྱུར་མཁན་ཞིག་ཏུ་འགྱུར་རྒྱུ་རེད་བསམས། ངས་རྒྱ་ནག་དམར་ཤོག་ཚོགས་པར་འཐབ་རྒོལ་བྱེད་མི་ཐུབ་ཀྱང་གོ་ཝེན་གུའི་ལ་དངུལ་སྒོར་ཞིག་ཞལ་འདེབས་སྤྲོད་དགོས་ཀྱི་འདུག་བསམས་ནས་ཨ་སྒོར་༦༠༠༠་སྤྲད་པ་ཡིན། ཁོ་པས་ལྟ་བ་མི་མཐུན་པ་ཚོར་ཁྱད་གསོད་དང་དམའ་འབེབས། སྡིགས་ར་བསྐུལ་བར་ང་དགའ་མོས་མ་བྱུང་། ངས་གོ་ཝེན་གུའི་ཚོང་ལས་ལ་དོགས་སློང་བྱས་པས་ཐོ་ཁྲ་སྒོ་བརྒྱབ་སྟེ་ང་གླེང་སྟེགས་ནས་བསྐྲད། ངས་རིན་པ་སྤྲད་ནས་མིའི་རང་གཤིས་དང་འཛམ་གླིང་ལ་རྒྱུས་ལེན་གྱི་སློབ་སྦྱོང་བྱས་པ་ཡིན། ང་ལ་ཉམས་མྱོང་ཡག་པོ་ཐོབ་སོང་ཞེས་བཀྲལ།།

ཨ་རིའི་ལོ་སི་ཨན་ཇཱི་ལི་སི་གྲོང་ཁྱེར་གྱི་རྒྱ་ནག་པ་ཁྲུ་ཞིན་ཙེ་ཞེས་པའི་དོས་སྐྱེལ་རླངས་འཁོར་ཁ་ལོ་བ་ཞིག་གིས་ཨ་སྒོར་འབུམ་༢་གོ་ཝན་གུའི་བརྙན་འཕྲིན་ཁང་ལ་མ་རྩ་བཙུགས། ཁོ་པས་ངས་དངུལ་སྒོར་དེ་རྣམས་རྒྱ་ནག་ལ་དམངས་གཙོ་དར་སྤེལ་གཏོང་བར་འགྲོ་གྲོན་གཏོང་མ་ཐུབ་པར་མི་ཁྲམ་པ་ཞིག་གི་ལག་ཏུ་ཤོར་བར་ངོ་ཚ་ཡི་འདུག ང་ཚོས་དམངས་གཙོའི་དོན་དུ་འཐབ་རྩོད་བྱེད་དགོས་ཀྱི་རེད། ཡིན་ནའང་རྒྱ་ནག་དམར་ཤོག་ཚོགས་པའི་ཤུལ་དེར་གོ་ཝེན་གུའི་ལྟ་བའི་ཇག་ཚོགས་ཤིག་ཡོང་ན་ཁེ་ཕན་ཅི་འདུག་ཅེས་དྲིས། ཨུ་རུ་སུའི་ནོ་ཝོ་སི་བྷིར་སི་ཀི་གྲོང་ཁྱེར་དུ་གནས་འཁོད་རྒྱ་ནག་གི་ཚོང་པ་ལི་ཧྲེང་ཧྭ་ཞེས་པ་ཞིག་གིས་ང་ཚོར་གོ་ཝེན་གུའི་རྒྱ་སྐད་བརྙན་འཕྲིན་ཁང་ལ་མ་རྩ་ཚུགས་ཞེས་ཆུ་ཚོད་མང་པོར་ཁ་པར་བཟུང་ནས་སྒུག་བཅུག་སོང་། མི་ཁག་ཅིག་གིས་གོ་སྐབས་འཆོར་རྒྱུ་རེད་ཅེས་སེམས་ཁྲལ་བྱེད་ཀྱི་འདུག ངས་གོ་ཝེན་གུའི་སྐད་ཆར་མཉན་མ་ཐག་ཏུ་མི་དེ་ཁྲམ་པ་ཞིག་ཡིན་པ་ཤེས་བྱུང་། ཁོའི་སྐད་ཆའི་ནང་དུ་བདེན་པ་ཚིག་གཅིག་མེད་པར་སྣང་ཞེས་བཤད།།

གོ་ཝེན་གུས་ང་ནི་སྔོན་ཆད་རྒྱ་ནག་དམར་ཤོག་ཚོགས་པའི་ནང་འཁོར་ཞིག་ཡིན། ཕྱིས་སུ་སྲིད་དོན་གྱི་ལྟ་བ་མ་མཐུན་པར་༢༠༡༤་ལོར་ཕྱི་རྒྱལ་ལ་མ་བྲོས་གོང་དུ་རྒྱ་ནག་ཏུ་ས་ཁང་ཚོང་ལས་གཉེར། ངས་ཞིས་ཅིན་ཕིང་གི་ལྐོག་ཟ་རུལ་སུངས་ཀྱི་ལས་འགུལ་ལ་ངོ་རྒོལ་བྱས་ནས་ཨ་མི་རི་ཀར་སྲིད་དོན་སྐྱབས་བཅོལ་ཞུས་པ་ཡིན་ཞེས་བསྒྲགས། ཁོ་པས་ཆུ་ཚོད་མང་པོར་ཡུ་ཊུབ་དྲྭ་ལམ་དུ་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པའི་ངན་མཚང་བརྡོལ། ༢༠༡༧་ལོའི་ཕྱི་ཟླ་༥་པར་རྒྱ་ནག་གི་གསང་ཉུལ་ཚོ་ཨ་རིར་ཡོང་སྟེ་གོ་ཝེན་གུའི་ལ་ཐུག་ནས་རང་ཡུལ་དུ་ཁྲིད་ཐབས་ཀྱང་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ཀྱི་ལས་སྣེ་ཚོས་བཀག རྒྱ་གཞུང་གིས་གོ་ཝེན་གུའི་རང་ཡུལ་དུ་ཁྲིད་ནས་ཁ་འགོག་ཐབས་བྱས་པར་གྲུབ་འབྲས་མ་སོན། མི་ཁག་ཅིག་གིས་གོ་ཝེན་གུས་བདེན་པ་བཤད་ཀྱི་འདུག་ཅེས་ཡིད་ཆེས་ཆེ་རུ་སོང་། རྒྱ་ནག་གཞུང་གིས་གོ་ཝེན་གུའི་ནི་སྙན་གྲགས་ཐོབ་འདོད་གྱི་ཉེས་ཅན་ཞིག་རེད། ཁོ་པས་ལྐོག་ཟ་དང་མི་བཙན་ཁྲིད། གཡོ་ཁྲམ་བྱས་པ་རེད་ཅེས་ནག་ཉེས་བཙུགས།།

༢༠༡༩་ལོར་ཧོང་ཀོང་ལ་དམངས་གཙོའི་ལས་འགུལ་ལངས་ནས་རྒྱ་ནག་མི་དམངས་ལ་སེམས་འགུལ་ཐེབས། ཙུག་རུའི་ཧྥང་ལྟ་བུའི་རྗེས་འབྲང་བ་ཚོས་གོ་ཝན་གུས་བཙུགས་པའི་ཁྲིམས་ཀྱིས་སྐྱོང་བའི་ཐེབས་རྩ་ཁང་དང་ཁྲིམས་ཀྱིས་སྐྱོང་བའི་སྤྱི་ཚོགས་ཞེས་པའི་ཚོགས་པ་གཉིས་ལ་དངུལ་སྒོར་ཞལ་འདེབས་སྤྲད། གོ་ཝེན་གུས་དངུལ་སྒོར་འདུ་འགོད་བྱས་པ་རྣམས་རྒྱ་གཞུང་ལ་ངོ་རྒོལ་དང་རྒྱ་ནག་དམར་ཤོག་ཚོགས་པར་འཐབ་རྒོལ་གྱི་ལས་འགུལ་ཁག་ལ་འགྲོ་གྲོན་གཏོང་རྒྱུ་ཡིན་ཞེས་ཁས་བླངས། དུས་ཡུན་ཟླ་བ་༢་ཀྱི་ནང་ཚུད་དུ་གོ་ཝེན་གུའི་རྗེས་འབྲང་བ་ཚོས་ཨ་སྒོར་དུང་ཕྱུར་༤༥༢་ཞལ་འདེབས་སྤྲད། མི་༥༥༠༠་ལྷག་གིས་གོ་ཝེན་གུའི་རྒྱ་སྐད་ཀྱི་GTV་བརྙན་འཕྲིན་ཁང་ལ་མ་རྩ་བཙུགས་འདུག་ཅེས་ཨ་རིའི་དབུས་ཁྲིམས་ཁང་གི་ཡིག་ཆའི་ནང་དུ་འཁོད། ཅི་སྟེ་གོ་ཝེན་གུའི་ལ་བཙུགས་པའི་ནག་ཉེས་རྣམས་ཁྲིམས་ཐོག་ཏུ་ཁུངས་སྐྱེལ་ཐུབ་ན་ཉུང་མཐའ་ཡང་ལོ་བཅུ་ཕྲག་འགའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་སྲིད་ཅེས་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་འདུག

XS
SM
MD
LG